ཕྱུགས་སྨན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ཕྱུགས་ནད་སྨན་རྫས་ནི་མཚོ་བོད་མཐོ་སྒང་དུ་ཐོན་པ་དང་ཁྱད་དུ་ཐོན་པའི་བོད་ཀྱི་ཕྱུགས་ནད་སྨན་བཅོས་བྱེད་པའི་སྨན་རྫས་རེད། བོད་ཀྱི་ཕྱུགས་ནད་སྨན་པས་ཀྲུང་དབྱི་ཕྱུགས་སྨན་གྱི་རྒྱུན་དུ་སྤྱོད་པའི་ཀྲུང་སྨན་སྤྱོད་མོད། འོན་ཀྱང་དེ་དག་གི་རང་བཞིན་དང་བྲོ་བ། ཕན་ནུས་སོགས་མི་འདྲ་བའི་ལྟ་ཚུལ་ཡོད།
1 མཚམས་སྦྱོར། 

བོད་ཀྱི་ཕྱུགས་ནད་སྨན་རྫས་ནི་མཚོ་བོད་མཐོ་སྒང་དུ་ཐོན་པ་དང་ཁྱད་དུ་ཐོན་པའི་བོད་ཀྱི་ཕྱུགས་ནད་སྨན་བཅོས་བྱེད་པའི་སྨན་རྫས་རེད། བོད་ཀྱི་ཕྱུགས་ནད་སྨན་པས་སྒོ་ཕྱུགས་ཀྱི་ནད་རིགས་འགོག་བཅོས་བྱེད་པའི་སྨན་རྫས་ཕལ་ཆེར་ནི་རང་ས་ནས་ལེན་པ་པ་དང་། རང་ཉིད་ཀྱིས་འཚོལ་སྡུད། ལས་སྣོན་དང་སྨན་འདུལ་བྱས་པ་རེད། སྨན་རྫས་བེད་སྤྱོད་བྱེད་པའི་ཐོག་ལ་བོད་ཀྱི་ཕྱུགས་ནད་སྨན་པ་ལའང་རང་ཉིད་ཀྱི་ཁྱད་ཆོས་ཡོད།

2 སྨན་གྱི་ངོ་བོ། 

སྨན་ཐོ་ལ་ཆེ་ཆུང་གཉིས་སུ་དབྱེ་བ་དང་། སྨན་ཐོ་ཆུང་བ་ལ་སྨན་རིགས་གཅིག་གམ་འགའ་ཙམ་ཡོད་པ་དང་། སྨན་ཐོ་ཆེ་བ་ལ་སྨན་རིགས་བཅུའམ་ཐ་ན་བརྒྱ་ཐམ་པ་ཡན་ཆད་ཀྱང་ཡོད། སྤྱིར་བཏང་གིས་སྨན་ཐོ་ཆེན་པོ་བེད་སྤྱོད་བྱེད་རེད།

(1) སྨན་ཐོ་གྲུབ་ཚུལ་ལ་ཡང་ཆོས་ཉིད་ངེས་ཅན་ཞིག་ཡོད་པ་སྟེ། སྨན་ཐོའི་ནང་གི་སྨན་རྫས་གྱི་གཙོ་ཕལ། སྨན་རྟ་བེད་སྤྱོད་བཅས་སུ་དབྱེ་ཡོད།

(2) སྨན་སྦྱོར་ཚད་ཅུང་ཆུང་ལ། སྨན་རིགས་གཅིག་ཅན་ཟོག་དང་རྟ་ཡིས་ཐེངས་རེར་ཁེ20བརྒལ་རྒྱུ་མེད།

(3) སྨན་གྱི་བཟོ་དབྱིབས་མང་ཆེ་བ་ནི་སྨན་རིལ་དང་སྨན་ཕྱེ། ལྡེ་གུ་སོགས་ཡིན་པ་དང་། ཉར་ཚགས་བྱེད་པ་དང་འཁྱེར་སྐབས་སྟབས་བདེ་མོ་ཡིན།

བོད་ཀྱི་ཕྱུགས་གསོའི་རོ་དྲུག་དང་ནུས་པ་བརྒྱད། ཡོན་ཏན་བཅུ་བདུན་གྱིས་སྨན་རྫས་རང་བཞིན་གྱི་བྲོ་བ་དང་ཕན་ནུས་གསལ་བཤད་བྱེད་པ་རེད།

རོ་དྲུག་ནི། སྨན་རྫས་ཀྱི་རོའམ་བྲོ་བ་དྲུག་ལ་ཟེར་ཏེ། མངར་བ་དང་སྐྱུར་བ། ལན་ཚྭ་བ། ཁ་བ། ཚ་བ། བསྐ་བ་སྟེ་དྲུག་པོ་ཡིན་ཞིང་། སྨན་རྫས་ཀྱི་རོ་མི་འདྲ་བའི་རྐྱེན་གྱིས་ཕན་ནུས་ཡང་མི་འདྲ་བ་ཡིན་པ་དང་། རོ་མངར་བའི་སྨན་གྱིས་ཉམས་གསོ་གྱོང་ཕན། ལུས་སྟོབས་རྒྱས་པ། པགས་པ་དང་སྤུ་ལ་བརླན་ཆེར་གཏོང་བ། རོ་སྐྱུར་བའི་སྨན་གྱིས་ཕོ་བའི་མེ་དྲོད་རྒྱས་པ་དང་ཟས་འཇུ་ཐབས་བྱེད་པ་ལ་ཕན་པ་ཡོད། རོ་ལན་ཚྭ་བའི་སྨན་གྱིས་ཕོ་བ་གསོ་བ་དང་ཟས་འཇུ་བ། ནད་འགག་བསང་བ། སྐྲག་འཇགས་བྱེད་པ། རོ་ཁ་བའི་སྨན་གྱིས་ཡི་ག་འབྱེད་པ་དང་མཁྲིས་པ་ལ་ཕན་པ། དྲོད་སེལ་ལ་དུག་ཀྱང་སེལ་བའི་ནུས་པ་ཡོད། རོ་ཚ་བའི་སྨན་གྱིས་ཕོ་བའི་དྲོད་ཚད་མཐོ་རུ་གཏོང་བ་དང་། ཕོ་བའི་གྲང་ནད་སེལ་བ། པགས་སྤུ་བརླན་ཆེར་གཏོང་བ། ནད་ཐོག་སྨན་བཅོས་བྱེད་སྐབས། རླུང་ནད་ལ་མངར་སྐྱུར་ལན་ཚྭ་བའི་སྨན་རྫས་ཀྱིས་སྨན་བཅོས་བྱ་དགོས། མཁྲིས་པའི་ནད་ལ་རོ་ཁ་བ་དང་མངར་བ། བསྐ་བའི་སྨན་རྫས་ཀྱིས་སྨན་བཅོས་བྱས་ཆོག བད་ཀན་ཀྱི་ནད་ལ་རོ་ཚ་བ་དང་སྐྱུར་བ། ལན་ཚྭ་བའི་སྨན་རྫས་ཀྱིས་སྨན་བཅོས་བྱ་དགོས།

3 སྨན་གྱི་ནུས་པ། 

སྨན་གྱི་ནུས་པ་བརྒྱད་ནི། ལྕི་བ་དང་འཇམ་པ། བསིལ་བ་དང་རྟུལ་བ། ཡང་བ་དང་རྩུབ་པ། ཚ་བ་དང་རྣོ་བ་བཅས་སོ། ། སྤྱིར་བཏང་བཤད་ན། ལུས་ཁམས་གསོ་བ་དང་ལྷོད་འཇགས་འཁུམ་སེལ་བྱེད་ཡས་སྨན་རྫས་ཀྱི་ནུས་པ་ནི་ལྕི་བ་དང་འཇམ་པ་ཡིན། མེ་སེལ་སྙིང་དྭངས་བྱེད་ཀྱི་སྨན་རྫས་ཀྱི་ནུས་པ་ནི་བསིལ་བ་དང་རྟུལ་བ་ཡིན། གྲང་སེལ་ཟས་འཇུ་བྱེད་ཀྱི་སྨན་རྫས་ཀྱི་ནུས་པ་ནི་ཡང་བ་དང་རྩུབ་པ། ཚ་བ་དང་རྣོ་བ་ཡིན། ནད་ཐོག་སྨན་བཅོས་བྱེད་སྐབས། ལྕི་བ་དང་འཇམ་པའི་སྨན་གྱིས་རླུང་ནད་བཅོས་པ་དང་། བསིལ་བ་དང་རྟུལ་བའི་སྨན་རྫས་ཀྱིས་མཁྲིས་པའི་ནད་བཅོ་བ། ཡང་བ་དང་རྩུབ་པ། ཚ་བ། རྣོ་བའི་སྨན་རྫས་ཀྱིས་བད་ཀན་གྱི་ནད་བཅོ་ཐུབ། ནུས་པ་བརྒྱད་ཀྱི་ནང་གི་གྲང་བསིལ་དང་ཚ་བའི་ནུས་པ་གཉིས་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་ཡིན།

4 སྨན་གྱི་ཡོན་ཏན། 

སྨན་གྱི་ཡོན་ཏན་བཅུ་བདུན་ནི། འཇམ་པ་དང་ལྕི་བ། དྲོ་བ། བརྟན་པ། གྲང་བ། རྟུལ་བ། བསིལ་བ། མཉེན་པ། སླ་བ། སྐམ་པ། སྐྱ་བ། ཚ་བ། ཡང་བ། རྣོ་བ། རྪུབ་པ། གཡོ་བ་བཅས་སོ། ། སྨན་རྫས་ཀྱི་ཡོན་ཏན་བཅུ་བདུན་ནི་གནོད་ནད་གསུམ(རླུང་ནད། མཁྲིས་ནད། བད་ཀན་གྱི་ནད།) གྱི་ཁྱད་ཆོས་ཉི་ཤུ་ལ་བསྟུན་ནས་བཤད་པ་རེད།

ད་སྐབས་བོད་ཀྱི་ཕྱུགས་ནད་སྨན་པས་སྨན་རྫས་ཀྱི་རོ་དང་ནུས་པ་ཡོན་ཏན་ལ་གཞིགས་ནས་རིགས་དབྱེ་བ་རེད། རྒྱུན་སྤྱོད་ཀྱི་མཚོ་བོད་མཐོ་སྒང་བོད་ཀྱི་ཕྱུགས་ནད་སྨན་རྫས་ལ་དབྱེ་བ་བཅོ་ལྔ་ཡོད་དེ། གཅིག་ནི་ཕྱི་ངོས་ནད་བཅོས་སྨན། ཁ་ཚ་དྲོད་འཇམ་ཕྱི་ངོས་ནད་བཅོས་སྨན། ཁ་ཚ་གྲང་ལྡན་གྱི་ཕྱི་ངོས་ནད་བཅོས་སྨན། གཉིས་ནི་དྲོད་སེལ་བའི་སྨན། དྲོད་སེལ་དུག་འཇོམས་སྨན། དྲོད་སེལ་སྐམ་རློན་སྨན། དྲོད་སེལ་བསིལ་ཁྲག་སྨན། དྲོད་སེལ་མེ་སྦྱོབ་སྨན། གསུམ་ནི་ལུད་སེལ་གློ་འཇགས་དབུགས་ལྷད་སྨན། དྲོད་སེལ་ལུད་སེལ་སྨན། གྲང་ལུད་དྲོད་སེལ་སྨན། བཞི་ནི་རླུང་གསོ་ཟས་འཇུ་སྨན། ལྔ་ནི་ཁྲག་གསོ་སྨན། ཁྲག་གཅོད་སྨན། དྲུག་ནི་བཤའ་བའི་སྨན། བདུན་ནི་གྲང་སེལ་སྨན། བརྒྱད་ནི་ཆུ་ཕན་སྨན། ཆུ་ཕན་ཐོགས་མེད་སྨན། ཆུ་དེད་སྨན། དགུ་ནི་ལན་ཚྭ་བརྟན་སྨན། བཅུ་ནི་སེམས་བདེ་ལྷོད་འཇགས་སྨན། བཅུ་གཅིག་ནི་གྲུམ་ནད་འཇོམས་པའི་སྨན། བཅུ་གཉིས་ནི་ལུས་པོ་གསོ་བའི་སྨན། བཅུ་གསུམ་ནི་དྲི་ཞིམ་བློ་འབྱེད་སྨན། བཅུ་བཞི་ནི་ན་ཟུག་འཇོམས་པའི་སྨན། བཅོ་ལྔ་ནི་འབུ་འདེད་པའི་སྨན་བཅས་སོ། །


བརྡ་འགྲེལ་གདོང་འཛར།

ཚན་རིག ཕྱུགས་ནད། ཕྱུགས་སྨན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།