གཤིས་རྒྱུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཤིས་རྒྱུད།
གཤིས་རྒྱུད་ནི་མི་ཞིག་གིས་དོན་དངོས་ལ་འཆིང་བའི་བརྟན་བརླིང་གི་རྣམ་འགྱུར་དང་དེ་མཐུན་གྱི་གོམས་སྲོལ་ཅན་གྱི་སྤྱོད་ལམ་གྱི་རྣམ་པ་ཞིག་ཡིན་ཞིང་། དེ་ནི་མིའི་རང་གཤིས་ཀྱི་ནང་ནས་ཆེས་གལ་ཆེན་དང་ཆེས་མངོན་གསལ་གྱི་སེམས་ཁམས་ཁྱད་ཆོས་ཤིག་ཡིན་ལ། མིའི་རང་གཤིས་ཀྱི་ཁྲོད་དུ་གཙོ་གནས་ཀྱི་ནུས་པ་འདོན་གྱིན་ཡོད་པས། མི་དང་མིའི་ཁྱད་པར་འབྱེད་བྱེད་ཀྱི་གཅིག་བསྡུས་ཀྱི་མངོན་རྟགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
性格
ཕྱི་ཡིག་གི་མིང་།
Nature;Disposition
སྟབས་བདེའི་འགྲེལ་བ།
གཤིས་ཀ་དང་སྤྱོད་པའི་དོན་ཡིན།
1 གོ་དོན།

གཤིས་རྒྱུད་ནི་མི་ཞིག་གིས་དོན་དངོས་ལ་འཆིང་བའི་བརྟན་བརླིང་གི་རྣམ་འགྱུར་དང་དེ་མཐུན་གྱི་གོམས་སྲོལ་ཅན་གྱི་སྤྱོད་ལམ་གྱི་རྣམ་པ་ཞིག་ཡིན་ཞིང་། དེ་ནི་མིའི་རང་གཤིས་ཀྱི་ནང་ནས་ཆེས་གལ་ཆེན་དང་ཆེས་མངོན་གསལ་གྱི་སེམས་ཁམས་ཁྱད་ཆོས་ཤིག་ཡིན་ལ། མིའི་རང་གཤིས་ཀྱི་ཁྲོད་དུ་གཙོ་གནས་ཀྱི་ནུས་པ་འདོན་གྱིན་ཡོད་པས། མི་དང་མིའི་ཁྱད་པར་འབྱེད་བྱེད་ཀྱི་གཅིག་བསྡུས་ཀྱི་མངོན་རྟགས་ཤིག་ཡིན། དེས་མི་ཞིག་གི་སྤྱི་ཚོགས་ཀྱི་ཆ་དང་བསམ་བློའི་གནས་སྟངས་ཀྱི་ཕྱོགས་གཙོ་བོ་མཚོན་ཐུབ། མི་རེ་ལ་གཤིས་ཀའི་ཁྱད་ཆོས་རེ་ཡོད་པ་ལས། འགའ་ཞིག་ནི་ཧུར་ཐག་ཅན་དང་། འགའ་རེ་ནི་སྒྱུད་ལུག་ཅན་ཡིན་ལ། ཁྱད་ཆོས་འདི་དག་གཅིག་བསྡུས་ཀྱིས་མི་ཞིག་གི་གཤིས་རྒྱུད་ཆ་ཚང་ཞིག་གྲུབ་པ་ཡིན་ཞིང་། མིའི་གཤིས་རྒྱུད་ནི་གཤིས་རྒྱུད་དཔེ་མཚོན་ཅན་དང་ཕྱོགས་རེ་བའི་གཅིག་གྱུར་གྱི་རྣམ་པ་ཞིག་ཡིན། གཤིས་རྒྱུད་ཀྱི་སེམས་ཁམས་གྲུབ་ཆ་ཧ་ཅང་རྙོག་དྲ་ཆེ་སྟེ། སྤྱིར་བཏང་དུ་འཐུས་ཚང་བའི་གཤིས་རྒྱུད་ཀྱི་མ་ལག་ཁྲོད་ཀྱི་ཁྱད་ཆོས་མང་པོ་ཕྱོགས་གཅིག་ཏུ་བསྡུས་ན་བཞི་སྟེ། གཤིས་རྒྱུད་ཀྱི་རྣམ་འགྱུར་ཁྱད་ཆོས་དེ་ལ་གཙོ་བོ་གསུམ་སྟེ། སྤྱི་ཚོགས་དང་ཐུན་མོང་། མི་གཞན་ལ་འཆིང་བའི་རྣམ་འགྱུར་གྱི་ཁྱད་ཆོས་དང་གཉིས། རང་ཉིད་ཀྱི་རྣམ་འགྱུར་ལ་འཆིང་བའི་གཤིས་རྒྱུད་ཁྱད་ཆོས་དང་གསུམ་མོ།། གཤིས་རྒྱུད་ཀྱི་འདོད་བློའི་ཁྱད་ཆོས་དེ་ཤེས་བཞིན་དུ་རང་ཉིད་ཀྱི་སྤྱོད་ལམ་སྙོམས་སྒྲིག་བྱེད་པ་དང་། དཀའ་ངལ་ཁྱད་དུ་བསད་དེ་དམིགས་ཡུལ་མངོན་འགྱུར་བྱེད་པའི་སྟེང་དུ་མངོན་གྱིན་ཡོད་པ་དང་། གཤིས་རྒྱུད་ཀྱི་སྣང་ཁམས་ཁྱད་ཆོས་ནི་མི་ཞིག་གི་སྣང་ཁམས་འཕེལ་འགྱུར་གྱི་དྲག་ཞན་དང་། གཏན་ཆགས་དང་དུས་ཡུན་རིང་ཐུང་གི་ཆ། ཡིད་ཁམས་བཅས་ཀྱི་ཁྱད་ཆོས་ཀྱིས་དེའི་གཤིས་རྒྱུད་ཀྱི་སྣང་ཁམས་ཁྱད་ཆོས་གྲུབ་པ་དང་། གཤིས་རྒྱུད་ཀྱི་ཤེས་བློའི་ཁྱད་ཆོས་སྟེ་དེ་ནི་མི་ཞིག་གིས་དབང་ཡིད་དང་དྲན་པ། བསམ་གཞིགས་དང་དྲན་འཆར་བཅས་ཤེས་རྟོགས་ཀྱི་རྒྱུད་རིམ་ལ་འཆིང་བའི་རྣམ་འགྱུར་དང་སྤྱོད་སྟངས་ཁྱད་པར་བྱེ་བྲག་པ་བཅས་སོ།།

དེ་དག་ལས་དོན་དངོས་ལ་འཆིང་བའི་རྣམ་འགྱུར་གྱིས་གཤིས་རྒྱུད་ཀྱི་ནང་དུ་གཙོ་གནས་ཀྱི་ས་འཛིན་པ་དང་། གཤིས་རྒྱུད་ཀྱི་ཁྱད་ཆོས་ནི་བྱིས་པའི་དུས་ནས་སྤྱི་ཚོགས་ཁོར་ཡུག་གི་ཤུགས་རྐྱེན་དང་། སློབ་གསོའི་བག་ཆགས། རང་ཉིད་ཀྱི་མྱོང་བ་བཅས་ཀྱིས་ཡུན་རིང་ལ་བསྐྱངས་ཤིང་གྲུབ་པའི་ཕྱིར་ན། གཤིས་རྒྱུད་ཅིག་གྲུབ་ཟིན་པ་ན་ཅུང་གཏན་འཇགས་སུ་གནས་ཀྱང་། དོན་དངོས་ཀྱི་ཉོག་དྲའི་རང་བཞིན་དང་ཁོར་ཡུག་གི་འཕེལ་རྒྱས་རང་བཞིན་གྱིས་གཤིས་རྒྱུད་ལ་འགྱུར་བ་མཆིས་ཤིང་བཞེང་སྐྲུན་བྱེད་ཐུབ་བོ།།

2 ​རིགས་དབྱེ།

གཅིག དཔེར་མཚོན་རང་བཞིན། སྤྱི་ཚོགས་ཀྱི་ཚོགས་པ་གང་ཞིག་གི་མི་རྣམས་ལ་ཐུན་མོང་གི་ཁྱད་རྟགས་ལྡན་པ་ལ་ཟེར་ཏེ་རྒྱུན་དུ་མི་རིགས་ཀྱི་རང་བཞིན་དང་གྲལ་རིམ་རང་བཞིན། ལས་རིགས་ཀྱི་རང་བཞིན་ལས་མཚོན་པ་ཡིན།

གཉིས། བྱེ་བྲག་གི་རང་བཞིན། མི་སོ་སོར་ལྡན་ཞིང་གཞན་དང་མི་མཚུངས་པའི་གཤིས་རྒྱུད་ཀྱི་ཁྱད་རྟགས་ལྡན་པ་ལ་ཟེར།

གསུམ། ངོ་བོ་འགྱུར་བའི་རང་བཞིན། མིའི་གཤིས་རྒྱུད་གྲུབ་རྗེས་ཅུང་གཏན་འཇགས་ཡིན་མོད། འོན་ཀྱང་སྤྱི་ཚོགས་ཁོར་ཡུག་དང་རང་གི་ཆ་རྐྱེན་འགྱུར་བ་ལྟར་གཤིས་རྒྱུད་ལ་ཡང་འགྱུར་བའི་རང་བཞིན་ལྡན་པས་གཤིས་རྒྱུད་ཀྱི་ངོ་བོ་འགྱུར་བའི་རང་བཞིན་ཟེར།

3 གཤིས་རྒྱུད་དང་གཤིས་ཀ   ནུས་པའི་འབྲེལ་བ།

གཤིས་རྒྱུད་དང་གཤིས་ཀ ནུས་པ་གསུམ་གྱི་བར་དུ་འབྲེལ་བ་ཡོད་དེ། ཐོག་མར་གཤིས་རྒྱུད་དང་གཤིས་ཀའི་འབྲེལ་བ་དམ་ཞིང་། དེ་གཉིས་གཅིག་ལ་གཅིག་སིམ་དང་གཅིག་ཚོད་གཅིག་གིས་འཛིན་པ་དང་། གཉིས་ཀ་མིའི་འཚོ་བའི་ལག་ལེན་དུ་རིམ་གྱིས་གྲུབ་པ་ཡིན། གཤིས་ཀས་སྤྱིར་བཏང་དུ་གཤིས་རྒྱུད་ཀྱི་མཚོན་སྟངས་ལ་ཤུགས་ཐེབས་ཀྱིན་ཡོད་དེ། ཞིབ་འཇུག་བྱས་པ་ལྟར་ན། གཤིས་ཀའི་དབྱེ་སྒོ་མི་འདྲ་བའི་མི་དག་ལ་དེ་མཐུན་གྱི་གཤིས་རྒྱུད་ཁྱད་ཆོས་མི་འདྲ་བ་ལྡན་ཞིང་། གཤིས་ཀའི་དབྱེ་སྒོ་འདྲ་ནའང་གཤིས་རྒྱུད་ཁྱད་ཆོས་མི་འདྲ་བའང་གྲུབ་པས། གཤིས་རྒྱུད་དང་གཤིས་ཀ་གཉིས་ཀ་ལ་ཁྱད་པར་གསལ་བོ་མཆིས། གཤིས་ཀ་ལ་བཟང་ངན་གྱི་ཁྱད་པར་མེད་ཀྱང་། གཤིས་རྒྱུད་ལ་བཟང་ངན་གྱི་དབྱེ་བ་ཡོད་པའི་ཁར། གཤིས་ཀ་མངོན་འགྱུར་བྱེད་པའི་ཁྱབ་ཁོངས་ཆུང་ཡང་། གཤིས་རྒྱུད་ཕྱིར་མངོན་པའི་ཁྱབ་ཁོངས་ཆེ་བར་མ་ཟད། གཤིས་ཀ་དང་གཤིས་རྒྱུད་གཉིས་ཀའང་བསྒྱུར་ཐུབ་མོད། གཤིས་ཀའི་འགྱུར་བ་ཅུང་དལ་ཞིང་། གཤིས་རྒྱུད་ཀྱི་འགྱུར་བ་ཅུང་མགྱོགས། གཞན་དུ་ན། གཤིས་རྒྱུད་དང་ནུས་པའི་འབྲེལ་བའང་ཟམ་སྟེ། གཤིས་རྒྱུད་ཅིག་གྲུབ་པ་ལ་ནུས་པས་རྨང་འདིང་དགོས་པ་དང་། ནུས་པའི་འཕེལ་རྒྱས་ལ་གཤིས་རྒྱུད་ཁྱད་རྟགས་ཀྱི་ཤུགས་ཐེབས་པ་ལས་གཞན་ཡང་། གཤིས་རྒྱུད་ཁྱད་རྟགས་ཀྱིས་ནུས་པའི་ཞན་ཆའང་གསལ་ཐུབ་སྟེ། (བརྩོན་པས་གསང་བ་གཟབ)ཅེས་པས་གཤིས་རྒྱུད་ཀྱིས་ནུས་པ་འཕེལ་རྒྱས་ལ་ཁ་གསབ་བྱེད་པ་བསྟན་ཏོ།།

གཤིས་རྒྱུད་ཀྱི་བྱུང་གྲུབ་དང་འཕེལ་རྒྱས་ཁྲོད་དུ། གཤིས་རྒྱུད་ཀྱི་བྱུང་གྲུབ་དང་འཕེལ་རྒྱས་ལ་ཤུགས་ཐེབས་པའི་རྒྱུ་རྐྱེན་སྣ་མང་ཉོག་དྲ་ཅན་དུ་སྣང་སྟེ། དེ་རུ་ལྷན་སྐྱེས་ཀྱི་རྒྱུ་རྐྱེན་ཡོད་ལ་སྦྱངས་ཐོབ་ཀྱི་རྒྱུ་རྐྱེན་ཡང་ཡོད། ཕྱི་རོལ་གྱི་རྒྱུ་རྐྱེན་ཡོད་ལ་རང་ངོས་ཀྱི་རྒྱུ་རྐྱེན་ཡང་ཡོད་པས། སྦྱངས་ཐོབ་ཀྱི་རྒྱུ་རྐྱེན་སྣ་ཚོགས་དང་ནང་སྒོས་སུ་སློབ་གསོའི་རྒྱུ་རྐྱེན་གྱིས་གཤིས་རྒྱུད་ཀྱི་བྱུང་གྲུབ་དང་འཕེལ་རྒྱས་ཀྱི་ནང་དུ་ནུས་པ་གལ་ཆེན་འདོན་གྱིན་ཡོད། འདིར་བསྟན་གྱི་སློབ་གསོ་ཞེས་པ་ནི་སྒྲ་ཡང་འཇུག་ལྟར་ཏེ། སློབ་གྲྭའི་སློབ་གསོ་ད་ང། ཁྱིམ་ཚང་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ། རང་བློ་རང་གིས་གསོ་བ་བཅས་ལ་བྱ་ཞིང་། དེའི་ནང་དུ་སློབ་གྲྭའི་སློབ་གསོས་འཁྲིད་སྟོན་གྱི་ནུས་པ་འདོན་གྱིན་ཡོད། འོན་ཀྱང་། སློབ་གསོ་བྱེ་བྲག་མང་པོ་མཉམ་དུ་བསྒྲིལ་ན། ད་གཟོད་སློབ་མའི་གཤིས་རྒྱུད་བཟང་བོ་ཞིག་གྲུབ་བོ།།

4 གཤིས་རྒྱུད་ཀྱི་གྲུབ་ཚུལ་དང་སྐྱེད་སྲིང་།

མིའི་གཤིས་རྒྱུད་ནི་ལྷན་སྐྱེས་ཤིག་མིན་ཞིང་སྔ་བརྒྱུད་ཀྱིས་གཤིས་རྒྱུད་གྲུབ་པ་དང་འཕེལ་བའི་རྨང་གཞི་འདོན་པ་དང་གོང་འཕེལ་གྱི་འཕེལ་ཚོད་འདོན་པ་ཡིན་ལ། སྤྱི་ཚོགས་ཁོར་ཡུག་ཁྲོད་དུ་ཁྱིམ་ཚང་དང་སློབ་གྲྭ། གོམས་སྲོལ། ཡུལ་སྲོལ་སོགས་ཀྱི་རྒྱུ་རྐྱེན་གྱིས་མིའི་གཤིས་རྒྱུད་ཀྱི་གྲུབ་ཚུལ་དང་གོང་འཕེལ་ལ་ཐག་གཅོད་ཀྱི་ནུས་པ་ཐོན་ཡོད། ཁྱིམ་བདག་དང་དགེ་རྒན་གྱིས་སློབ་གསོས་ན་གཞོན་དང་གཞོན་ནུའི་གཤིས་རྒྱུད་གྲུབ་པར་ཕྱོགས་སྟོན་གྱི་ནུས་པ་ཐོན་ཡོད། མདོར་ན། ན་གཞོན་དང་གཞོན་ནུའི་གཤིས་རྒྱུད་གྲུབ་པ་ནི་ནང་རྐྱེན་དང་ཕྱི་རྐྱེན་གྱི་ཟུང་འབྲེལ་ལམ་ཕྱི་ཡུལ་དང་རང་ཡུལ་གྱི་ཆ་རྐྱེན་ཟུང་འབྲེལ་ཡིན།

ཁྱིམ་ཚང་གི་ཤུགས་རྐྱེན།

ཁྱིམ་ཚང་གི་ཕ་མ་དང་ཁྱིམ་མི་གཞན་དག་བར་དུ་ངེས་པར་དུ་འཇིག་རྟེན་ལྟ་ཚུལ་དང་དད་མོས། གཤིས་རྒྱུད་སོགས་ཀྱི་སེམས་ཁམས་ཀྱི་ཁྱད་ཆོས་མི་འདྲ་བ་དུ་མ་ལྡན། སེམས་ཁམས་འདྲ་མིན་འདི་དག་གི་ཁྱད་ཆོས་ནི་ཁོ་ཚོས་སྤྱི་ཚོགས་ནང་ཞུགས་པའི་མཐོབ་ཐོས་སྣ་ཚོགས་ཀྱི་ཚུར་སྣང་ཡིན། སྤྱི་ཚོགས་ཀྱི་འབྲེལ་བ་ནི་ཁྱིམ་ཚང་དང་ཁྱིམ་མི་རྒྱུད་ནས་ལོ་ཆུང་བྱིས་པ་ལ་ཤུགས་རྐྱེན་ཐེབས་སུ་འཇུག་པ་རེད། འདི་ནི་བྱིས་པའི་སེམས་ཁམས་འཕེལ་རྒྱས་དང་གཤིག་རྒྱུད་ལེགས་པོ་ཅན་ཞིག་སྐྱེད་སྲིང་བྱེད་པར་ཧ་ཅང་གལ་ཆེ། མིའི་རང་བཞིན་དང་ཀུན་སྤྱོད་ཚད་ལྡན་ཅན་དུ་གཏོང་རྒྱུར་ཕ་མར་རག་ལས། ཕ་མ་ནི་བྱིས་པ་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་ཀྱི་དགེ་རྒན་དང་པོ་ཡིན། ཕ་མའི་སློབ་གསོ་ནི་བྱིས་པའི་གཤིས་རྒྱུད་བཟང་ངན་གང་རུང་གྲུབ་པ་ལ་ཤིན་ཏུ་འབྲེལ་བ་དམ་པོ་ཡོད་པས། གལ་ཏེ་བྱིས་པ་གཅེས་ལངས་ལ་བཏང་ཏེ་སློབ་གསོ་བཏང་ན་བྱིས་པའི་རང་གཤིས་གྱོང་བོ་དང་གཞན་ལས་རང་མཆོག་གི་ང་རྒྱལ་ཆེ་བ། ད་དུང་སེམས་ཁམས་བརྟན་པོ་མིན་པའི་རང་གཤིས་སུ་འགྱུར་སྲིད། དེའི་རྐྱེན་བྱིས་པའི་འདུ་ཤེས་བརྟན་པོར་ཆགས་པ་དང་། བརྩོན་འགྲུས་ཀྱི་རང་བཞིན་ཅན། འགན་ཁུར་སྙིང་སྟོབས་ལྡན་པའི་སྤྱོད་ལམ་ལེགས་པོ་ཞིག་གསོ་སྐྱོང་བྱེད་དཀའ། ཡང་སྡུག་དམོད་གཅར་རྡུང་གི་དྲག་ཤེས་ཀྱི་སློབ་གསོ་བཏང་ན། བྱིས་པའི་ངང་རྒྱུད་ལེ་ལོ་ཅན་དང་། སྤྲོ་སེམས་མེད་པ། ཅི་གསུང་བཀའ་སྒྲུབ། ཉམ་ཆུང་། གཞུང་མི་དྲང་བ། རང་རློམ་མེད་པ། ཨུ་ཚུགས་ཆེ་བ་སོགས་ཀྱི་སྐྱོན་འབྱུང་ངེས། བྱིས་པར་སྲུང་སྐྱོབ་བྱེད་པའི་སློབ་གསོའི་གནས་ཚུལ་འོག ཕ་མས་བྱིས་པར་ལྟ་སྐྱོང་བྱེད་པ་ཐལ་དྲག་ནས་བྱིས་པའི་གཤིས་རྒྱུད་ནི་རྒྱུན་ཏུ་དཔའ་ཞུམ་པ། ནུས་མེད། གཞན་དབང་དུ་གྱུར་བ། སྤྱི་ཚོགས་དང་མི་མཐུན་པ། ལས་ཀ་ལ་མི་དགའ་བ་སོགས་ཀྱི་གནད་དོན་འབྱུང་། སྤྲོ་སེམས་མེད་པའི་སྒོ་ནས་སློབ་གསོ་བཏང་ན། བྱིས་པ་ལ་ཕ་མའི་སེམས་ཁུར་དང་དགའ་ཞེན་ཐོབ་མི་ཐུབ་ལ། ཕེལ་ཆེར་བྱིས་པ་རྣམས་ཀྱི་སེམས་ལ་ཕྲག་དོག་དང་བློ་མི་བདེ་བར་འགྱུར་བར་མ་ཟད། གསར་གཏོད་ཀྱི་ནུས་པའང་ཇེ་ཞན་ལ་འགྲོ་སྲིད། དམངས་གཙོའི་སློབ་གསོའི་བྱེད་ཐབས་སྤྱད་ན། ཕ་མའི་བྱིས་པ་ལ་རེ་བ་ནན་མོ་འདོན་པ་དང་། བྱིས་པའི་སེམས་ནང་དུ་ཕ་མ་ནི་ཆེས་དབང་ཆ་ལྡན་པ། བརྩེ་བ་དང་དུངས་པ་ཡོད་པ་མ་ཟད། བློ་གཏད་རུང་བའི་སྙིང་གི་གྲོགས་པོ་ལྟ་བུ་ཞིག་གི་འབྲེལ་བ་འཛིན་དགོས། འདི་ལྟར་བྱས་ན་བྱིས་པའི་སེམས་ཁམས་གཏན་འཇགས་དང་གཞུང་དྲང་། རང་དབང་དང་བརྩེ་སེམས་ཆེ་བ་མ་ཟད་ད་དུང་རང་རློམ་དང་སྙིང་སྟོབས་འགྱུར་མེད་ཀྱི་ཁྱད་དུ་འཕགས་པའི་མི་གཤིས་བཟང་པོ་ཆགས་སླའོ།།

ཕ་མས་བྱིས་པ་ལ་མིག་དཔེ་སྟོན་རྒྱུ་ནི་བྱིས་པའི་གཤིས་ཀ་འཚར་ལོངས་ལ་ནུས་པ་གལ་ཆེན་འདོན། བྱིས་པས་རང་གི་ཕ་མ་དང་ཁྱིམ་མི་གཞན་དག་གི་མིག་དཔེ་ལ་བརྟེན་ནས་ཀུན་སྤྱོད་དང་སློབ་གསོ་དང་ལེན་བྱེད་པ་དང་། ཉིན་མཚན་མེད་པར་གཞན་གྱིས་སྤྱོད་ལམ་ལ་ལད་ཟློས་དང་རང་ཉིད་ཀྱི་དངོས་ཡོད་འཚོ་བ་དང་མཐུན་པའི་ཀུན་སྤྱོད་ལེགས་པོ་ཞིག་གསོ་སྐྱོང་བྱེད་དགོས་སོ།།

སློབ་གྲྭའི་སློབ་གསོ།

སློབ་གྲྭའི་སློབ་གསོ་ནི་དགེ་རྒན་ལ་བརྟེན་ནས་སློབ་གསོ་མྱོང་མཁན་ལ་དམིགས་ཡུལ་ཡོད་པའི་སློབ་སྦྱོང་གི་དམིགས་འབེན་དང་སྒྲིག་གཞི་ཡོད་པ། འཆར་གཞི་ཡོད་པ་བཅས་ཀྱིས་ཤུགས་རྐྱེན་ཐེབས་པའི་བྱ་བཞག་ཞིག་ཡིན། ལྷག་པར་དུ་བྱིས་པ་སློབ་གསོ་མྱོང་མཁན་ལ་ཐུན་མོང་གི་བྱ་བའི་འགུལ་སྐྱོད་ཁྲོད་འཚོ་བ་དང་སློབ་སྦྱོང་བྱེད་པ་ཡིན།

དགེ་རྒན་གྱི་ཕན་ནུས།

དགེ་རྒན་གྱིས་སློབ་གསོ་ཡིས་བྱིས་པའི་གཤིས་རྒྱུད་ལ་ཤུགས་རྐྱེན་ཐེབས་པ་ཡིན། ཐོག་མར་དགེ་རྒན་རང་ཉིད་ཀྱི་བྱ་སྤྱོད་དང་གཏམ་སྤྱོད་སོགས་སློབ་མའི་སློབ་གསོའི་མིག་དཔེ་རུ་འགྱུར་པར་བྱེད་དགོས། བྱིས་པའི་ལོ་ན་ཅི་ལྟར་ཆུང་ན་དེ་ལྟར་ཤན་ཤུགས་ཐེབས་པ་ཆེ། དེ་ནས། དགེ་རྒན་གྱིས་སློབ་གསོའི་བྱ་འགུལ་མང་པོ་བརྒྱུད་དེ། སློབ་མའི་ལོ་ན་དང་ཆུ་ཚད་ལ་བསྟུན་ནས་སློབ་ཁྲིད་བྱེད་ཐབས་མི་འདྲ་བ་སྤྱོད་དགོས། དེར་མ་ཟད་སྤྱི་ཚོགས་སློབ་གསོའི་རེ་བ་དང་མཐུན་པར་བྱེད་པ་དང་ལྷན་དུ་བྱིས་པའི་སློབ་སྦྱོང་གི་རང་གཤིས་ལེགས་པོ་ཞིག་གསར་བཟོ་གནང་དགོས། སློབ་གསོའི་བརྒྱུད་རིམ་ཁྲོད་དགེ་རྒན་གྱིས་སློབ་མ་ལ་རང་ནུས་ཅི་ལྕོགས་དང་ལྷག་བསམ་ཟོལ་མེད་ཀྱིས་སློབ་མ་ལ་སློབ་གསོའི་ལྟ་སྟངས་ཡག་པོ་འཛིན་པ། སློབ་མ་ཡར་ཐོན་དང་རང་བློ་རང་འཁེལ་གྱི་བསམ་པ་ཡོང་བར་སྐུལ་ལྕག་གཏོང་བ་དང་། རང་གཤིས་ལེགས་པོའི་བྱ་སྤྱོད་བཟང་པོ་ཞིག་གསོ་སྐྱོང་བྱེད་པ། འདི་དག་ཚང་མ་ནི་སློབ་མའི་སློབ་སྦྱོང་བཟང་བོ་བྱེད་པའི་ཐབས་ལམ་ལེགས་ཤོས་ཡིན།

ཐུན་མོང་གི་ཕན་ནུས།

སྔོན་ཐོན་གྱི་ཚོགས་པ་ཞིག་ཡིན་ན་ཐུན་མོང་གི་སྤྱོད་པ་ལེགས་པོའི་ནུས་པ་ཆེན་པོ་ལྡན། དེ་ནི་མཐའ་མེད་པའི་སློབ་གསོའི་ནུས་པ་ཞིག་ཡིན། དེ་ནི་སློབ་མའི་སློབ་སྦྱོང་གི་རང་གཤིས་གསོ་སྐྱོང་བྱེད་པའི་ཕྱིའི་ཆ་རྐྱེན་ལེགས་པོ་ཞིག་ཡིན། སློབ་མའི་ཐུན་མོང་གི་འགུལ་སྐྱོད་ཁྲོད་གསོན་ཉམས་དང་སྤྲོ་སྣང་། སྐྱེན་པོའི་རང་བཞིན་པས་དེ་རྣམས་ཐུན་མོང་གི་འགུལ་སྐྱོད་ལ་སྤྲོ་བ་སྐྱེས་པ་མ་ཟད་སློབ་མའི་སློབ་སྦྱོང་གི་རང་གཤིས་ལེགས་པོ་ཞིག་སྐྱེད་སྲིང་བྱེད་ཐུབ། སློབ་མ་ལག་ལེན་དངོས་ཀྱི་བྱ་འགུལ་ལ་ཞུགས་ཏེ་བྱ་བའི་ཁྲོད་འགན་ཁུར་གཙང་ལེན་དང་ལེགས་འགྲུབ་བྱེད་པ། དེས་བྱ་བའི་འགྲོ་ལུགས་དང་གནད་དོན་ཐག་གཅོད་བྱེད་པའི་རྒྱུད་རིམ་ཁྲོད་རང་ཉིད་ཀྱི་བྱ་བའི་ནུས་པ་མཐོར་འདེགས་དང་སློབ་སྦྱོང་གི་འབྲས་བུ་ཡར་སྐྱེད་འབྱུང་། སློབ་གྲྭའི་ངལ་རྩོལ་དང་རྩལ་སྦྱོང་བྱ་འགུལ་གྱིས་སློབ་མ་ལ་མཐུན་སྒྲིལ་མཛའ་བརྩེ་ལྡན་པའི་ཐུན་མོང་རིང་ལུགས་ཀྱི་སྙིང་སྟོབས་ཡོད། ལས་ཀའི་འབྲས་བུ་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པའི་རང་གཤིས་དང་སྙིང་སྟོབས། དགའ་སྤྲོ། སྒྲིག་སྲུང་། འགན་འཁུར་གྱི་སྙིང་སྟོབས་ཡོད་དགོས་སོ།།

སྤྱི་ཚོགས་ཀྱི་ཤུགས་རྐྱེན།

ང་ཚོའི་འདི་ནས་སྤྱི་ཚོགས་ཤུགས་རྐྱེན་བརྗོད་པ་དེ་གཙོ་བོ་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དར་སྲོལ་ཞེས་པ་དེ་ཡིན། ཡང་གཅིག་བཤད་ན་སྤྱི་ཚོགས་སྟེང་དར་ཁྱབ་ཆེ་བའི་དགའ་ཕྱོགས་དང་གོམས་སྲོལ། སྤྱི་ཚོགས་ཀྱི་གོམས་སྲོལ་འདི་དག་ལམ་ཕྱོགས་འདྲ་མིན་སྣ་ཚོགས་བརྒྱུད་ནས་སློབ་མའི་དགའ་ཕྱོགས་ལ་ཤུགས་རྐྱེན་ཐེབས་པ་རེད། དེ་དག་ལས་ཧ་ཅང་ཤན་ཤུགས་ཆེ་བ་ནི་གློག་བརྙན་དང་བརྙན་འཕྲིན། ཀློག་དེབ་སྣ་ཚོགས་ཡིན། དེ་དག་ལས་ཁྱབ་སྤེལ་དང་མཁོ་སྤྲོད་བྱས་པའི་ནང་དོན་ཅི་ལྟར་བཟང་བ་དང་ཡིད་འགུགས་ཀྱི་ནུས་པ་ཡོད་ན། སློབ་མའི་བརྩེ་དུངས་དང་བསམ་པའི་འཆར་སྒོ་དེ་ལྟར་ཕུན་ཚོགས་སུ་འགྲོ་ངེས། གལ་ཏེ་ཁྱབ་སྤེལ་དང་མཁོ་སྤྲོད་ཀྱི་ནང་དོན་མི་བཟང་པའམ་ཡང་ན་གནོད་པ་ཡོད་པ། ཐ་ན་ལོག་སྤྱོད་ཀྱི་བསམ་བློའི་རང་བཞིན་ལྡན་པ་ཞིག་ཡིན་ན། སློབ་མ་རང་བཞིན་གྱིས་ལེ་ལོ་དང་སྒྱིད་ལུག་གི་རང་གཤིས་ཅན་ལ་གོམས་པར་མ་ཟད། གན་ཉེས་བཟོ་བའི་ལམ་ཕྱོགས་ལ་འགྲོ་བར་ཐག་མི་རིང་། དེ་བས་སློབ་གསོ་གཉེར་མཁན་དང་ཁྱིམ་བདག་གིས་བྱིས་པའི་དཔེ་ཀློག་ལ་མཛུབ་སྟོན་ནན་མོ་བྱེད་དགོས་པ་དང་། ཚད་ལྡན་གྱི་དཔེ་ཆ་ཀློག་པར་འཇུག་པ་ནི་སློབ་མའི་རང་གཤིས་བཟང་བོ་སྐྱོང་བའི་བྱ་བ་གལ་ཆེན་ཞིག་ཡིན།

བྱེ་བྲག་གི་སློབ་གསོ།

ཁོར་ཡུག་དང་སློབ་གསོའི་ཆ་རྐྱེན། མི་རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་མི་འདྲ་བའི་དང་གིས་མི་རེ་རེའི་སྟེང་བྱེ་བྲག་རང་བཞིན་ནམ་དམིགས་བསལ་གྱི་རང་བཞིན་ལྡན། དཔེར་ན། མི་ལ་ལས་སེམས་ཤུགས་འགའ་ཤས་ཀྱིས་འདོད་བློ་ཡིས་གནས་བབ་ལེགས་པོ་འཛིན་པའི་རིགས་གཉིས་ཡོད། དེ་གཉིས་ཀ་འཛོམས་པའི་མི་ནི་སྤྱིར་བཏང་བརྩེ་སེམས་ལྡན་ལ་གྲུང་ཤ་དོད་པོ། ཁ་མི་གྲགས་པ་དང་བརྟན་བརླིང་གཟབ་ནན་ཞིག་ཡིན། དེ་བས་དགེ་རྒན་གྱིས་སློབ་མའི་རང་གཤིས་ངེས་འཛིན་དང་དེ་དང་འཕྲོད་པའི་སློབ་གསོ་བྱེད་ཐབས་མི་འདྲ་བ་སྤྱོད་དགོས། ཐོག་མར་དགེ་རྒན་གྱིས་སློབ་མའི་བརྩོན་འགྲུས་ཀྱི་ཆ་དང་སྒྱུད་ལུག་གི་ཕྱོགས་གང་ཡོད་པ་རྒྱུས་ལོན་གསལ་བོ་བྱེད་དགོས་པ་དང། དེ་ནས་དམིགས་འབེན་དེ་གཞིར་བཟུང་ནས་སློབ་གསོ་ལག་བསྟར་བྱས་ན་འགྲིག དཔེར་ན། སློབ་མ་ལ་ལ་ནི་མི་སེམས་འགུག་པའི་རང་གཤིས་ཡོད་མོད། འོན་ཀྱང་བྱ་བ་སྒྲུབ་དུས་ཟ་རི་ཟི་རེ་ཡིན། སློབ་མ་གཞན་འགའ་ཤས་ནི་བྱ་བ་ཧུར་བརྩོན་དང་སློབ་སྦྱོང་ལ་བརྩོན་འགྲུས་ལྡན་པ་ཞིག་ཡིན་མོད། འོན་ཀྱང་ང་རྒྱལ་ཁེངས་དྲག་ཆེ་བའང་ཡོད། དངོས་ཡོད་གནས་ཚུལ་ལ་གཞིགས་ནས་དགེ་རྒན་གྱིས་དཔའ་བོའི་ལོ་རྒྱུས་དང་སྔོན་བྱོན་དམ་པ་དག་གི་གཏམ་རྒྱུད་དག་བརྗོད་ནས་སློབ་མའི་སེམས་པ་བཟང་པོའི་ཕྱོགས་ལ་ཐབས་ཀྱིས་འགུགས་པར་བྱེད་པར་བརྩོན་དགོས་སོ།།

བྱེ་བྲག་གི་སློབ་གསོ།

འཚོ་བའི་ཁོར་ཡུག་དང་སློབ་གསོའི་ཆ་རྐྱེན། མི་སྒེར་གྱི་འཚོ་བའི་བརྒྱུད་རིམ་དང་བྱ་བར་ཞུགས་པའི་ལག་ལེན་བྱ་འགུལ་སོགས་ཀྱི་རྒྱུ་རྐྱེན་གྱིས་མི་སྒེར་གྱི་རང་གཤིས་ཡང་གཞན་དང་མི་མཚུངས་པ་ཞིག་ཏུ་བསྒྱུར་འགྲོ་བ་རེད། དཔེར་ན། མི་ལ་ལའི་རང་གཤིས་སེམས་ཁམས་ལེགས་པོ་ཡིན་ལ། མི་ལ་ལའི་རང་གཤིས་ཕུགས་འདུན་ལེགས་པོ་ཡིན། དགེ་རྒན་གྱིས་སློབ་མའི་རང་གཤིས་མི་འདྲ་བ་ལ་བརྟེན་ནས་སློབ་གསོ་གཏོང་ཐབས་ཀྱང་མི་འདྲ། ཐོག་མར་དགེ་རྒན་གྱིས་ངེས་པར་དུ་སློབ་མའི་རང་གཤིས་བཟང་ངན་ལ་དབྱེ་འབྱེད་བྱེད་དགོས་ཤིང་། དཔེར་ན་སློབ་མ་ལ་མི་གཞན་ལ་གུས་བཀུར་ལྡན་ཡང་བྱ་བ་བསྒྲུབ་ན་རྩིང་བོ་ཡིན།ཡང་ལ་ལ་བྱ་བ་དང་སློབ་སྦྱོང་ལ་བཟང་ཡང་། ང་རྒྱལ་དང་རང་དོན་ཁོ་ན་བསམ་མཁན་ཡིན་པ་སོགས་དགེ་རྒན་གྱིས་དེ་ལ་དེ་མཐུན་གྱི་སློབ་གསོ་བཏང་ནས་ཁོ་ཚོའི་རང་གཤིས་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་བྱེ་དགོས་པ་རེད། དགེ་རྒན་གྱི་མཛའ་བརྩེའི་རྣམ་འགྱུར་དང་དྲང་བདེན་གྱི་གདེང་འཇོག་ནི་སློབ་མར་རང་གཤིས་ལེགས་པོ་ཞིག་བསྐྱེད་བསྲིང་གནང་བར་དགོས་མཁོ་ཤིན་ཏུ་ཆེ་བ་རེད། ཆེས་མཇུག་མཐའི་དམའ་འབྲིས་རིམ་པའི་སྐབས་སུ་སློབ་སྦྱོང་གི་བྱ་འགུལ་ཁྱབ་རྒྱ་ཆེ་རུ་སོང་ནས་བསམ་གཞིགས་ཀྱི་ནུས་པའང་འཕེལ་རྒྱས་སུ་སོང་བས། རང་ཚོད་འཛིན་པ་དང་། རང་ལ་དོ་དམ་བྱེད་པའི་ནུས་པའང་ཇེ་བཟང་དུ་སོང་ཡོད་མོད། རང་རྟོགས་ཀྱི་བྱ་འགུལ་ཉམས་མྱོང་དབེན་པས། རང་ཉིད་ལ་ཚོད་འཛིན་བྱེད་མི་ཐུབ་པ་རེད། རང་ངམ་གཞན་གྱི་གཤིས་རྒྱུད་ཇི་ལྟར་ཤེས་པ། རང་གཤིས་རྙོག་འཛིང་ཆེ་བའི་དབང་གིས་ད་བར་དུ་ཚང་མས་ཁས་ལེན་པའི་གཞུང་ལུགས་ཤིག་གིས་རང་ཉིད་དང་མི་གཞན་པའི་གཤིས་རྒྱུད་ལ་ཚོད་འཛིན་བྱེད་ཐུབ་མེད་པ་རེད། དེའི་རྐྱེན་གྱིས་ང་ཚོས་ད་ཡོད་ཀྱི་རྣམ་པ་འགར་བརྟེན་ནས་བསམ་བློ་གཏོང་དགོས་པ་རེད། ཐོག་མར་རྣམ་འགྱུར་དང་བློ་ཕུགས་སེམས་ཁམས། རིག་པ་སོགས་སེམས་ཁམས་བཞི་བོ་འདིར་བརྟེན་དགོས་པ་རེད། གཉིས་པ་ནི་ཕྱིའི་བྱ་སྤྱོད་དང་ནང་གི་སྤྱོད་ལམ་ལ་གཞིར་བཟུང་ནས་ཚོད་འཛིན་བྱེད་དགོས་པ་རེད། འདི་ནི་རུའུ་ཧྲིའི་སེམས་ཁམས་རིག་པ་རོང་ཀའོ་ཡིས་གསུངས་པ་རེད། དེའི་རྗེས་ནས་བྱ་སྤྱོད་རང་ཚུགས་ཡིན་མིན་ལ་བརྟེན་ནས་ཚོད་འཛིན་བྱེད་དགོས། འདི་ནི་ཨའོ་ཏི་ལེའི་སེམས་ཁམས་རིག་པ་བ་ཧི་ཏུ་ལི་ཡིས་གསུངས་པ་རེད། བཞི་བ་ནི་མིའི་རིགས་ཀྱི་སྤྱི་ཚོགས་རིག་གནས་འཚོ་བའི་རྣམ་པ་དྲུག་ལ་བརྟེན་ནས་ཚོད་འཛིན་བྱེད་དགོས་པ་རེད། འདི་ནི་འཇར་མན་གྱི་སེམས་ཁམས་རིག་པ་བ་སི་ཕའོ་ལན་ཀུ་ཡིས་གསུངས་པ་རེད། འདི་ནི་འཇར་མན་གྱི་སེམས་ཁམས་རིག་པ་བ་སི་ཕའོ་ལན་ཀུ་ཡིས་གསུངས་པ་རེད། གཞུང་ལུགས་འདི་དང་བསྟུན་ནས་མི་སྒེར་གྱི་རིན་ཐང་མི་འདྲ་བར་དབྱེ་ཞིབ་བྱས་ཡོད་པ་རེད། དེ་ལས་མིའི་རང་གཤིས་རྣམ་པ་དྲུག་ཏུ་དབྱེ་ཡོད་དེ། དཔལ་འབྱོར་རང་བཞིན་ལ་དགའ་བའི་མི། འདི་ལ་དོ་སྣང་བྱེད་མཁན་གྱི་མི་དེས་ཕན་ནུས་གཙོ་བོར་བཟུང་ནས་འཚོ་བའི་དམིགས་ཡུལ་དེ་ཁེ་སྤོགས་དང་རྒྱུ་ནོར་ཐོབ་མིན་ལ་སྙེགས་པ་རེད། གཞུང་ལུགས་ལ་སྤྲོ་བའི་མི། མི་འདིའི་རིགས་ནི་འཛམ་གླིང་གི་གནས་ཚུལ་ལ་མྱུལ་ཞིབ་བྱ་རྒྱུར་སྤྲོ་བ་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པའི་སྒོ་ནས་དངོས་པོར་བརྟག་དཔྱད་བཏང་ནས་དེའི་རང་བཞིན་དང་བདེན་ལུགས་འཚོལ་ཞིབ་བྱེད་པ་དང་། ཚན་རིག་གི་འཚོལ་ཞིབ་ལའང་མཐོང་ཆེན་གནང་ནས་བདེན་ལུགས་འཚོལ་རྒྱུ་ནི་མི་ཚེའི་དམིགས་འབེན་དུ་བཟུང་ཡོད་པ་རེད། དབང་ཆར་དགའ་བའི་མི། མི་འདིའི་རིགས་ནི་དབང་ཆའི་འདུ་ཤེས་དང་དེ་ལོངས་སྤྱོད་བྱེད་པར་དགའ་བ་རེད། འཚོ་བའི་རིན་ཐང་དང་ཆེས་མཐོ་བའི་མི་ཚེའི་དམིགས་འབེན་ཡང་དབང་ཆ་ཞིག་འཐོབ་རྒྱུ་ལས་མ་འདས། སྤྱི་ཚོགས་ལ་དགའ་བའི་མི། མི་འདིའི་རིགས་ནི་གཞན་ལ་སེམས་ཁུར་དང་རོགས་རམ་སོགས་སྤྱི་ཚོགས་ལ་ཞབས་འདེགས་བྱེད་རྒྱུ་ནི་མི་ཚེའི་དམིགས་འབེན་ཡིན་པ་རེད། ཆོས་ལུགས་ལ་དགའ་བའི་མི། མི་འདིའི་རིགས་ནི་ཆོས་ལུགས་ལ་དད་པ་ཡོད་ཅིང་། ལྷ་ཡོད་སྨྲ་བའང་ཡིན། ཆོས་ལུགས་ལ་དད་པ་བྱེད་རྒྱུ་ནི་མི་ཚེའི་མཆོག་ཏུ་བརྩི་བ་རེད། རང་གི་གཤིས་ཀར་ཚོད་འཛིན་བྱེད་ཐུབ་ཚེ། རང་ཉིད་ཀྱི་གཤིས་ཀ་གང་ལ་གཏོགས་པའང་ཤེས་ཐུབ་པ་རེད། རང་གཤིས་ཁྱད་ཆོས་ལྡན་པ་དེས། རང་ཉིད་ཀྱི་མི་འདང་སའམ་ལེགས་ཕྱོགས་ཀྱི་ཆ་རྣམས་བཟང་བོར་བསྒྱུར་ཐུབ་པ་དང་། ལྷག་པར་དུ་དགེ་རྒན་གྱིས་སློབ་མའི་རང་གཤིས་ལ་ཚོད་འཛིན་བྱེད་དོན་ནི་གཙོ་བོ་རང་གཤིས་ཐག་གཅོད་དང་། སྤྱོད་ལམ་ལ་སློབ་གསོ་གཏོང་བ། ཁྱིམ་ཚང་གི་སློབ་གསོ་ལ་དམིགས་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-03

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།