དངོས་ལུགས་བང་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་ཐོག་མར་དངོས་ལུགས་བང་རིམ་གྱི་རྩ་བའི་སྤྱི་དོན་འགའ་དང་། གཞི་གྲངས་འཕྲིན་གཏོང་གི་སྤྱི་དོན་གལ་ཆེན་འགའ། དེ་ནས་འཕྲིན་ལམ་བསྐྱར་སྤྱོད་ཀྱི་ལག་རྩལ་དུ་མ་དང་། གྲངས་ཀ་སྐྱེལ་འདྲེན་མ་ལག་སོགས་རིམ་བཞིན་ངོ་སྤྲོད་དང་བགྲོ་གླེང་བྱས་ཏེ། མཐའ་མར་ཐགས་ཡངས་ཡར་སྦྲེལ་ལག་རྩལ་ངོ་སྤྲོད་བྱས་ཏེ་མཇུག་སྒྲིལ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
物理层
ཕྱི་ཡིག་གི་མིང་།
Physical Layer
1 གཞི་རྩའི་ཐ་སྙད།

ཐོག་མར་རྩིས་འཁོར་སྣ་ཚོགས་མཐུད་ཅིང་སྦྲེལ་བར་བྱེད་པའི་སྨྱན་གཟུགས་སུ་གཞི་གྲངས་ཀྱི་པེ་ཐེ་རྒྱུན་ཇི་ལྟར་སྐྱེལ་འདྲེན་བྱེད་པ་ནི་དངོས་ལུགས་བང་རིམ་གྱི་བརྗོད་བྱ་ཡིན་ལ། མིག་སྔའི་རྩིས་འཁོར་དྲ་རྒྱའི་སྲ་ཆས་དང་སྐྱེལ་འདྲེན་སྨྱན་གཟུགས་སོགས་ལ་རིགས་ཤིན་ཏུ་མང་ཞིང་། འཕྲིན་གཏོང་ཐབས་ལམ་གྱི་རྣམ་པའམ་དུ་མ་ཡོད་པས། དངོས་ལུགས་བང་རིམ་གྱིས་དེ་དག་གི་ཁྱད་ཆོས་མི་འདྲ་ས་ཡོངས་སུ་སྒྲིབ་ནས། སྦྲེལ་ལམ་བང་རིམ་གྱིས་རྟོགས་ཚོར་མི་འབྱུང་བ་བྱེད་དགོས། དེ་བས་གཞི་གྲངས་ཀྱི་སྦྲེལ་ལམ་བང་རིམ་གྱིས་དེ་ཉིད་དུ་ཡོད་པའི་གྲོས་མཐུན་དང་ཞབས་ཞུ་ལས། དྲ་རྒྱ་རུ་སྤྱོད་པའི་སྐྱེལ་འདྲེན་སྨྱན་གཟུགས་གང་ཡིན་སོགས་ལ་བསམ་བློ་གཏོང་མི་དགོས།

དངོས་ལུགས་བང་རིམ་གྱི་ལས་འགན་གཙོ་བོ་ནི་སྐྱེལ་འདྲེན་སྨྱན་གཟུགས་ཀྱི་མཐུད་ཁ་དང་འབྲེལ་བའི་ཁྱད་གཤིས་འགས་གསལ་བོར་བརྗོད་པ་ཡིན།

(1)འཕྲུལ་ཆས་ཁྱད་གཤིས། སྐུད་ལམ་མཐུད་ཆས་ཀྱི་དབྱིབས་དང་ཆེ་ཆུང་། མཆན་འགྲེལ་གྱི་ཁ་གྲངས་དང་བསྟར་ཚུལ། སྡོམ་བྱེད་སོགས་གསལ་བཤད་བྱེད་པ་ཡིན་ལ། རྒྱུན་དུ་མཐོང་བའི་མཐུད་སྦྱོར་བྱེད་ཆས་རིགས་སྣ་ཇི་སྙེད་པ་ཐམས་ཅད་ལ་ཚད་ལྡན་གྱི་གཏན་འཁེལ་ཡོད་པ་ལྟ་བུ།

(2)གློག་ཆས་ཁྱད་གཤིས། མཐུད་ཁའི་སྐུད་ཆུན་གྱི་སྐུད་ལམ་རེ་རེའི་སྟེང་དུ་འབྱུང་བའི་གློག་གནོན་གྱི་ཆེ་ཆུང་གསལ་བོར་སྟོན་པ།

(3)བྱེད་ནུས་ཁྱད་གཤིས། སྐུད་ལམ་དུ་འབྱུང་བའི་གློག་གནོན་ཚད་ག་གེ་མོའི་དོན་ཅི་ཞིག་སྟོན་པ་གསལ་བཤད་བྱེད་པ།

(4)བརྒྱུད་རིམ་ཁྱད་གཤིས། བྱེད་ནུས་མི་འདྲ་ཞིང་འབྱུང་ངེས་པའི་ལས་རྐྱེན་གྱི་བྱུང་རིམ་གསལ་བཤད་བྱེད་པ།

ང་ཚོས་ཤེས་གསལ་ལྟར། གཞི་གྲངས་གང་ཞིག་རྩིས་འཁོར་ནང་རོལ་དུ་མཉམ་འགྲོས་ཚུལ་གྱིས་སྐྱེལ་འདྲེན་བྱེད་པ་དང་། འཕྲིན་གཏོང་སྐུད་ལམ་དུ་ཕྲེང་འདྲེན་ཚུལ་གྱིས་སྐྱེལ་གཏོང་བྱེད་པས། དངོས་ལུགས་བང་རིམ་གྱིས་གཞི་གྲངས་ཀྱི་སྐྱེལ་འདྲེན་རྣམ་པ་དེ་གཉིས་ཕན་ཚུན་དུ་བརྗེ་བསྒྱུར་ཡང་བྱེད་ཐུབ་དགོས།

དངོས་ལུགས་གྱི་སྦྲེལ་མཐུད་རྣམ་པ་མང་ཞིང་སྐྱེལ་འདྲེན་སྨྱན་གཟུགས་ཀྱི་རིགས་ཕུན་སུམ་ཚོགས་པས་དངོས་ལུགས་བང་རིམ་གྱི་གྲོས་མཐུན་ཡང་ཤིན་ཏུ་མང་། དེ་བས་དངོས་ལུགས་བང་རིམ་སློབ་སྦྱོང་བྱེད་སྐབས་རྩ་བའི་སྤྱི་དོན་ལ་གོ་རྟོག་བྱེད་པ་དེ་གནད་དུ་འཛིན་དགོས་སོ།།

2 གཞི་གྲངས་འཕྲིན་གཏོང་།
2_1 དཔེ་དབྱིབས།

གཤམ་དུ་དཔེར་བརྗོད་སྟབས་བདེ་ཞིག་ལས་གཞི་གྲངས་འཕྲིན་གཏོང་རྒྱུད་ཁོངས་ཀྱི་དཔེ་དབྱིབས་གསལ་བཤད་བྱ་སྟེ། དཔེར་བརྗོད་དུ། རྩིས་འཁོར་གཉིས་སྤྱིར་བཏང་ཁ་པར་གྱི་མཐུད་སྐུད་ཅིག་གིས་སྦྲེལ་ཞིང་། དེ་གཉིས་ཀྱིས་སྤྱི་སྤྱོད་ཁ་པར་དྲ་རྒྱ་ལས་ཕན་ཚུན་འཕྲིན་གཏོང་བྱེད་པ་ཡིན།

གཞི་གྲངས་འཕྲིན་གཏོང་རྒྱུད་ཁུངས་ཤིག་འབྱུང་ཁུངས་དང་སྐྱེལ་འདྲེན། དམིགས་ཡུལ་བཅས་ཁག་གསུམ་དུ་བགར་ཡོད་པ་དཔེ་རིས1-1ཡིས་མཚོན་ཡོད།

1.jpg

དཔེ་རིས1-1 གཞི་གྲངས་འཕྲིན་གཏོང་རྒྱུད་ཁོངས་ཀྱི་དཔེ་དབྱིབས།

འབྱུང་སའི་རྒྱུད་ཁོངས་དེ་གྲུབ་ཆ་གཉིས་སུ་བགར་ཡོད་དེ།

ཁུངས་ཚེག ཁུངས་ཚེག་ལས་སྐྱེལ་བྱའི་གཞི་གྲངས་ཐོན་པ་དཔེར་ན། རྩིས་འཁོར་གྱི་མཐེབ་གཞོང་དུ་རྒྱ་ཡིག་གཏགས་པ་ན། རྩིས་འཁོར་ལས་གྲངས་ཀའི་པེ་ཐེ་རྒྱུན་འབྱུང་བ་ལྟ་བུ། ཁུངས་ཚེག་ལ་འབྱུང་ཚིགས་སམ་འཕྲིན་ཁུངས་ཀྱང་ཟེར།

སྐྱེལ་ཆས། ཁུངས་ཚེག་ལས་ཐོན་པའི་གྲངས་ཀའི་པེ་ཐེ་རྒྱུན་དེ་སྐྱེལ་ཆས་ཀྱིས་རྟགས་སུ་བཀོད་རྗེས་ད་གཟོད་སྐྱེལ་འདྲེན་མ་ལག་ཏུ་བརྒྱུད་ཐུབ། དཔེ་མཚོན་རང་བཞིན་ཅན་གྱི་སྐྱེལ་ཆས་ནི་སྙོམ་སྒྲིག་བྱེད་ཆས་ཡིན་ལ། མིག་སྔར་བྱེད་ཆས་དེ་ཉིད་རྩིས་འཁོར་གྱི་ནང་རོལ་དུ་བཅུག་ཡོད་པས་ཕྱི་ནས་མཐོང་མི་ཐུབ།

དམིགས་སའི་རྒྱུད་ཁོངས་ལའང་གྲུབ་ཆ་གཉིས་ཏེ།

བསྡུ་ལེན་ཆས། སྐྱེལ་འདྲེན་རྒྱུད་ཁོངས་ལས་ཐོན་པའི་བརྡ་འཕྲིན་དེ་བསྡུ་ལེན་བྱས་ཏེ་དེ་ཉིད་དམིགས་ཡུལ་བྱེད་ཆས་ཀྱིས་ལས་སྣོན་བྱེད་ཐུབ་པའི་ཆ་འཕྲིན་དུ་བསྒྱུར་དགོས། དཔེ་མཚོན་དུ་འཇོག་པའི་འགྲོལ་ཆས་ཅེས་པ་དེས་སྐྱེལ་འདྲེན་སྐུད་ལམ་ནས་ཐོན་པའི་ལད་ཟློས་བརྡ་འཕྲིན་ལས་སྐྱེལ་གཏོང་ཕྱོགས་ཀྱི་བརྡ་འཕྲིན་བཀྲོལ་ཞིང་གྲངས་ཀའི་པེ་ཐེ་རྒྱུན་དུ་བསྒྱུར་བ་ཡིན།

རྫོགས་གནས། རྫོགས་གནས་ཀྱིས་བསྡུ་ལེན་བྱེད་ཆས་ལས་ཐོན་པའི་གྲངས་ཀའི་པེ་ཐེ་རྒྱུན་གྱི་བརྡ་འཕྲིན་དེ་མངོན་པར་འཆར་བར་བྱེད་པ་ཡིན། རྫོགས་གནས་ལ་དམིགས་ཡུལ་ས་ཚིགས་སམ་འཕྲིན་ལམ་ཡང་ཟེར།

འབྱུང་ས་དང་དམིགས་ས་རྒྱུད་ཁོངས་གཉིས་བར་གྱི་སྐྱེལ་འདྲེན་རྒྱུད་ཁོངས་ནི་སྟབས་བདེའི་སྐུད་ལམ་ཡིན་སྲིད་ལ། རྙོག་འཛིང་ཆེ་བའི་དྲ་རྒྱ་ཡང་ཡིན་སྲིད།

དཔེ་རིས1-1ཡིས་མཚོན་པའི་གཞི་གྲངས་ཀྱི་སྐྱེལ་འདྲེན་རྒྱུད་ཁོངས་དེ་རྩིས་འཁོར་དྲ་རྒྱ་ཞིག་རེད་ཅེས་བཤད་ཆོག་ལ། འདིར་གཞི་གྲངས་སྐྱེལ་འདྲེན་རྒྱུད་ཁོངས་ཞེས་བརྗོད་དོན་ནི་འཕྲིན་གཏོང་གི་ཆ་ནས་ངོ་སྤྲོད་བྱེད་བདེ་བའི་ཆེད་དུ་ཡིན།

གཤམ་དུ་ནམ་རྒྱུན་བཀོལ་སྤྱོད་བྱེད་བཞིན་པའི་ཐ་སྙད་འགའ་ངོ་སྤྲོད་བྱེད།

འཕྲིན་གཏོང་གི་དམིགས་ཡུལ་ནི་བརྡ་འཕྲིན་སྐྱེལ་གཏོང་བྱེད་པ་ཡིན་ལ། སྐད་དང་ཡི་གེ རི་མོ་ལ་སོགས་ཐམས་ཅད་བརྡ་འཕྲིན་ཡིན། གཞི་གྲངས་ཞེས་པ་ནི་བརྡ་འཕྲིན་སྐྱེལ་གཏོང་གི་བྱ་བའི་ཡུལ་དེ་ཡིན། བརྡ་རྟགས་ནི་གློག་གམ་གློག་སྡུད་དུ་སྣང་བའི་གཞི་གྲངས་ཀྱི་རྣམ་པ་ཡིན།

བརྡ་འཕྲིན་མཚོན་བྱེད་ཀྱི་ཞུགས་གྲངས་དག་གི་གྲངས་ཚད་རྣམ་པ་མི་འདྲ་བས། བརྡ་རྟགས་རིགས་གཉིས་སུ་བགར་ཡོད་དེ།

(1)ལད་ཟློས་བརྡ་རྟགས་སམ་མུ་འབྲེལ་བརྡ་རྟགས། བརྡ་འཕྲིན་མཚོན་བྱེད་ཀྱི་ཞུགས་གྲངས་དག་གི་གྲངས་ཚད་མུ་འབྲེལ་བ་སྟེ་བར་ཆད་མེད་པ།

(2)གྲངས་ཀའི་བརྡ་རྟགས་སམ་སིལ་མའི་བརྡ་རྟགས། བརྡ་འཕྲིན་མཚོན་བྱེད་ཀྱི་ཞུགས་གྲངས་དག་གི་གྲངས་ཚད་ནི་སིལ་མའི་རང་བཞིན་སྟེ་མུ་མི་འབྲེལ་བ།

2_2 འཕྲིན་ལམ་དང་འབྲེལ་བའི་དོན་སྤྱི།

འཕྲིན་ལམ་དང་གློག་ལམ་གཉིས་མི་འདྲ་སྟེ།འཕྲིན་ལམ་ནི་ཕྱོགས་ག་གེ་མོར་བརྡ་འཕྲིན་སྐྱེལ་གཏོང་བྱེད་པའི་སྨྱན་གཟུགས་ལ་གོ་དགོས། དེ་བས་འཕྲིན་གཏོང་གློག་ལམ་ཞིག་ཏུ་སྐྱེལ་གཏོང་དང་བསྡུ་ལེན་ལ་སྤྱོད་པའི་འཕྲིན་ལམ་གཉིས་འདུ་ཡོད་པ་ཤེས་དགོས།

ཕྱོགས་གཉིས་ཀྱིས་བརྡ་འཕྲིན་བརྗེ་རེས་བྱེད་པའི་རྣམ་པ་ལས་འཕྲིན་གཏོང་ལ་རིགས་གསུམ་དུ་བགར་ཡོད།

(1)ཕྱོགས་གཅིག་འཕྲིན་གཏོང་། ཁེར་ལས་འཕྲིན་གཏོང་ཡང་ཟེར་ཏེ། ཕྱོགས་གཅིག་ཏུ་འཕྲིན་གཏོང་བྱེད་པ་ལས་ལྡོག་ཕྱོགས་སུ་འཕྲིན་མི་གཏོང་བ། དཔེར་ན། སྐུད་མེད་རྒྱང་བསྒྲགས་སམ་སྐུད་ལྡན་རྒྱང་བསྒྲགས། བརྙན་འཕྲིན་རྒྱང་བསྒྲགས།

(2)ཕྱོགས་གཉིས་བརྗེ་རེས་འཕྲིན་གཏོང་། མཉམ་ལས་ཕྱེད་མའི་འཕྲིན་གཏོང་ཡང་ཟེར་ཏེ། འཕྲིན་གཏོང་གི་ཕྱོགས་གཉིས་པོས་ཕན་ཚུན་ལ་བརྡ་འཕྲིན་སྐྱེལ་ཆོག་པ་ཡིན།

(3)ཕྱོགས་གཉིས་དུས་གཅིག་འཕྲིན་གཏོང་། མཉམ་ལས་འཕྲིན་གཏོང་ཡང་ཟེར་ཏེ། དུས་གཅིག་ཏུ་ཕྱོགས་གཉིས་ཀྱི་ཕ་རོལ་དུ་བརྡ་འཕྲིན་སྐྱེལ་གཏོང་ཆོག་པ།

དེ་བས་ཕྱོགས་གཅིག་འཕྲིན་གཏོང་ལ་འཕྲིན་ལམ་གཅིག་དང་རྗེས་མ་གཉིས་ལ་འཕྲིན་ལམ་གཉིས་རེ་ཡོད་དགོས། དེ་དག་ལ་ཕྱོགས་གཉིས་དུས་གཅིག་འཕྲིན་གཏོང་གི་ནུས་ཕྱོད་ཤིན་ཏུ་ཆེ་བ་ཡིན།

འོན་ཀྱང་མི་ལ་ལས་ཕྱོགས་གཉིས་བརྗེ་རེས་འཕྲིན་གཏོང་ལ་ཁེར་ལས་ཞེས་བརྗོད་པའང་ཡོད་པས་མ་ནོར་བར་གྱིས།

འཕྲིན་ཁུངས་ལས་ཐོན་པའི་བརྡ་འཕྲིན་ལ་རྨང་ཐགས་བརྡ་རྟགས་ཟེར་ཏེ། དཔེར་ན། རྩིས་འཁོར་ལས་ཐོན་པའི་ཡི་གེའམ་རི་མོའི་ཡིག་ཚགས་མཚོན་བྱེད་ཀྱི་གཞི་གྲངས་ཀྱི་བརྡ་རྟགས་ལྟ་བུ། རྨང་ཐགས་བརྡ་རྟགས་སུ་ཟློས་དམན་གྱི་ཆ་མང་བས། འཕྲིན་ལམ་མང་ཆེ་བར་ཐད་ཀར་བརྒྱུད་གཏོང་བྱེད་མི་ཐུབ། དེ་བས་ངེས་པར་དུ་རྨང་ཐགས་བརྡ་རྟགས་ལ་སྙོམ་སྒྲིག་བྱེད་དགོས།

སྙོམ་སྒྲིག་ལ་རིགས་གཉིས་ཡོད་པ་ལས། རྨང་ཐགས་སྙོམ་སྒྲིག་ཅེས་པ་ནི། རྨང་ཐགས་བརྡ་རྟགས་ཀྱི་རླབས་དབྱིབས་དེ་ཉིད་འཕྲིན་ལམ་གྱི་ཁྱད་གཤིས་དང་མཐུན་པའི་དབྱིབས་གཞན་དུ་བརྗེ་བསྒྱུར་བྱེད་པ་ལ་ཟེར་པ་དང་། ཐགས་བརྒྱུད་སྙོམ་སྒྲིག་ཅེས་པ་ནི། རྨང་ཐགས་བརྡ་རྟགས་ཀྱི་ཟློས་ཕྱོད་བར་མཚམས་དེ་ཐེགས་རླབས་ཀྱི་མཐོ་རིམ་ཟློས་ཁུལ་དུ་བཏེགས་ཏེ་འཕྲིན་ལམ་དུ་བརྒྱུད་གཏོང་བྱེད་པ་ལ་ཟེར།

ཐགས་བརྒྱུད་སྙོམ་སྒྲིག་གི་རྩ་བའི་ཐབས་ལམ་ནི་གསུམ་སྟེ།

(1)ཁོད་སྒྲིག AMཐེགས་རླབས་ཀྱི་འདར་ཁོད་དེ་རྨང་ཐགས་གྲངས་ཀའི་བརྡ་རྟགས་དང་བསྟུན་ཏེ་འགྱུར་ལྡོག་འབྱུང་བ། དཔེར་ན། 1དང0གཉིས་སོ་སོ་ནས་ཐེགས་རླབས་ཡོད་མེད་དུ་ཁེལ་བར་བྱེད་པ་ལྟ་བུ།

(2)ཟློས་སྒྲིག FM ཐེགས་རླབས་ཀྱི་ཟློས་ཕྱོད་དེ་རྨང་ཐགས་གྲངས་ཀའི་བརྡ་རྟགས་དང་བསྟུན་ཏེ་འགྱུར་ལྡོག་འབྱུང་བ། དཔེར་ན། 0དང1སོ་སོ་ནས་ཟློས་ཕྱོདF1དངF2པ་རུ་ཁེལ་དུ་འཇུག་པ་ལྟ་བུ།

(3)མཚན་སྒྲིག PMཐེགས་རླབས་ཀྱི་ཐོག་མའི་མཚན་གནས་དེ་རྨང་ཐགས་གྲངས་ཀའི་བརྡ་རྟགས་དང་བསྟུན་ཏེ་འགྱུར་ལྡོག་འབྱུང་བ། དཔེར་ན། 0དང1གཉིས་སོ་སོ་ནས་མཚན་གནས་ཀྱི་ཏུའུ་གྲངས0དང180རུ་ཁེལ་དུ་འཇུག་པ་ལྟ་བུ།

བརྡ་འཕྲིན་སྐྱེལ་གཏོང་གི་མྱུར་ཚད་གཞི་ནས་མཐོར་འདེགས་ཡོང་ཆེད། རྒྱུ་མང་ལུགས་ཀྱིས་འདར་ཁོད་དང་མཚན་གནས་མཉམ་དུ་བསྲེས་པའི་སྙོམ་སྒྲིག་གི་ལག་རྩལ་ཁྱད་པར་བཀོལ་དགོས་ཏེ། དཔེར་ན། དྲང་སྣོལ་འདར་ཁོད་སྙོམ་སྒྲིགQAMལག་རྩལ་ལྟ་བུ།

2_3 འཕྲིན་ལམ་གྱི་ཤོང་མཐའ།

དངོས་ཡོད་ཀྱི་འཕྲིན་ལམ་ནི་མིའི་འདོད་མོས་དང་མཐུན་པ་ཞིག་མིན་པར། དེར་བརྒྱུད་པའི་བརྡ་རྟགས་ལ་ཆག་སྐྱོན་སྣ་མང་འབྱུང་བ་ཡིན་པས། ལོ་ངོ་བཅུ་ཁའི་རིང་ལ། འཕྲིན་གཏོང་ཆེད་མཁས་མང་པོས་གཞི་གྲངས་ཀྱི་སྐྱེལ་གཏོང་མྱུར་ཚད་མཐོར་འདེགས་ཀྱི་ཐབས་ལམ་འཚོལ་བཞིན་ཡོད། འོན་ཀྱང་གྲངས་ཀའི་འཕྲིན་གཏོང་ལ་མཚོན་ན། བསྡུ་ལེན་ཕྱོགས་སུ་ཐོན་པའི་རླབས་གཟུགས་ལ་ཅི་འདྲའི་ཆག་སྐྱོན་ཐེབས་ཡོད་རུང་། ང་ཚོས་དེ་ཉིད་ལས་ཐོག་མའི་བརྡ་འཕྲིན་འཁྲུལ་མེད་དུ་རྟོགས་ཐུབ་ཚེ། འཕྲིན་གཏོང་གི་ལས་ནི་ཡོངས་སུ་འགྲུབ་པ་ཡིན། དཔེར་ན། དཔེ་རིས1-2(a)ལྟ་བུ། དེ་ལས་ལྡོག་སྟེ། ཆག་སྐྱོན་གྱི་ཚབས་ཤིན་ཏུ་ཆེ་དུས། བསྡུ་ལེན་པས་རང་ཕྱོགས་སུ་འབྱོར་བའི་རྟགས་རྒྱུ་ནི1གམ0ཅི་ཡིན་པ་ངོས་འཛིན་བྱེད་མི་ཐུབ་པས་འཕྲིན་གཏོང་གི་ལས་བྱེད་མི་ཐུབ། དཔེར་ན།1-2(b)ལྟ་བུ། རྟགས་རྒྱུའི་སྐྱེལ་གཏོང་གི་མྱུར་ཚད་ཆེ་བའམ། བརྡ་འཕྲིན་སྐྱེལ་གཏོང་གི་བར་ཐག་རིང་བ། འཛར་སྒྲའི་གནོད་པ་ཆེ་བ། སྐྱེལ་གཏོང་སྨྱན་གཟུགས་ཀྱི་སྤུས་མི་དག་པ་སོགས་ཐམས་ཅད་བསྡུ་ལེན་ཕྱོགས་ཀྱི་རླབས་གཟུགས་ལ་ཆག་སྐྱོན་འབྱུང་བའི་རྒྱུ་རུ་འགྱུར་རོ།

2.jpg

དཔེ་རིས1-2 གྲངས་ཀའི་བརྡ་རྟགས་འཕྲིན་ལམ་ནས་བརྒྱུད་པ།

སྤྱི་དོན་གྱི་ཆ་ནས་བཤད་ན། འཕྲིན་ལམ་དུ་རྟགས་རྒྱུ་སྐྱེལ་གཏོང་བྱ་བའི་མྱུར་ཚད་ལ་བཀག་སྡོམ་བྱེད་པའི་རྒྱུ་རྐྱེན་ནི་གཉིས་ཏེ།

(1)འཕྲིན་ལམ་དུ་རྒྱུ་ཐུབ་པའི་ཟློས་མཚམས།

འཕྲིན་ལམ་ཞིག་ཏུ་བརྒྱུད་ཐུབ་པའི་ཟློས་མཚམས་ནི་ཚད་ངེས་ཅན་ཞིག་སྟེ། བརྡ་རྟགས་ཀྱི་ཟློས་ཕྱོད་དྲག་པའི་ཆ་ནི་འཕྲིན་ལམ་དུ་རྒྱུ་མི་ཐུབ། དཔེ་རིས1-2པའི་སྟེང་གི་སྐྱེལ་བྱའི་བརྡ་འཕྲིན་ནི་རྩ་འཕར་ནར་མོའི་དབྱིབས་སྟེ། དེར་ཟློས་ཕྱོད་དྲག་པའི་ཆ་ཤས་ཤིན་ཏུ་མང་། གལ་ཏེ་ཆ་ཤས་དེ་ཉིད་སྐྱེལ་གཏོང་བརྒྱུད་རིམ་དུ་ཉམས་དམས་སུ་སོང་བ་ན། ཕ་རོལ་བསྡུ་ལེན་ཕྱོགས་སུ་འབྱོར་བའི་རླབས་ཀྱི་སྔ་གཞུག་ནི་སྔར་ལྟར་གཟར་བོ་མིན་པར་མཇུག་མ་ཅན་དུ་འགྱུར་བས། རྟགས་རྒྱུ་ཞིག་གི་བདག་བཟུང་བྱས་པའི་དུས་ཀྱི་བར་མཚམས་ཀྱང་མག་མོག་ཏུ་སོང་ལ། རྟགས་རྒྱུའི་བར་གྱི་མཚམས་གསལ་བོར་འབྱེད་མི་ཐུབ། སྣང་ཚུལ་འདི་ལ་རྟགས་བརྒལ་བར་གནོད་ཅེས་ཟེར་ཞིང་། རྟགས་བརྒལ་བར་གནོད་ཀྱི་ཚབས་ཤིན་ཏུ་ཆེ་བ་ན་གསལ་ཆ་ལྡན་པའི་སྔར་གྱི་རྟགས་རྒྱུའི་ཕྲེང་བ་དེ་མཐར་མག་མོག་ཏུ་གྱུར་ཏེ་ངོས་འཛིན་བྱེད་མི་ཐུབ། སྤྱི་ལོ1924ལོའི་སྔ་རོལ་དུ། ནེ་ཁེ་སི་ཐེ་ཡིས་ནེ་རུས་སྒྲིག་སྲོལ་ཞེས་འདོད་མོས་ཆ་རྐྱེན་འོག་ཏུ། རྟགས་བརྒལ་བར་གནོད་མི་འབྱུང་བར་རྟགས་རྒྱུའི་སྐྱེལ་གཏོང་མྱུར་ཚད་ལ་ཡ་མཐའ་ཡོད་དགོས་པ་བསྟན་ཡོད། ང་ཚོས་ཡིད་དུ་འཛིན་དགོས་པ་ནི། འཕྲིན་ལམ་གང་ཞིག་ཏུ། རྟགས་རྒྱུ་སྐྱེལ་གཏོང་གི་མྱུར་ཚད་ལ་ཡ་མཐའ་ཡོད་དེ། དེ་ལས་བརྒལ་བ་ན། རྟགས་བརྒལ་བར་གནོད་པ་ཚབས་ཆེན་འབྱུང་ལ། བསྡུ་ལེན་ཕྱོགས་ཀྱིས་རྟགས་རྒྱུ་དེ་དག་ངོས་འཛིན་བྱེད་མི་ཐུབ།

འཕྲིན་ལམ་ཟློས་ཐགས་ཀྱི་ཞེང་ཚད་ཅི་ཙམ་གྱིས་ཆེ་ན། རྟགས་རྒྱུ་སྐྱེལ་གཏོང་གི་མྱུར་ཚད་དེ་ཙམ་གྱིས་ཆེ་རུ་བཏང་ཡང་རྟགས་བརྒལ་བར་གནོད་པ་མི་འབྱུང་།

(2)འཕྲིན་བསྡུར་འཛར་སྒྲ།

གློག་རྡུལ་ལྷུ་ཆས་དང་འཕྲིན་གཏོང་འཕྲིན་ལམ་ཅི་ཡིན་ཐམས་ཅད་དུ་འཛར་སྒྲ་ནི་སྐབས་བསྟུན་དུ་འབྱུང་ལ། དུས་ཐོག་ཏུ་བྱུང་བའི་ཚད་ཀྱང་ཧ་ཅང་མཐོ་སྲིད་པས། བསྡུ་ལེན་ཕྱོགས་ཀྱིས་རྟགས་རྒྱུ་ལ་ངོས་འཛིན་བྱེད་པར་ནོར་འཁྲུལ་སློང་ངེས་། འོན་ཀྱང་འཛར་སྒྲའི་ཤུགས་རྐྱེན་ནི་ལྟོས་འཇོག་གིས་བཤད་པ་ཡིན་ཏེ། བརྡ་འཕྲིན་དྲག་པོར་འཛར་སྒྲས་ཐེབས་པའི་ཤུགས་རྐྱེན་ཆུང་ངུར་སྣང་བ་ཡིན། འདིར་འཕྲིན་བསྡུར་འཛར་སྒྲ་ཞེས་པ་ནི་བརྡ་འཕྲིན་གྱི་ཆ་སྙོམས་རྩོལ་ཤེད་དང་འཛར་སྒྲའི་སྡུར་ཚད་ལ་ཟེར་བ་ཡིན་ཏེ། རྒྱུན་པརS/Nཡིས་མཚོན་པ་དང་། ཚད་འཇལ་བྱེད་ཀྱི་རྩིས་གཞིར་ཧྥུན་ཕེ(dB)བཀོལ་བཞིན་ཡོད།

འཕྲིན་བསྡུར་འཛར་སྒྲ(dB)=10log10(S/N)     (dB)     (1-1)

དཔེར་ན།S/N=10ཡིན་དུས།འཕྲིན་བསྡུར་འཛར་སྒྲ་ནི10dBདང་།  S/N=1000སྐབས་སུ། 30dBཡིན་པ་ལྟ་བུ།

སྤྱི་ལོ1948ལོར། ཆ་འཕྲིན་སྨྲ་བའི་སྲོལ་འབྱེད་པ་ཞ་ནོན་གྱིས་རིགས་པས་སྒྲུབ་པའི་སྤྱི་འགྲོས་ཏེ་ཞ་ནོན་སྤྱི་འགྲོས་སུ་གྲགས་པ་དེའི་བརྗོད་བྱ་ནི།

C=W log2(1+S/N)        (b/s)          (1-2)

རྩིས་གཞི་འདིའི་ནང་གིCནི་འཕྲིན་ལམ་ཞིག་གི་འཕྲིན་གཏོང་མྱུར་ཚད་ཀྱི་ཡ་མཐའ་དང་། Wནི་འཕྲིན་ལམ་གྱི་ཐགས་ཞེང་། Sནི་འཕྲིན་ལམ་དུ་རྒྱུ་བའི་བརྡ་འཕྲིན་གྱི་ཆ་སྙོམས་རྩོལ་ཤེད། Nནི་འཕྲིན་ལམ་ནང་རོལ་གྱི་གོ་སེ་འཛར་སྒྲའི་རྩོལ་ཤེད་བཅས་ཡིན།

འཕྲིན་ལམ་གྱི་ཐགས་ཞེང་ངམ་དེའི་ནང་གི་འཕྲིན་བསྡུར་འཛར་སྒྲའི་ཚད་ཇི་ལྟར་ཆེ་རུ་སོང་ན། བརྡ་འཕྲིན་སྐྱེལ་གཏོང་མྱུར་ཚད་ཀྱི་ཡ་མཐའ་དེ་བས་མཐོ་རུ་འགྲོ་བ་ནི་སྤྱི་འགྲོས་འདིའི་བསྟན་དོན་དུ་རྟོགས་དགོས་ལ། བརྡ་འཕྲིན་སྐྱེལ་གཏོང་གི་མྱུར་ཚད་དེ་འཕྲིན་ལམ་གྱི་ཡ་མཐའ་ལས་དམན་དུས། འཕྲིན་ལམ་དེའི་སྟེང་དུ་ནོར་ཆད་མེད་པའི་འཕྲིན་གཏོང་གི་ཐབས་ལམ་ཞིག་ཅི་ཡང་རྙེད་ཐུབ་པ་ནི་སྤྱི་འགྲོས་འདིའི་དོན་སྙིང་དུ་གོ་དགོས།

3 འཕྲིན་ལམ་བསྐྱར་སྤྱོད།
3_1 བསྐྱར་སྤྱོད།

བསྐྱར་སྤྱོད་ཅེས་པ་ནི་འཕྲིན་གཏོང་ལག་རྩལ་ཁྲོད་ཀྱི་རྩ་བའི་སྤྱི་དོན་ཞིག་ཡིན་ལ། རྩིས་འཁོར་དྲ་རྒྱ་ཡི་འཕྲིན་ལམ་དུ་རིགས་སྣ་མི་གཅིག་པའི་བསྐྱར་སྤྱོད་ལག་རྩལ་མང་བོ་བཀོལ་བཞིན་ཡོད།

ཟློས་བགོས་བསྐྱར་སྤྱོད་ནི་ཆེས་སྟབས་བདེའི་ལག་རྩལ་ཞིག་སྟེ། 1-3(a)ཡིས་མཚོན་པ་ཇི་བཞིན། སྤྱོད་མཁན་རྣམས་ལ་ཟློས་ཐགས་ངེས་ཅན་རེ་བགོས་སྐལ་དུ་ཐོབ་པ་ན། ཁོང་ཚོས་འཕྲིན་གཏོང་བྱ་བའི་ཐོག་མཐའ་བར་གསུམ་དུ་ཟློས་ཐགས་དེ་ཉིད་བདག་འཛིན་བྱས་ཏེ་བརྡ་འཕྲིན་སྐྱེལ་གཏོང་གི་ལས་བྱེད་པ་ཡིན། འདིར་ཐགས་ཞེས་ཅེས་པ་ནི་ཟློས་ཕྱོད་ཐགས་ཞེང་ལས་གཞི་གྲངས་སྐྱེལ་གཏོང་གི་མྱུར་ཕྱོད་ལ་གོ་བ་མིན།

དུས་བགོས་བསྐྱར་སྤྱོད་ནི་འཕྲིན་གཏོང་གི་དུས་ཡུན་དེ་ཉིད་རིང་ཐུང་གཅིག་པའི་དུས་སྐབས་མང་པོར་བགོས་སྟེ་སྤྱོད་མཁན་ལ་དུས་སྐབས་དེ་དག་རིམ་པ་བཞིན་དུ་བགོས་སྐལ་དུ་སྦྱིན་པ་ལས་འཕྲིན་ལམ་བསྐྱར་སྤྱོད་ཀྱི་ལས་བྱེད་པ་ཡིན། སྟབས་བདེའི་ཆེད་དུ། དཔེ་རིས1-3(b)རུ་སྤྱོད་མཁན་བཞི་ལས་མང་དུ་བྲིས་མེད། སྤྱོད་མཁན་ལ་ཐོབ་པའི་དུས་སྐབས་ནི་རེས་མོས་རང་བཞིན་གྱིས་འབྱུང་བ་ཡིན། དེ་བས། ཟློས་བགོས་བསྐྱར་སྤྱོད་ནི་སྤྱོད་མཁན་རྣམས་ཀྱིས་དུས་ཡུན་གཅིག་ཏུ་ཐགས་ཞེང་མི་འདྲ་བ་བདག་བཟུང་བྱེད་པ་དང་། ཅིག་ཤོས་དེས་ནི་དུས་ཡུན་མི་འདྲ་བར་ཐགས་ཞེང་གཅིག་འདྲ་བདག་བཟུང་བྱེད་པ་ཡིན། འཕྲིན་ལམ་བསྐྱར་སྤྱོད་ཀྱི་ལག་རྩལ་འདི་གཉིས་ཤིན་ཏུ་བཟང་ཡང་བབ་བསྟུན་གྱི་ནུས་པ་ཅུང་ཞན་པ་ཡིན། དེ་བས་གྲངས་ཀའི་བརྡ་འཕྲིན་སྐྱེལ་གཏོང་དུ་དུས་བགོས་བསྐྱར་སྤྱོད་ཀྱི་ལག་རྩལ་སྤྱོད་པ་ཡིན།

3.jpg

དཔེ་རིས1-3 ཟློས་བགོས་བསྐྱར་སྤྱོདAདང་དུས་བགོས་བསྐྱར་སྤྱོདb

ཟློས་བགོས་བསྐྱར་སྤྱོད་ཀྱི་སྐབས་སུ། སྤྱོད་མཁན་རེ་རེས་བདག་བཟུང་བྱེད་པའི་ཐགས་ཞེང་ལ་འགྱུར་བ་མེད་པས། སྤྱོད་མཁན་གྱི་ཁ་གྲངས་ཇི་ལྟར་ཇེ་མང་དུ་སོང་ན། མཉམ་སྤྱོད་འཕྲིན་ལམ་གྱི་སྤྱིའི་ཐགས་ཞེང་དེ་ལྟར་ཆེར་སྐྱེད་པ་ཡིན། དཔེར་ན། ཁ་པར་འཕྲིན་གཏོང་དུ་ཚད་ལྡན་སྐད་ལམ་ཞིག་གི་ཐགས་ཞེང་ནི4kHzཡིན་ལ། གལ་ཏེ་སྤྱོད་མཁན་གྱི་ཁ་གྲངས1000ལ་སླེབས་དུས། བསྐྱར་སྤྱོད་འཕྲིན་ལམ་གྱི་སྤྱིའི་ཐགས་ཞེངMHzཡིན་པ་དང་། སྤྱོད་མཁན་དེ་ཙམ་གྱིས་དུས་བགོས་བསྐྱར་སྤྱོད་བྱས་པ་ན། མི་སོ་སོར་བགོས་སྐལ་དུ་ཐོབ་པའི་དུས་སྐབས་ནི125usཡི་སྟོང་ཆའི་གཅིག་ཙམ་ལས་མེད།

འཕྲིན་གཏོང་གི་སྐབས་སུ། བསྐྱར་སྤྱོད་བྱེད་ཆས་དང་ཁེར་སྤྱོད་བྱེད་ཆས་གཉིས་དོར་སྡེབ་ཏེ་བེད་སྤྱོད་བྱེད་པ་ཡིན་ལ། སྤྱོད་མཁན་ཡོངས་ཀྱིས་སྤྱོད་པའི་མྱུར་སྐྱེལ་འཕྲིན་ལམ་ནི་དེ་གཉིས་ཀྱི་བར་མཚམས་སུ་གནས་ཡོད། ཁེར་སྤྱོད་བྱེད་ཆས་ཀྱི་ནུས་པ་ནི་བསྐྱར་སྤྱོད་ལས་ལྡོག་སྟེ། མྱུར་སྐྱེལ་འཕྲིན་ལམ་ལས་ཐོན་པའི་གཞི་གྲངས་སོ་སོར་བགོས་ཤིང་། མཐའ་མར་རང་རང་གི་དམིགས་ཡུལ་དུ་སྐྱེལ་བ་ཡིན།

3_2 རླབས་བགོས་བསྐྱར་སྤྱོད།

འོད་སྐུད་ལག་རྩལ་བེད་སྤྱོད་བྱས་པ་ལས། གཞི་གྲངས་སྐྱེལ་གཏོང་མྱུར་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་ཡོད་དེ། ཁེར་རྣམ་འོད་སྐུད་རྐང་གཅིག་གི་སྐྱེལ་འདྲེན་མྱུར་ཚད2.5Gb/sལ་སླེབས་ཐུབ་ཅིང་། འོད་ཀྱི་མདོག་ཐོར་ཁ་གསབ་ལག་རྩལ་གྱི་རབ་འདེགས་འོག་ཏུ། མྱུར་ཚད་དེ20Gb/sསྟེ་འོད་ཐེགས་རླབས་ཤིག་གིས་བརྡ་འཕྲིན་སྐྱེལ་གཏོང་བྱེད་པའི་མྱུར་ཚད་ཀྱི་ཡ་མཐའ་ཡིན།

འོད་སྐུད་རྐང་གཅིག་གི་སྟེང་དུ་ཟློས་ཕྱོད་ཀྱི་ཁྱད་ཤིན་ཏུ་ཆུང་བའི་འོད་ཐེགས་རླབས་དུ་མ་རྒྱུ་ཆོག་པས། སྐུད་ལམ་དེའི་སྐྱེལ་གཏོང་ནུས་པ་སྔར་ལས་ལྡབ་འགྱུར་གྱིས་ཆེར་བསྐྱེད་ཡོད། འོད་ཐེགས་རླབས་ཀྱི་ཟློས་ཕྱོད་ཤིན་ཏུ་མཐོ་བས། རླབས་ཐག་གིས་དེ་ཉིད་མཚོན་པར་བྱེད་པ་གོམས་སྲོལ་དུ་གྱུར་ཡོད། དེ་ལས་རླབས་བགོས་བསྐྱར་སྤྱོད་ཅེས་པའི་ཐ་སྙད་ཀྱང་འདི་ལས་བྱུང་བ་ཡིན། དང་ཐོག་འོད་ཐེགས་རླབས་གཉིས་ཀྱིས་འོད་སྐུད་ཉག་གཅིག་མཉམ་དུ་སྤྱོད་པ་ཡིན་མོད། ལག་རྩལ་གོང་འཕེལ་གྱི་འགྲོས་དང་བསྟུན་ནས། འོད་སྐུད་ཅིག་ཏུ་རྒྱུ་བའི་འོད་ཐེགས་རླབས་ཀྱི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། མིག་སྔར་འོད་སྐུད་ཉག་གཅིག་གི་སྟེང་དུ་འོད་ཐེགས་རླབས་བརྒྱད་ཅུའི་ཡན་གྱི་རྒྱུ་ལམ་མངོན་འགྱུར་བྱས་ཡོད་པས། འདུས་ཆེ་བའི་རླབས་བགོས་མཉམ་སྤྱོད་ཅེས་པའི་ཐ་སྙད་ཀྱང་བྱུང་ཡོད། དཔེ་རིས1-4ཡིས་རླབས་བགོས་བསྐྱར་སྤྱོད་ཀྱི་སྤྱི་དོན་གསལ་བཤད་བྱས་ཡོད།

4.jpg

དཔེ་རིས1-4 རླབས་བགོས་མཉམ་སྤྱོད།

དཔེ་རིས1-4རུ། ཆ་སྙོམས་སྐྱེལ་འདྲེན་མྱུར་ཕྱོད་ནི2.5Gb/sདང་། རླབས་ཐག1310nmཡིན་པའི་འོད་ཐེགས་རླབས་གང་ཞིག་རྒྱུ་ལམ8དུ་རྒྱུ་བ་བྲིས་ཡོད་ལ། འོད་དེ་རྣམས་སྙོམ་སྒྲིག་ཆས་ལ་བརྟེན་ནས་རེ་རེ་ནས་རླབས་ཐག1550-1557nmབར་གྱི་འོད་དུ་བསྒྱུར་ཡོད། རླབས་ཐག་གི་ཚད་ཤིན་ཏུ་ཉེ་བའི་འོད་ཐེགས་རླབས་དེ་དག་འོད་བསྐྱར་སྤྱོད་ཆས་བརྒྱུད་དེ་འོད་སྐུད་ཉག་གཅིག་གི་སྟེང་དུ་བགྲོད་པ་ཡིན། དེ་བས། སྐུད་ཉག་དེའི་སྟེང་གི་གཞི་གྲངས་སྐྱེལ་གཏོང་གི་སྤྱིའི་མྱུར་ཚད8*2.5Gb/s=20Gb/sལ་སླེབས་ཡོད། འོན་ཀྱང་འོད་དེ་རྒྱང་རིང་དུ་བརྒྱུད་ཚེ་དེའི་ཤུགས་ཉམས་འགྲོ་བས། འདིར་འོད་ཆེར་བསྐྱེད་བྱེད་ཆསEDFAཡིས་ཉམས་དམས་སུ་སོང་བའི་འོད་དེ་ཐད་ཀར་སླར་གསོ་བྱས་ཏེ་བསྐྱར་དུ་རྒྱུ་ལམ་དུ་ཕུལ་བ་དང་། འོད་ཆེར་བསྐྱེད་གཉིས་ཀྱི་བར་ཐག་ནི120kmཡིན། འོད་མཉམ་སྤྱོད་བྱེད་ཆས་དང་འོད་ཁེར་སྤྱོད་བྱེད་ཆས་གཉིས་བར་དུ་གློག་འོད་བརྗེ་བསྒྱུར་མེད་པའི་ཐག་ཚད་ནི600kmཡིན་པས་འོད་སྐུད་ཆེར་བསྐྱེད་བྱེད་ཆས་བཞི་དགོས། འོན་ཀྱང་རླབས་བགོས་བསྐྱར་སྤྱོད་ཀྱི་སྔོན་དུ་རྒྱུ་ལམ་བརྒྱད་པོ་སྐུད་ལམ་རེ་རེའི35kmསར་འོད་ལ་ཆེར་སྐྱེད་བྱེད་དགོས་ཕྱིར། ཁྱོན་བསྡོམས་ཆེར་བསྐྱེད་བྱེད་ཆས128ཙམ་དགོས་པ་ཡིན།

འོད་སྐུད་ས་འོག་ཏུ་སྦས་པའི་ལས་ཀར་འགྲོ་སོང་ཧ་ཅང་ཆེ་བས། མི་རྣམས་ཀྱིས་འོད་སྐུད་ཀྱི་ཉག་མ་མང་པོ་དམ་པོར་བསྡམས་ཏེ་ཆུན་པོ་བཟོ་བ་ལ་འོད་ཆུན་ཞེས་བརྗོད་པ་ཡིན། དེ་བས་སྐུད་ཉག100ཅན་དང་ཆ་སྙོམས་མྱུར་ཕྱོད2.5Gb/sཡིན་པའི་འོད་ཆུན་ཞིག་ལ་མཚོན་ན། ལྡབ16ཡིན་པའི་འདུས་ཆེ་བའི་རླབས་བགོས་བསྐྱར་སྤྱོད་བྱས་ཚེ། འོད་སྐུད་ཉག་གཅིག་སྟེང་གི་གཞི་གྲངས་ཀྱི་སྐྱེལ་གཏོང་མྱུར་ཚད་དེ100*40Gb/sསྟེ4Tb/sལ་སླེབས་ཐུབ།

4 གྲངས་ཀའི་སྐྱེལ་འདྲེན་མ་ལག

གྲངས་ཀའི་སྐྱེལ་འདྲེན་མ་ལག་ཏུ་བཀོལ་བའི་འཕར་ཨང་སྙོམ་སྒྲིག་གི་སྲོལ་དེ་དང་ཐོག་ཁ་པར་ཅུའུ་བར་སྦྲེལ་མཐུད་སྐུད་ལམ་དུ་ཁ་པར་འཕྲིན་ལམ་མང་པོ་འབྱུང་བྱེད་དུ་ཕྱེས་བ་ཡིན། ལོ་རྒྱུས་ཀྱིས་དབང་གིསPCMལ་ཕན་ཚུན་རང་རྐྱ་ཐུབ་པའི་རྒྱལ་སྤྱིའི་ཚད་གཞི་གཉིས་ཡོད། ཨ་རི་བྱང་ཕྱོགས་ཀྱིPCMརྒྱུ་ལམ24ཅན་ཏེ་བསྡུས་མིང་ལT1དང་། ཨོ་གླིང་གིPCMརྒྱུ་ལམ30ཅན་བསྡུས་མིང་ལE1ཟེར་བ་ལས། རང་རྒྱལE1ཚད་གཞིའི་རྗེས་སུ་ཞུགས་ཡོད། E1ཡི་ཚད་གཞི་ནི2.048Mb/sདངT1ནི1.544Mb/sཡིན།

ལད་ཟློས་ཁ་པར་བརྡ་རྟགས་དེ་གྲངས་ཀའི་བརྡ་རྟགས་སུ་བསྒྱུར་བའི་གོ་རིམ་མདོ་ཙམ་བརྗོད་ན། ཐོག་མར་ཁ་པར་བརྡ་རྟགས་ལས་ཁ་འཐོར་གྱི་གྲངས་ཚད་དུ་མ་གདམས་ཏེ་བརྡ་རྟགས་དེ་ཉིད་ཀྱི་དཔེ་ཡི་རྒྱུ་བྱེད་དགོས། དཔེ་རྒྱུ་ཟློས་ཕྱོད་དེ་ཁ་པར་བརྡ་རྟགས་ཀྱི་ཆེས་ཆེ་བའི་ཟློས་ཕྱོད་ཀྱི་ལྡབ2ལས་མི་དམན་པ་བྱུང་ན། དཔེ་རྒྱུ་ལས་སྔར་གྱི་ཁ་པར་བརྡ་རྟགས་ཉམས་མེད་སླར་གསོ་བྱེད་ཐུབ། ཚད་ལྡན་ཁ་པར་བརྡ་རྟགས་ཀྱི་ཆེས་ཆེ་བའི་ཟློས་ཕྱོད་ནི34kHzཡིན་པས། འདིར་དཔེ་རྒྱུ་ཟློས་ཕྱོད་ནི8kHzའམ་དུས་ཡུནT=125usབྱས་ཚེ། མུ་འབྲེལ་ཁ་པར་བརྡ་རྟགས་དེ་ཉིད་སྐར་ཆ་རེར་འཕར་ཆག་ཁ་འཐོར800ཅན་གྱི་བརྡ་རྟགས་སུ་གྱུར་ཡོད་ལ། དེ་ཡི་འདར་ཁོད་ནི་ལྟོས་ཟླར་གྱུར་བའི་དཔེ་རྒྱུ་ཁ་པར་བརྡ་རྟགས་ཀྱི་གྲངས་ཚད་དང་བསྟུན་ཡོད། ཟློས་གྲངས་བརྗེ་བསྒྱུར་བྱས་རྗེས། འཕར་ཆག་བརྡ་རྟགས་རེ་རེའང་གནས8པའི་ཉིས་གོང་འགྲིལ་ལུགས་ཀྱིས་རྟགས་སྦྱོར་བྱེད་དགོས་པས། མྱུར་ཚད   64kb/sལ་སླེབས་ཡོད། འདི་ནི་ཆེས་ཐོག་མར་གཏན་འཁེལ་བའི་སྐད་བརྡ་ཨང་སྒྲིག་གི་ཚད་གཞིའི་མྱུར་ཚད་ཡིན། ལག་རྩལ་མཐོར་འདེགས་བྱུང་བ་དང་བསྟུན་ཏེ་མྱུར་ཚད་དེ་ལས་དམན་པ་དག་གིས་ཀྱང་སྐད་བརྡའི་བརྡ་རྟགས་ཀྱི་སྤུས་དག་པོ་འབྱུང་ཐུབ་མོད། འོན་ཀྱང་ཚད་གཞི་མྱུར་ཚད་དེ་གཞིར་བཟུང་བའི་ཁ་པར་བརྗེ་རེས་བྱེད་ཆས་འཛམ་གླིང་ཡོངས་ལ་ཁྱབ་ཆེ་བས། མྱུར་ཚད་དམན་པའི་ཨང་སྒྲིག་ཏུ་བསྒྱུར་དཀའ་འོ།།

སྐྱེལ་འདྲེན་སྐུད་ལམ་ལེགས་པོར་བེད་སྤྱོད་བྱེད་ཆེད། སྐད་ལམ་དུ་མའི PCMབརྡ་རྟགས་རྣམས་དུས་བགོས་བསྐྱར་སྤྱོད་ཐབས་ལམ་གྱིས་ལྡེབ་རེ་རེར་བཅུག་སྟེ་སྐུད་ལམ་དུ་སྐྱེལ་བ་ཡིན།

E1ཡི་དུས་བགོས་བསྐྱར་སྤྱོད་ཀྱི་ལྡེབ་ཅིག་བསྡོམས་པས་སྐབས32སུ་མཚུངས་པར་བགོས་ཤིང་། སྐབས་རེར8bitསྐྱེལ་གཏོང་བྱེད་པས། ལྡེབ་ཅིག་ཏུ256bitཡོད་ལ། སྐར་ཆ་རེར་ལྡབ800སྐྱེལ་གཏོང་བྱེད་དགོས་པསE1ཡི་ཚོགས་པ་ཐེངས་གཅིག་གི་གཞི་གྲངས་ཀྱི་མྱུར་ཚད2.048Mb/sཡིན། སྐབས32ཁྲོད་ཀྱི་གཉིས་ལས་ལྡེབ་འགྲོས་མཉམ་དང་བཀའ་བརྡ་སྐྱེལ་གཏོང་བྱེད་དགོས་པསE1ལ་སྐད་ལམ30ཡོད་པ་རེད།

T1མ་ལག་ཏུ་བསྡོམས་པས་སྐད་ལམ24ཡོད་ཅིང་། སྐད་ལམ་ཞིག་གི་དཔེ་རྒྱུའི་འཕར་ཆག་ལ7bitཡིས་ཨང་སྒྲིག་བྱེད་མོད། གཞན་གནས1གི་བཀའ་བརྡའི་ཨང་རྒྱུ་འདོགས་དགོས་པས། སྐད་ལམ་གཅིག་གིས་བསྡོམས་པས8bitབཟུང་ཡོད། ལྡེབ་འགྲོས་མཉམ་ནི་སྐད་ལམ24ཡི་ཨང་སྒྲིག་གི་སྟེང་དུ་བསྣན་ཡོད་པས། ལྡེབ་གཅིག་ཏུ193bitཡོད་པ་དང་། T1ཡི་ཚོགས་པ་ཐེངས་གཅིག་གི་གཞི་གྲངས་ཀྱི་མྱུར་ཚད་ནི1.544Mb/sཡིན།

གཞི་གྲངས་ཀྱི་མྱུར་ཚད་ཤིན་ཏུ་མཐོ་དགོས་ན་བསྐྱར་སྤྱོད་ཐབས་ལམ་སྤྱད་ཆོག་སྟེ། དཔེར་ན། ཐེངས་གཅིག་ཚོགས་པ་བཞི་ཡིས་ཐེངས་གཉིས་ཚོགས་གཅིག་གྲུབ་ན། གཞི་གྲངས་ཀྱི་མྱུར་ཚད་ནི་དེ་བཞི་ཡི་བསྡོམས་གྲངས་ལས་ཀྱང་མཐོ་བ་ཡིན། རེའུ་མིག1-1གིས་ཨོ་གླིང་དང་ཨ་རི་བྱང་མའི་ཐེངས་མང་ཚོགས་པའི་སྐད་ལམ་ཁ་གྲངས་དང་གཞི་གྲངས་ཀྱི་མྱུར་ཚད་བྲིས་ཡོད། འཇར་པན་གྱིས་ཐེངས་གཅིག་ཚོགས་པརT1སྤྱད་མོད། འོན་ཀྱང་ཐེངས་མང་ཚོགས་པའི་ཐད་ལ་རང་ཉིད་ཀྱི་ཚད་གཞི་ཞིག་བཙུགས་ཡོད།

རེའུ་མིག1-1PCMགྲངས་ཀའི་བརྒྱུད་གཏོང་རྒྱུད་ཁོངས་ཀྱི་སྐད་ལམ་གྲངས་དང་གཞི་གྲངས་ཕྱོད།

01.jpg

5 ཐགས་ཡངས་སྦྲེལ་མཐུད།

དྲ་ཞུགས་མྱུར་ཚད་མཐོར་འདེགས་འབྱུང་ཕྱིར། ཐགས་ཡངས་ལག་རྩལ་སྣ་མང་སྤྱོད་པ་སྟེ།

5_1 xDSLལག་རྩལ།

xDSLནི་གྲངས་ཀའི་ལག་རྩལ་གྱིས་སྔར་ཡོད་ལད་ཟློས་ཁ་པར་སྐུད་ལམ་ལ་བཅོས་བསྒྱུར་བྱས་ཏེ། དེ་ལས་ཐགས་ཡངས་ལས་བྱ་གཉེར་བའི་ལག་རྩལ་ཞིག་སྟེ། DSLནི་གྲངས་ཀའི་སྤྱོད་མཁན་སྐུད་ལམ་ཞེས་པའི་བསྡུས་མིང་དང་། xཡིས་སྐུད་ལམ་དུ་ཐགས་ཡངས་མངོན་འགྱུར་བྱས་པའི་ཁྱད་པར་སྟོན་པ་ཡིན། ཁ་པར་བརྡ་རྟགས་ཀྱི་ཟློས་ཕྱོད་ནི300-3400Hzབར་དུ་གནས་མོད། འོན་ཀྱང་སྐུད་ལམ་དེ་ཉིད་དུ་བརྒྱུད་ཆོག་པའི་ཟློས་ཕྱོད་ནི1MHzལས་བརྒལ་ཡོད། དེ་བས། xDSLལག་རྩལ་སྤྱད་དེ0-4kHzཡི་ཟློས་དམན་བར་མཚམས་དེ་སྤྱིར་བཏང་གི་ཁ་པར་ལ་སྤྱོད་ཅིང་། ལྷག་མའི་ཟློས་མཐོའི་བར་མཚམས་དེ་མི་རྣམས་དྲ་རྒྱར་འཇུག་བྱེད་དུ་བཀོལ་ཆོག

རེའུ་མིག1-2རུ་བཀོད་ཡོད་པ་ནིxDSLལག་རྩལ་རིགས་མི་འདྲ་བ་ཁ་ཤས་ཏེ། དོ་མཉམ་མིན་པའི་གྲངས་ཀའི་སྤྱོད་མཁན་སྐུད་ལམADSLདང་། མྱུར་ཚད་སྐྱེན་པ་ཅན། HDSLསྐུད་ལམ་ཟུང་ལྡན་ཅན། SDSLམྱུར་ཚད་ཤིན་ཏུ་སྐྱེན་པ་ཅནVDSLབཅས་ཡོད། DSLནི་གཅིག་བསྡུས་ལས་བྱའི་གྲངས་ཀའི་དྲ་རྒྱISDNགྱི་སྤྱོད་མཁན་སྐུད་ལམ་ཡིན་ལ། སྤྱི་ལོ1999ལོའི་ཟླ7པརADSLལITUཡི་ཚད་གཞི་སྟེG.92.1བྱུང་བ་ཡིན།

རེའུ་མིག1-2རུ་འཁོད་པའི་སྐྱེལ་གཏོང་བར་ཐག་དེ་ནི་གཞི་གྲངས་ཀྱི་མྱུར་ཚད་དང་སྤྱོད་མཁན་སྐུད་ལམ་གྱི་སྦོམ་ཕྲར་འབྲེལ་བ་ཡོད་ལ། ཆེས་སྐྱེན་པའི་གཞི་གྲངས་ཀྱི་སྐྱེལ་གཏོང་གི་མྱུར་ཚད་ནི་དངོས་ཡོད་སྐུད་ལམ་སྟེང་གི་འཕྲིན་བསྡུར་འཛར་སྒྲ་དང་དམ་དུ་འབྲེལ་ཡོད་པ་དཔེར་ན། སྦོམ་ཕྲར་ཧོ་སྨིད0.5ཡོད་པའི་སྐུད་ལམ་གྱི་སྐྱེལ་གཏོང་མྱུར་ཚད1.5-2.0Mb/sཡིན་སྐབས། སྐྱེལ་གཏོང་བར་ཐག་ནི་སྤྱི་ལེ5.5ཡིན་ལ། མྱུར་ཚད6.1 Mb/sལ་སླེབས་ན། བར་ཐག་ནི་སྤྱི་ལེ་3.7ལ་འབབ། གལ་ཏེ་སྐུད་ལམ་དེ་ཧོ་སྨིད0.4རུ་ཕྲ་བར་བསྒྱུར་ཞིང་། མྱུར་ཚད6.1 Mb/sཡིན་སྐབས། སྤྱི་ལེ2.7ལ་སྐྱེལ་གཏོང་བྱེད་ཐུབ།

རེའུ་མིག1-2xDSLཡི་རིགས་འགའ།

02.jpg

5_2 HFCདྲ་རྒྱ།

འོད་སྐུད་དང་སྲོག་མདའ་གཅིག་པའི་སྐུད་ཆེན་འདྲེས་མའི་དྲ་རྒྱHFCཞེས་པ་ནི་སྤྱི་ལོ1988ལོར་གསར་དུ་བྱུང་ཞིང་། HybridFiberCoaxཡི་བསྡུས་མིང་ཡིན། དྲ་རྒྱ་འདི་ནི་ཁྱབ་རྒྱ་ཆེ་བའི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱCATVརྨང་གཞིའི་སྟེང་དུ་སྔོག་འདོན་བྱས་པའི་དུད་ཁྱིམ་ཐགས་ཡངས་སྦྲེལ་མཐུད་དྲ་རྒྱ་ཞིག་སྟེ། དེརCATVཡི་བྱེད་ནུས་ལས་གཞན་ཁ་པར་དང་གཞི་གྲངས། ཐགས་ཡངས་ཀྱི་བརྗེ་རེས་རྣམ་པའི་ལས་བྱ་གཞན་དག་སྒྲུབ་པའི་ནུས་པ་ཡོད།

CATVནི་སྡོང་གཟུགས་ཆགས་རིམ་ཅན་གྱི་སྲོག་མདའི་སྐུད་ཆེན་དྲ་རྒྱ་སྟེ(དཔེ་རིས1-5)ལད་ཟློས་ལག་རྩལ་གྱི་ཟློས་བགོས་བསྐྱར་སྤྱོད་ལས་བརྙན་འཕྲིན་ལེ་ཚན་ཕྱོགས་གཅིག་ཏུ་སྐྱེལ་གཏོང་བྱེད་པ་ཡིན། HFCཡིས་དྲ་རྒྱ་དེར་ལེགས་བཅོས་བྱས་རྗེས་ཁྱད་ཆོས་འགའ་ཡོད་དེ།

(1) HFCདྲ་བའི་གཙོ་ལམ་དུ་འོད་སྐུད་སྤྱད་ཡོད།

5.jpg

དཔེ་རིས1-5HFCདྲ་རྒྱའི་སྒྲིག་གཞི་རི་མོ།

CATVདྲ་བའི་སྲོག་མདའི་སྐུད་ཆེན་གྱི་ཐགས་ཞེང་ཆུང་བ་དང་། བརྡ་རྟགས་ཉམས་དམས་འབྱུང་སླ་བས་ཆེར་བསྐྱེད་བྱེད་ཆས་མང་། ཆེར་བསྐྱེད་བྱེད་ཆས་གཅིག་ལ་ཆག་སྐྱོན་བྱུང་ན་གཞན་དག་ལའང་གནོད་པ་འབྱུང་། འབྱུང་ཁུངས་སུ་བརྡ་རྟགས་ཀྱི་སྤུས་ཀ་ཅུང་ཞན་ན་མཐའ་མར་དེའི་དབྱིབས་ལ་འགྱུར་བ་ཆེ། བརྡ་རྟགས་ནི་རྩོལ་ཕྱོད་སྙོམས་པོར་སྤྱོད་མཁན་རྣམས་ལ་བགོ་དུས་བཟོ་བཀོད་དང་ལས་བྱ་རྙོག་འཛིང་ཆེ་བ་སོགས་ཀྱི་སྐྱོན་ཆ་ལྡན་པས། HFCཡིསCATVསྔར་གྱི་གཙོ་ལམ་ཐམས་ཅད་འོད་སྐུད་དུ་བསྒྱུར་ཞིང་། ལད་ཟློས་འོད་སྐུད་ལག་རྩལ་བཀོལ་ཏེ་འོད་ཀྱི་འདར་ཁོད་དུ་སྙོམ་སྒྲིག་བྱས་ཡོད། ལད་ཟློས་འོད་སྐུད་དེ་མགོ་སྣེ་ནས་འོད་སྐུད་མདུད་གནས་སུ་སྦྲེལ། འོད་བརྡ་རྟགས་དེ་མདུད་གནས་སུ་གློག་ཏུ་འགྱུར། མདུད་གནས་དེའི་གཤམ་དུ་སྲོག་མདའི་སྐུད་ཆེན་སྤྱོད། འོད་སྐུད་མདུད་གནས་ཤིག་ལ་སྲོག་མདའི་སྐུད་ཆེན་རྐང1-6སྦྲེལ་ཆོག དྲ་རྒྱ་འདི་འདྲར་མགོ་སྣེ་ནས་དུད་ཁྱིམ་བར་དུ་ཆེར་སྐྱེད་བྱེད་ཆས4-5ཙམ་གྱིས་འདང་ཡོད།

(2)HFCདྲ་རྒྱར་མདུད་གནས་སྒྲིག་གཞི་སྤྱད་ཡོད།

HFCདྲ་རྒྱ་རུ་མགོ་སྣེ་ནས་འོད་སྐུད་མདུད་གནས་དག་ཏུ་ལད་ཟློས་འོད་སྐུད་ཀྱིས་སྦྲེལ་ཏེ་སྐར་དབྱིབས་དྲ་རྒྱ་ཆགས་ཡོད་ལ། མདུད་གནས་ཀྱི་གཤམ་དུ་སྲོག་མདའི་སྐུད་ཆེན་གྱིས་སྡོང་གཟུགས་དྲ་རྒྱའི་དབྱིབས་སུ་ཆགས་ཡོད། འོད་སྐུད་མདུད་གནས་ཤིག་ཏུ་སྦྲེལ་བའི་དུད་ཁྱིམ་གྱི་ཁ་གྲངས500ཡས་མས་ཡིན་ལ། 2000ལས་བརྒལ་མི་ཆོག འོད་སྐུད་མདུད་གནས་ནས་མགོ་སྣེའི་བར་ཐག་ནི་སྤྱི་ལེ25ཡིན་པ་དང་། མདུད་གནས་ནས་དུད་ཁྱིམ་གྱི་བར་ཐག་ནི་སྤྱི་ལེ2-3ལས་བརྒལ་མི་རུང་།

(3)CATVལསHFCཡི་ཟློས་ཤལ་གྱི་ཞེང་ཆེ་བ་མ་ཟད་དེ་ལ་ཕྱོགས་ཡར་མར་གཉིས་སུ་སྐྱེལ་གཏོང་གི་བྱེད་ནུས་ཀྱང་ལྡན།

CATVདྲ་རྒྱའི་ཆེས་ཆེ་བའི་སྐྱེལ་གཏོང་ཟློས་ཕྱོད་ནི450MHzཡིན་ལ། དེ་བརྙན་འཕྲིན་བརྡ་རྟགས་མར་ཕབས་སུ་བཀོལ། HFCལ་ཕྱོགས་ཡར་མར་གཉིས་ཀར་སྐྱེལ་གཏོང་གི་བྱེད་ནུས་ལྡན་པས་ན། སྐྱེལ་གཏོང་ཟློས་ཕྱོད་དེ་ཆེར་བསྐྱེད་དགོས། མིག་སྔར་ཟློས་ཐགས་བགོ་བྱར་རྒྱལ་སྤྱིའི་ཚད་གཞི་མེད། དཔེ་རིས1-6ནི་འདེམས་བྱར་བཀོད་པའི་དཔེར་བརྗོད་ཅིག་ཡིན།

6.jpg

དཔེ་རིས1-6 HFCདྲ་རྒྱའི་ཟློས་ཕྱོད་དབྱེ་ཚུལ།

རི་མོ་ལས་མཐོང་ཐུབ་པ་ནི། ཡར་སྐྱེལ་གྱི་སྐབས་སུCATVརུ་བེད་སྤྱོད་མེད་པའི་ཐགས་ཞེང35MHzཅན་གྱི་ཟློས་དམན་སྤྱད་པ་དེADSLཡི་ཡར་སྐྱེལ་འཕྲིན་ལམ་ལས་རྒྱ་ཤིན་ཏུ་ཆེ། ཡར་སྐྱེལ་འཕྲིན་ལམ་དེ་ཉིད་སླར་ཡང་ཟློས་དུམ་ཕྲན་བུ་དུ་མར་བགོས་ཏེ་སོ་སོ་ནས་ཁ་པར་དང་། གཞི་གྲངས།HFCདྲ་རྒྱ་ཡི་ལྟ་རྟོགས་སུ་བཀོལ་ཆོག

མར་ཕབས་ཀྱི་ཚེ་ན50-750MHzསྤྱོད་ཅིང་། དེར་སྔའི་ལད་ཟློས་བརྙན་འཕྲིན་གྱིས50-550MHzསྤྱད་ན་ཟློས་སྒྲིག་རྒྱང་བསྒྲགས་དང་གྲངས་ཀའི་རྒྱང་བསྒྲགས་ཀྱང་དེའི་ནང་དུ་བསྡུ་རུང་། གྲངས་ཀའི་བརྡ་རྟགས་སྣ་ཚོགས་པས550-750MHzཡི་སྐྱེལ་གཏོང་ཟློས་ཕྱོད་བདག་བཟུང་བྱེད་ཅིང་། དེར་གྲངས་ཀའི་བརྙན་འཕྲིན་བརྡ་རྟགས་དང་བརྗེ་རེས་རྣམ་པའི་ལས་བྱ་སྣ་ཚོགས་ཀྱི་མར་ཕབས་བརྡ་འཕྲིན་འདུས་ཡོད། 750MHzཡན་གྱི་རིམ་པ་ནི་རང་སོར་བཞག་ཏེ་ཕྱི་མར་སྒེར་གྱི་འཕྲིན་གཏོང་སྤྱོད་པ་ཡིན།

(4)དུད་ཁྱིམ་རེ་རེར་སྤྱོད་མཁན་འཇུག་སྒམ་རེ་འདོགས་དགོས།

སྤྱོད་མཁན་འཇུག་སྒམ་གྱིས་སྦྲེལ་མཐུད་རིགས་གསུམ་ལ་རམ་འདེམས་བྱེད་དགོས་ཏེ།

①སྲོག་མདའི་སྐུད་ཆེན་གྱིས་འཇུག་སྒམ་དང་བརྙན་འཕྲིན་འཕྲུལ་ཆས་སྦྲེལ་བ།

②དཀྲིས་སྐུད་ཟུང་མས་འཇུག་སྒམ་དང་ཁ་པར་སྦྲེལ་བ།

③སྐུད་ཆེན་མོ་ཏུམ(སྐུད་ཆེན་སྙོམ་སྒྲིག་འགྲོལ་བྱེད)གྱིས་འཇུག་སྒམ་དང་རྩིས་འཁོར་སྦྲེལ་བ་བཅས་སོ།

ཟློས་ཐགས་ཀྱི་དཀྱེལ་ཤིན་ཏུ་ཆེ་བ་མ་ཟད། ཁྱབ་རྒྱ་ཆེ་བའི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་སྤྱོད་ཐུབ་པ་ནིHFCཡི་ཁྱད་ཆོས་གཙོ་བོ་ཡིན་མོད། འོན་ཀྱང་སྔར་ཡོད་ཀྱི450MHzཡི་ཕྱོགས་གཅིག་སྐྱེལ་གཏོང་ཅན་གྱི་བརྙན་འཕྲིན་དྲ་རྒྱ་དེ་ཉིད750MHzཅན་དང་ཕྱོགས་ཡར་མར་གཉིས་ལྡན་གྱིHFCརུ་བསྒྱུར་བཅོས་བྱེད་དགོས་ཕྱིར། དུས་ཡུན་དང་མ་རྩའང་མི་ཉུང་བ་ཞིག་དགོས།

5_3 FTTxལག་རྩལ།

གོང་དུ་གླེང་ཟིན་པའིXDSLདངHFCལས་གཞན། FTTxཡང་དུད་ཁྱིམ་ཐགས་ཡངས་དྲ་རྒྱར་སྦྲེལ་མཐུད་བྱེད་པའི་ཐབས་ལམ་ཞིག་ཡིན། འདིར་གསལ་བྱེདXཡིས་བསྟན་དོན་མི་འདྲ་བ་དུ་མ་སྟོན།

འོད་སྐུད་ནས་དུད་ཁྱིམFTTHཞེས་པ་སྟེ་འོད་སྐུད་ཐད་ཀར་སྤྱོད་མཁན་གྱི་ཁྱིམ་དུ་བརྒྱུད་པའི་དོན་ཡིན་ལ། མིག་སྔར་འགྲོ་སོང་དང་སྤྱོད་མཁན་གྱི་དགོས་མཁོའི་ཆ་གང་ལ་དམིགས་ཀྱང་འདི་འདྲའི་དྲ་རྒྱ་སྦྲེལ་མཐུད་ཀྱི་དགོས་པ་མེད།

FTTHཡིས་དུས་བགོས་བསྐྱར་སྤྱོད་ཀྱི་རྣམ་པས་ཕྱོགས་ཡར་མར་གཉིས་ཀའི་གཞི་གྲངས་སྐྱེལ་གཏོང་མྱུར་ཚད155Mb/sལ་སླེབས་ཐུབ། ཡར་སྐྱེད་འཕྲིན་ལམ་ལ་འོས་འཚམས་ཀྱིMACགྲོས་མཐུན་སྤྱད་དེ་སྤྱོད་མཁན་གྱིས་འཕྲིན་ལམ་བསྐྱར་སྤྱོད་ཀྱི་གནས་ཚུལ་ཐག་གཅོད་བྱེད་དགོས།

ཁང་བརྩེགས་ཤིག་ཏུ་སྤྱོད་མཁན་མང་པོས་ཐགས་ཡངས་ལས་བྱ་གཉེར་དགོས་དུས། འོད་སྐུད་ནས་ཐོག་ཁངFTTBཡི་ཐབས་ལམ་སྤྱད་ཆོག འོད་སྐུད་དེ་ཐོག་ཁང་དུ་བརྒྱུད་རྗེས་གློག་བརྡ་རྟགས་སུ་བསྒྱུར་ཏེ། སྐུད་ཆེན་ནམ་དཀྲིས་སྐུད་ཟུང་མས་སྤྱོད་མཁན་སོ་སོར་བགོ་བ། བྱ་ཐབས་འདི་ཁེ་ལས་ཆེ་འབྲིང་དང་། ཚོང་ལས་སམ་ཀུང་སི་ཆེན་པོའི་མྱུར་སྐྱེན་ཐགས་ཡངས་ལས་བྱའི་དམིགས་ཡུལ་དུ་སྤྱད་ཆོག་ཅིང་། FTTHལས་རིན་གོང་ཅུང་དམའ་བ་ཡིན།

འོན་ཀྱང་མིག་སྔར་དར་ཁྱབ་ཆེ་བ་ནི་འོད་སྐུད་ནས་ལམ་འགྲམFTTC(Fiber To The Curb)བར་གྱི་སྤྲེལ་ཐབས་ཏེ། ལམ་འགྲམ་ནས་སྤྱོད་མཁན་གྱི་བར་དུ་སྐར་ཚོགས་ཆགས་ཚུལ་གྱི་དཀྲིས་སྐུད་ཟུང་མའི་སྐྱེལ་གཏོང་སྨྱན་གཟུགས་སྤྱད་ཡོད་ལ། རྗེས་ཕྱོགས་ཆ་རྐྱེན་ལ་དམིགས་ནས་འོད་སྐུད་ནས་དུད་ཁྱིམ་གྱི་མཐར་མཇུག་གི་དམིགས་ཡུལ་འགྲུབ་པར་བྱས་ཆོག FTTCཡི་སྐྱེལ་གཏོང་མྱུར་ཚད་ནི115 Mb/sཡིན། FTTCདང་བརྗེ་བསྒྱུར་ཅུའུ་བར་གྱི་མཐུད་ཁ་ནིITU-Tཡིས་གཏན་འཁེལ་བྱས་པའི་ཚད་ལྡན་མཐུད་ཁV5ཡིན།

གཞན་ཡང་། འོད་སྐུད་ནས་གཞུང་ལས་ཁངFTTOབར་དང་། འོད་སྐུད་ནས་ཁྱིམ་མཚེས་བར། FTTNའོད་སྐུད་ནས་དུད་ཁྱིམ། FTTDའོད་སྐུད་ནས་ཐོག་ཁང་། FTTFའོད་སྐུད་ནས་སྡོད་ཁུལFTTZསོགས་མང་ངོ་།།


བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།