ཀུན་རྟོག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཀུན་རྟོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བརྡ་འགྲེལ།)

ཀུན་རྟོག
ཀུན་རྟོག་ནི་མིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ཤེས་རྟོགས་བྱེད་པའི་གོ་རིམ་དུ་ཐད་ཀར་ཡིད་ཤེས་དབང་བོར་བྱེད་པའི་བྱུང་བའི་བྱ་དངོས་ཡིད་ཤེས་དང་དབང་ཤེས་བྱེད་པའམ། ཡང་ན་ཡིད་ཤེས་དང་དབང་ཤེས་བྱས་མྱོང་བའི་བྱ་དངོས་ཀྱི་འཆར་སྣང་ཕྱིར་དྲན་བྱེད་ཐུབ་པར་མ་ཟད། བསམ་གཞིགས་གཏོང་བའི་འོག་ཏུ་ད་དུང་ཀླད་པར་བརྒྱུད་མ་མྱོང་བ་དང་། དོན་དངོས་སུ་ད་དུང་མི་གནས་པའམ་གཏན་ནས་གནས་མི་སྲིད་པའི་བྱ་དངོས་ཀྱི་གཟུགས་བརྙན་ག་གེ་མོ་གསར་སྐྲུན་བྱེད་ཐུབ་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
记忆
ཕྱི་ཡིག་གི་མིང་།
Thought
བསླབ་ཚན།
ཀུན་རྟོག་རིག་པ།
ཁོངས་རྟོགས།
ཚོར་ཤེས་མ་ལག
1 གོ་དོན།                                                      

མིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ཤེས་རྟོགས་བྱེད་པའི་གོ་རིམ་དུ་ཐད་ཀར་ཡིད་ཤེས་དབང་བོར་བྱེད་པའི་བྱུང་བའི་བྱ་དངོས་ཡིད་ཤེས་དང་དབང་ཤེས་བྱེད་པའམ། ཡང་ན་ཡིད་ཤེས་དང་དབང་ཤེས་བྱས་མྱོང་བའི་བྱ་དངོས་ཀྱི་འཆར་སྣང་ཕྱིར་དྲན་བྱེད་ཐུབ་པར་མ་ཟད། བསམ་གཞིགས་གཏོང་བའི་འོག་ཏུ་ད་དུང་ཀླད་པར་བརྒྱུད་མ་མྱོང་བ་དང་། དོན་དངོས་སུ་ད་དུང་མི་གནས་པའམ་གཏན་ནས་གནས་མི་སྲིད་པའི་བྱ་དངོས་ཀྱི་གཟུགས་བརྙན་ག་གེ་མོ་གསར་སྐྲུན་བྱེད་ཐུབ། དཔེར་ན། ང་ཚོས་མི་གཞན་པའི་ངག་ཐོག་དང་ཡང་ན་ཡི་གེས་ཇི་བཞིན་བརྗོད་པ་ལ་བརྟེན་ནས་ཀླད་པའི་ནང་དུ་ཡོད་ཟིན་པའི་འཆར་སྣང་སྤྱད་དེ་ལས་སྣོན་དང་སྒྱུར་བཀོད་བྱས་ནས། ང་ཚོ་སླེབས་མ་མྱོང་བའི་བྱང་སྣེ་དང་མྱ་ངན་ཐང་ཆེན་པོ། ཟླ་བའི་གོ་ལ་སོགས་ལྟ་བུའི་གཟུགས་བརྙན་ཆགས་ཐུབ་པ་དང་། ཚན་རིག་ལག་རྩལ་མི་སྣས་འཕྲུལ་འཁོར་གསར་པ་ཇུས་འགོད་པའི་སྐབས་སུ་ཀླད་པའི་མི་གནས་པའི་ཐོན་རྫས་གསར་བའི་གཟུགས་བརྙན་གསར་སྐྲུན་བྱེད་ཐུབ་པ། རྩོམ་རིག་པས་དོན་དངོས་སུ་གནས་མི་སྲིད་པའི་ལྷ་སྒྲུང་གཏམ་རྒྱུད་གསར་སྐྲུན་བྱེད་ཐུབ་པ། གཞོན་ནུ་དང་བྱིས་པས་སློབ་སྦྱོང་བྱེད་པ་དང་རྩེད་མོ་རྩེ་བ། དེ་མིན་སློབ་གསེང་གི་ཀློག་དེབ་ལྟ་ཀློག་བྱེད་པ་ལ་སོགས་པའི་འགུལ་སྐྱོད་དུའང་རྟག་པར་ཀླད་པར་གཟུགས་བརྙན་གསར་བ་མང་པོ་ཞིག་གསར་སྐྲུན་བྱེད་ཐུབ་པ་ལྟ་བུའོ།། འཆར་སྣང་ཡོད་པའི་རྨང་གཞིའི་སྟེང་དུ་ཀླད་པར་གཟུགས་བརྙན་གསར་སྐྲུན་བྱེད་པའི་གོ་རིམ་དེ་ནི་ཀུན་རྟོག་རང་ཡིན་ནོ།། ཀུན་རྟོག་གི་གཟུགས་བརྙན་ཇི་འདྲ་ཁྱད་མཚར་པོ་ཡིན་རུང་གཟུགས་བརྙན་གསར་པ་འགྲུབ་པའི་དཔྱད་གཞི་དེ་གང་ལྟར་ཀྱང་ཕྱི་རོལ་ཡུལ་གྱི་དོན་དངོས་ནས་བྱུང་བ་ཡིན། ང་ཚོས་ཀླད་པར་སྔར་ནས་ཡོད་པའི་གངས་དང་འཁྱག་རོམ་ཆགས་པ་ལ་སོགས་པའི་འཆར་སྣང་ལ་ལས་སྣོན་དང་སྒྱུར་བཀོད་བྱས་ནས་ད་གཟོད་བྱང་སྣེའི་གཟུགས་བརྙན་ཆགས་པ་རེད། འཕྲུལ་འཁོར་གསར་བའི་དཔེ་དབྱིབས་ཇུས་གཞི་འགོད་པར་ཡོད་ཟིན་པའི་འཕྲུལ་འཁོར་ལྷུ་ཚིགས་མང་པོའི་འཆར་སྣང་དགོས་པ་རེད། དེ་དང་མཚུངས་པར་ལྷ་སྒྲུང་གཏམ་རྒྱུད་ནང་གི་གནས་ཚུལ་ཡང་མི་རྣམས་ཀྱིས་ཕྱི་རོལ་ཡུལ་གྱི་དོན་དངོས་ནང་གི་མི་དང་དངོས་པོའི་གཟུསཝགས་བརྙན་གཞིར་བཟུང་ནས་ཀུན་རྟོག་གིས་སྐྲུན་པའི་གཟུགས་བརྙན་གསར་པ་ལོས་ཡིན། བལྟས་ཚོད་དུ་དོན་དངོས་ལས་བརྒལ་བ་འདྲ་བའི་ཚན་རིག་གི་འཆར་སྒོ་གཏམ་རྒྱུད་དམ་གློག་བརྙན་ཐམས་ཅད་ཀྱང་དོན་དངོས་ཀྱི་རྨང་གཞི་དང་འབྲལ་མི་སྲིད། དེའི་ཕྱིར་ཀུན་རྟོག་དེ་བསམ་པའི་གོ་རིམ་གཞན་དག་དང་འདྲ་བར་དེའང་ཕྱི་རོལ་ཡུལ་གྱི་དོན་དངོས་ཚུར་མངོན་པ་ཡིན་པས། དེ་ནི་སྔར་གྱི་ཡིད་ཤེས་དང་དབང་ཤེས་ཀྱི་དཔྱད་གཞི་མེད་ན་ཀུན་རྟོག་འབྱུང་མི་ཐུབ། སྐྱེས་ཐོབ་ཀྱི་མིག་ལྡོང་བ་ཞིག་གིས་མེ་ཏོག་སྣ་བརྒྱ་ཁྲ་ལམ་མེར་བཞད་པ་དང་ཁ་དོག་སྣ་ཚོགས་རྣམ་པར་བཀྲ་བའི་དཔྱིད་དཔལ་བློ་ཡུལ་ལ་འཆར་དཀའ་བ་དང་། སྐྱེས་ཐོབ་ཀྱི་འོན་པས་གཞས་གདངས་སྙན་པའི་རོལ་དབྱངས་བློ་ལ་གཏན་ནས་འཆར་མི་ཐུབ། དེའི་ཕྱིར་ཡིད་ཤེས་དང་དབང་ཤེས་ཀྱི་དཔྱད་གཞི་ཇི་ཙམ་ཕུན་སུམ་ཚོགས་པ་ཡིན་ན། ཀུན་རྟོག་ཀྱང་དེ་ཙམ་ཕུན་སུམ་ཚོགས་པ་ཡིན། དེ་ལས་ལྡོག་ན་ཀུན་རྟོགས་ཀྱང་དེ་ཙམ་དམན་ཞིང་། སྐབས་རེར་ཐ་ན་ནོར་འཁྲུལ་ཡང་འབྱུང་སྲིད་དོ།།

སྐྱེ་ཁམས་ཕྱོགས་ནས་བལྟས་ན། གལ་སྲིད་དྲན་ཤེས་ནི་ཀླད་ཆེན་སྐྱི་རིམ་སྟེང་དུ་གནས་སྐབས་སུ་འབྲེལ་འདྲིས་བྱེད་པར་ཆགས་པ་དང་སླར་གསོ་ཡིན་ན། ཀུན་རྟོག་ནི་ཀླད་ཆེན་སྐྱི་རིམ་སྟེང་དུ་སྔར་ནས་ཡོད་པའི་གནས་སྐབས་ཀྱི་དབང་རྩའི་འབྲེལ་འདྲིས་དེ་ཡང་བསྐྱར་ཕྱོགས་བསྡུས་བརྒྱུད་པ་དང་འབྲེལ་གསར་པ་ཆགས་པའི་གོ་རོམ་ཡིན།

2 རྣམ་གྲངས།

སྣང་མེད་ཀུན་རྟོག

སྔོན་བཀོད་ཀྱི་དམིགས་ཡུལ་མེད་པ་དང་། ཕོག་ཐུག་ངེས་ཅན་གྱི་ཤུགས་རྐྱེན་ཐེབས་པའི་འོག་ཏུ་རང་དབང་མེད་པར་བྱུང་བའི་ཀུན་རྟོག་ལ་སྣང་མེད་ཀུན་རྟོག་ཟེར་ཏེ། དཔེར་ན། དགེ་རྒན་གྱིས་སློབ་ཁང་དུ་གནས་ཚུལ་ག་གེ་མོ་བཤད་པའི་སྐབས་སུ་བྱིས་པས་སྐབས་རེར་སློབ་གཞིའི་ནང་དོན་དང་བྲལ་ནས་རང་དབང་མེད་པར་ཀུན་རྟོག་གི་གཤོག་རྩལ་གྱིས་ནམ་འཕང་གཅོད་པས། ཕར་བལྟས་ན་སློབ་ཁྲིད་ལ་ཉན་པ་དོན་དངོས་སུ་ཀུན་རྟོག་དེ་སྔར་ནས་ཐག་རིང་དུ་བཞུད་པ་རེད། དེ་ནི་སྣང་མེད་ཀུན་རྟོག་ཡིན། རྨི་ལམ་ནི་སྣང་མེད་ཀུན་རྟོག་གི་རྩེར་སོན་པའི་གནས་ཚུལ་ཡིན། གཉིད་པའི་དུས་སུ་ཀླད་ཆེན་གྱི་སྐྱི་རིམ་དུ་འཐིབ་པའི་རང་བཞིན་གྱི་བཟོད་གཅུན་ཞིག་འབྱུང་ལ། གལ་ཏེ་བཟོད་གཅུན་འཕེལ་བ་དེ་དོ་མི་མཉམ་ན། ཀླད་ཆེན་སྐྱི་རིམ་སྟེང་གི་ཁྱབ་ཁོངས་ཁ་ཤས་ཀྱི་དབང་རྩའི་ཕྲ་ཕུང་སྔར་བཞིན་སྤྲོ་ངར་ལངས་པའི་ཚུལ་དུ་གནས་པས་རྨི་ལམ་རྨིས་སྲིད། རྨི་ལམ་དེའང་ཀླད་ཆེན་སྐྱི་རིམ་གནས་སྐབས་སུ་འབྲེལ་འདྲིས་བྱེད་པའི་འཁྲུག་ཆ་དང་བཅོས་སྒྲིག་ཡིན། མི་རྣམས་ཀྱི་རྨི་ལམ་དེ་སྐབས་འགར་གཞི་འཛིན་ས་སྤུ་ཙམ་མེད་པས་དོན་དངོས་དང་བྲལ་ནས་ཐག་རིང་བ་དང་འདྲ་མོད། ཡིན་ནའང་རྨི་ལམ་གྲུབ་པའི་དཔྱད་གཞི་ཡོད་དགུ་ཚང་མ་ནི་རང་ཉིད་བརྒྱུད་མྱོང་བའི་བྱ་དངོས་ཡིན་ཐག་ཆོད་རེད། དེའི་ཕྱིར་རྨི་ལམ་དོན་དངོས་ཚུར་སྣང་བའང་ཡིན་ནོ།།

སྣང་ལྡན་ཀུན་རྟོག

མིས་དམིགས་ཡུལ་ངེས་ཅན་ཞིག་གཞིར་བཟུང་ནས་རང་རྟོགས་ཀྱིས་སྤེལ་བའི་ཀུན་རྟོག་ལ་སྣང་ལྡན་ཀུན་རྟོག་ཟེར། མིས་ལག་ལེན་གྱི་འགུལ་སྐྱོད་དུ་འགུལ་སྐྱོད་ཀྱི་ལས་འགན་ག་གེ་མོ་ཡོངས་སུ་འགྲུབ་ཆེད་སྤེལ་བའི་དྲན་འཆར། བྱིས་པས་སློབ་སྦྱོང་བྱེད་པའི་གོ་རིམ་དུ་སློབ་སྦྱོང་གི་ལས་འགན་ག་གེ་མོ་ཡོངས་སུ་འགྲུབ་པར་ཤེས་ཡོན་ག་གེ་མོ་སེམས་ལ་འཆར་བ་བཅས་མང་ཤོས་ཀུན་རྟོག་དེའི་རིགས་སུ་གཏོགས་པ་རེད།

བསྐྱར་སྐྲུན་ཀུན་རྟོག

བསྐྱར་སྐྲུན་ཀུན་རྟོག་ནི་ཐ་སྙད་ཀྱིས་མཚོན་པ་ལྟར་རམ་མཚོན་རིས་ལྟར་ཡང་ན་དཔེ་དབྱིབས་དང་། བརྡ་རྟགས་ལ་སོགས་པའི་འབྲི་ཚུལ་གཞིར་བཟུང་ནས་མིའི་ཀླད་པ་གཟུགས་དབྱིབས་གསར་པ་འབྱུང་བའི་སེམས་ཚུལ་གྱི་གོ་རིམ་ཡིན། དཔེར་ན། ཨར་ལས་བཟོ་པས་འཛུགས་སྐྲུན་གྱི་དཔེ་རིས་ལྟར་འཛུགས་སྐྲུན་དངོས་པོའི་གཟུགས་བརྙན་སེམས་ལ་འཆར་བ་དང་། འཕྲུལ་འཁོར་བཟོ་བས་འཕྲུལ་འཁོར་གྱི་དཔེ་རིས་འཕྲུལ་འཁོར་ལངས་གཟུགས་ཀྱི་གཟུགས་བརྙན་སེམས་ལ་འཆར་བའི་ཀུན་རྟོག་ཚང་མ་ནི་བསྐྱར་སྐྲུན་གྱི་ཀུན་རྟོག་ལ་གཏོགས་པ་རེད། བསྐྱར་སྐྲུན་ཀུན་རྟོག་ལ་གསར་སྐྲུན་རང་བཞིན་ངེས་ཅན་ཡང་ཡོད། ནན་ཏན་གྱིས་བཤད་ན་གསར་སྐྲུན་རང་བཞིན་མི་ལྡན་པའི་ཀུན་རྟོག་མེད། མི་སོ་སོ་ཚང་མས་རང་ཉིད་ཀྱི་འཆར་སྣང་གསོག་པ་དང་། འཚོ་བའི་ལོ་རྒྱུས། བརྩེ་དུང་ཉམས་ལེན་ལ་སོགས་པ་ལྟར་ཧ་ལམ་འདྲ་ཡང་རྦད་དེ་མི་འདྲ་བའི་ལྗོངས་རིས་གསར་སྐྲུན་བྱེད་ཐུབ།

བསྐྱར་སྐྲུན་ཀུན་རྟོག་དེའི་མིའི་འཚོ་བར་དོན་སྙིང་གལ་ཆེན་ལྡན་འདུག མི་རྣམས་ཀྱིས་བསྐྱར་སྐྲུན་གྱི་ཀུན་རྟོག་ལ་བརྟེན་ནས་རང་ཉིད་ཀྱི་གུ་དོག་པའི་འཚོ་བའི་འཁོར་ལས་ཐར་བར་བྱས་ནས། གཟུགས་བརྙན་དང་ལྡན་པའི་སྒོ་ནས་རང་ཉིད་ཀྱིས་ཡིད་ཤེས་དང་དབང་ཤེས་བྱེད་མ་མྱོང་བའམ་དངོས་སུ་ཡིད་ཤེས་དང་དབང་ཤེས་བྱེད་ཐབས་མེད་པའི་བྱ་དངོས་ཤིག་ཤེས་ཐུབ་སྟེ། དཔེར་ན། གནའ་རབས་ཀྱི་ལོ་རྒྱུས་དོན་རྐྱེན་སློབ་ཚེ། ང་ཚོས་ཚིག་གི་རྒྱས་བཤད་དང་དོན་འགྲེལ་རི་མོ་ལ་སོགས་པའི་བྲིས་ཚུལ་ལྟར། བསྐྱར་སྐྲུན་ཀུན་རྟོག་བེད་སྤྱད་ན་ད་དུང་ང་ཚོར་འཕྲད་པའི་ཤེས་ཡོན་སྣ་ཚོགསག་ལྷག་པར་དངོས་གཟུགས་ཅན་དང་ལྷག་པར་གསོན་ཉམས་ལྡན་པར་འགྱུར་ཐུབ་པས། ང་ཚོས་ཤེས་ཡོན་རྟོགས་པ་དང་དྲན་པ་སྐུལ་བར་རོགས་རམ་བྱེད།

གསར་སྐྲུན་གྱི་ཀུན་རྟོག

གསར་སྐྲུན་གྱི་ཀུན་རྟོག་ནི་དམིགས་ཡུལ་དང་ལས་འགན་ངེས་ཅན་ལྟར་ཡང་ཚུགས་ཀྱིས་བྱ་དངོས་གསར་བའི་འཆར་སྣང་སྐྲུན་པའི་སེམས་ཀྱི་གོ་རིམ་ཡིན། དཔེར་ན། བཟོ་པ་དང་ཞིང་བ། ལག་རྩལ་མི་སྣ་བཅས་ཀྱིས་ཐོན་སྐྱེད་ཡོ་བྱད་དང་བཀོལ་བའི་བྱེད་ཐབས་ལེགས་སྒྱུར་དང་གསར་བཅོས། གསར་དུ་བཏོད་པ་བཅས་ཀྱི་སྐོར་དང་རྩོམ་རིག་པས་ཚན་རིག་ཞིབ་འཇུག་གི་ཇུས་འགོད་པའི་སྐོར་ལ་སོགས་པ་ཚང་མ་ནི་གསར་སྐྲུན་གྱི་ཀུན་རྟོག་གོ་རིམ་ཡིན། གསར་སྐྲུན་གྱི་ཀུན་རྟོག་ནི་ད་ཡོད་ཀྱི་རང་བཞིན་བརྗོད་པ་ལྟར་གཟུགས་བརྙན་གསར་བ་བཟོ་བ་མ་ཡིན་པར། ཀླད་པར་རང་ཚུགས་ཀྱིས་གཟུགས་བརྙན་གསར་པ་གསར་དུ་སྐྲུན་པ་དེ་ཡིན། དེའི་ཕྱིར་དེར་གསར་སྐྲུན་རང་བཞིན་དང་རང་ཚུགས་རང་བཞིན། དཔེ་གསར་རང་བཞིན་ལ་སོགས་པའི་ཁྱད་ཆོས་ལྡན་པ་རེད། གསར་སྐྲུན་གྱི་ཀུན་རྟོག་དེ་བསྐྱར་སྐྲུན་ཀུན་རྟོག་ལས་ཀྱང་རྙོག་འཛིང་ཆེ་ཞིང་དཀའ་ཁག་ཆེ་བས་ཡོད་ཟིན་པའི་ཚོར་སྣང་གི་དཔྱད་གཞི་ལ་གཏིང་ཟབ་མོར་དབྱེ་ཞིབ་དང་ཕྱོགས་བསྡུས་བྱེད་དགོས་ཤིང་། ཀླད་པར་གསར་སྐྲུན་རང་བཞིན་ལྡན་པའི་བསམ་བློ་གཏོང་དགོས། དཔེར་ན། ལུའུ་ཞུན་གྱིས་གསར་སྐྲུན་བྱས་པའི༼ ཨQ ༽ཞེས་པའི་དམིགས་བསལ་རང་བཞིན་ལྡན་པའི་གཟུགས་བརྙན་གསར་བ་དེ་ནི་དཔྱད་གཞི་འདེམ་པ་དང་། དབྱེ་ཞིབ་ཕྱོགས་བསྡུས་ནན་མོ་བྱས་ནས་ཚད་མཐོན་པོའི་གསར་སྐྲུན་གྱི་བསམ་བློའི་རྨང་གཞིའི་སྟེང་གསར་སྐྲུན་བྱས་པ་རེད། དེ་ནི་ཀློག་པ་པོས《ཨQ གཏམ་རྒྱུད》བཀླགས་ནས་ཀླད་པར་བསྐྱར་དུ ༼ ཨQ ༽གཟུགས་བརྙན་བཟོ་བ་ལས་དཀའ་ཁག་ཧ་ཅང་ཆེ་བའི་གོ་རིམ་ཞིག་ཡིན།

འཕྲུལ་སྣང་།

འཕྲུལ་སྣང་ནི་ཀུན་རྟོག་གསར་དུ་སྐྲུན་པའི་དམིགས་བསལ་ཅན་གྱི་རྣམ་པ་ཞིག་ཡིན་ཞིང་། དེ་ནི་རང་ཉིད་ཀྱི་རེ་སྨོན་དང་ཕན་ཚུན་འབྲེལ་བར་མ་ཟད་འབྱུང་སྲིད་པའི་དངོས་ཀྱི་ཀུན་རྟོག་སྟོན་པ་རེད། དེ་དང་སྤྱི་བཏང་གི་ཀུན་རྟོག་གསར་སྐྲུན་ལ་མི་འདྲ་བ་གཉིས་ཡོད་དེ། དང་པོ་ནི་འཕྲུལ་སྣང་དེ་རང་ཉིད་ཀྱི་རེ་སྨོན་དང་ཕན་ཚུན་འབྲེལ་འདུག དཔེར་ན། གཞོན་ནུ་དང་བྱིས་པས་རང་ཉིད་འཇིག་རྟེན་མཁའ་སྐྱོད་པ་དང་མཚོ་འགྲུལ་བ། ཚན་རིག་པ། འཁྲབ་སྟོན་པ་སོགས་པ་ཞིག་ཏུ་འགྱུར་བར་འཕྲུལ་སྣང་སྐྱེས་པ་ནི་རང་ཉིད་ཀྱི་འདོད་ཕྱོགསག་དང་ཕན་ཚུན་འབྲེལ་འདུག

གསར་སྐྲུན་ཀུན་རྟོག་གི་གཟུགས་བརྙན་དེར་རྩོམ་པ་པོའི་རེ་སྨོན་མཚོན་པའི་ངེས་པ་མེད། དཔེར་ན། ལུའུ་ཞུན་གྱིས་གསར་དུ་སྐྲུན་པའི་ཨQཡི་གཟུགས་བརྙན་ནི་ཁོས་རེ་བ་བྱེད་པའི་མི་སྣའི་གཟུགས་བརྙན་མིན་པ་སྨོས་མི་དགོས་པ་རེད། གཉིས་པ་ནི་འཕྲུལ་སྣང་དེ་རྟག་པར་མིག་སྔའི་གསར་དུ་སྐྲུན་པའི་འགུལ་སྐྱོད་དང་ཐད་ཀར་འབྲེལ་འདྲིས་མེད་པར་འབྱུང་འགྱུར་གྱི་འགུལ་སྐྱོད་ལ་ཚོད་དཔག་བྱེད་པ་རེད། དཔེར་ན། གོང་གི་དཔེ་ལས་བཤད་པའི་བྱིས་པས་འབྱུང་འགྱུར་མེས་རྒྱལ་གྱི་འཇིག་རྟེན་འཕུར་གྲུར་བསྡད་དེ་བར་སྣང་ཁམས་སུ་འཁོར་སྐྱོད་བྱེད་པ་དང་། ཡང་ན་འབྱུང་འགྱུར་གསར་གཏོད་དང་གསར་སྐྲུན་བྱས་ཚན་རིག་པ་ཞིག་བྱེད་པར་འཕྲུལ་སྣང་སྐྱེས་པ་ནི་འབྱུང་འགྱུར་གྱི་འགུལ་སྐྱོད་ལ་ཚོད་དཔག་བྱེད་པ་དང་བློ་ཁ་ཕྱོགས་པ་ཁོ་ན་ཡིན་པ་ལས་མིག་སྔའི་ཐད་ཀའི་གསར་སྐྲུན་འགུལ་སྐྱོད་དང་ཕན་ཚུན་འབྲེལ་བ་མིན་ནོ།། འཕྲུལ་སྣང་དེ་ཐད་ཀར་གསར་སྐྲུན་འགུལ་སྐྱོད་དུ་ཁྲིད་པའི་ངེས་པ་མེད་རུང་། དགེ་མཚན་ལྡན་པའི་འཕྲུལ་སྣང་ནི་ཀུན་རྟོག་གསར་དུ་སྐྲུན་པའི་སྒུལ་ཤུགས་ཡིན། འཕྲུལ་སྣང་ཁྲོད་དུ་མིས་ལས་ཀའི་རྗེས་འབྲས་སྔོན་དུ་མཐོང་བ་དང་། འཕྲུལ་སྣང་ཁྲོད་དུ་ཕྱིན་ཆད་སྤྱི་ཚོགས་འཚོ་བར་རེ་བ་བྱེད་པའི་འཕོ་འགྱུར་ཡང་མངོན་པ་རེད། འཕྲུལ་སྣང་དེས་མིར་ཧུར་བརྩོན་གྱིས་འགུལ་སྐྱོད་སྤེལ་བ་དང་། མིས་དཔའ་ངར་ཞུམ་མེད་ཀྱིས་དཀའ་ངལ་སེལ་བ། བློ་བརྟན་འགྱུར་མེད་གྱིས་བཀོད་པའི་དམིགས་ཚད་ཀྱི་ཕྱོགས་སུ་མདུན་དུ་སྐྱོད་པ། མི་རྣམས་ཀྱིས་སློབ་སྦྱོང་དང་ལས་ཀར་གསར་སྐྲུན་རང་བཞིན་དང་ཧུར་བརྩོན་རང་བཞིན་སྤེལ་བར་སྐུལ་མ་གཏོང་བ་བཅས་བྱེད་དུ་འཇུག་དགོས། འཕྲུལ་སྣང་ལ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་ཕྱི་རོལ་ཡུལ་གྱི་དོན་དངོས་འཕེལ་བའི་ཆོས་ཉིད་གཞིར་བཟུང་བས་དེ་ནི་མངོན་འགྱུར་འབྱུང་ཐུབ་པ་ཞིག་རེད། འཕྲུལ་སྣང་དེ་ནི་ཕུགས་བསམ་རང་ཡིན་ནོ།། འཕྲུལ་སྣང་རིགས་དེས་མཛེས་སྡུག་ལྡན་པའི་ཕུགས་གྱི་ཡུལ་ལྗོངས་དེ་མི་རྣམས་ཀྱི་མདུན་དུ་མངོན་གསལ་དུ་མཚོན་ཐུབ་ཅིང་། མི་རྣམས་ལ་རང་ཉིད་ཀྱིས་དེའི་ཆེད་དུ་འབད་བརྩོན་བྱེད་པའི་འབྱུང་འགྱུར་གྱི་འོད་ཟེར་ལྡན་པའི་ཡུལ་ལྗོངས་དེ་མི་རྣམས་ཀྱི་མདུན་དུ་མངོན་གསལ་དུ་མཚོན་ཐུབ་ཅིང་། མི་རྣམས་ལ་རང་ཉིད་ཀྱིས་དེའི་ཆེད་དུ་འབད་བརྩོན་བྱེད་པའི་འབྱུང་འགྱུར་གྱི་འོད་ཟེར་ལྡན་པའི་ཡུལ་ལྗོངས་མཐོང་དུ་འཇུག་ཐུབ་པས། མི་རྣམས་ཀྱིས་དཀའ་ངལ་གྱི་མདུན་བསུས་ནས་འཐབ་པ་དང་རྒྱུུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་མ་གཏོང་ཐུབ། རིགས་གཞན་གཅིག་ནི་དོན་དངོས་ཀྱི་འཚོ་བ་འཕེལ་བའི་ཆོས་ཉིད་དང་རྦད་དེ་བྲལ་བར་མ་ཟད་མངོན་འགྱུར་བྱེད་ཐུབ་པའི་ངེས་པ་སྤུ་ཙམ་ཡང་མེད། འཕྲུལ་སྣང་རིགས་དེ་ནི་སྟོང་བསམ་རང་ཡིན་ནོ།།

སྟོང་བསམ་ནི་གནོད་པ་ལྡན་པའི་འཕྲུལ་སྣང་ཞིག་ཡིན། དེས་མི་རྣམས་མདུན་དུ་སྐྱོད་པར་ཡར་སྐུལ་གཏོང་མི་ཐུབ་པར་དེ་ལས་ལྡོག་སྟེ་མི་རྣམས་འཚོ་བ་དངོས་དང་འདྲ་བར་སྣེ་ཁྲིད་བྱེད་ཅིང་། འགལ་རྐྱེན་བཟོ་བ་དང་ཡིད་ཕམ་དུ་འཇུག འཕྲུལ་སྣང་གི་གཤིས་ཀ་དེ་མི་རེའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེ་ལྟ་ཚུལ། ཡང་ན་བསམ་པའི་སྣང་ཚུལ་བཅས་དང་དམ་པོར་འབྲེལ་འདུག ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ་གྱི་མཛུབ་སྟོན་འོག་ཏུ་དོན་དངོས་ཀྱི་འཚོ་བ་འཕེལ་བའི་ཆོས་ཉིད་ལ་མཐུན་པ་དང་མངོན་དུ་འགྱུར་ཐུབ་པའི་ཕུགས་བསམ་ཆེན་པོ་འཛུགས་ཐུབ། དོན་སྙིང་དེ་ཉིད་ཀྱི་སྟེང་དུ་ལེ་ཉིན་གྱིས་འཕྲུལ་སྣང་དེར་མཆོག་ཏུ་གྱུར་བའི་གཤིས་ཀ་ཡིན་ཞེས་གསུངས། ཁོང་གིས་མི་ལ་ལའི་བསམ་པར་སྙན་ངག་པ་ཁོ་ནར་འཕྲུལ་སྣང་དགོས་པ་རེད་སྙམ་པ་དེར་གནས་ལུགས་མེད་ལ་བླུན་པོའི་ཕྱོགས་རེ་བའི་ལྟ་ཚུལ་ཡིན། ཐ་ན་རྩིས་རིག་གི་སྟེང་དུའང་འཕྲུལ་སྣང་དགོས་པ་དང་ཐ་ན་མེད་ན་ཝེ་ཅི་ཧྥུན་རྩིས་རིག་ཀྱང་གསར་སྐྲུན་བྱེད་མི་ཐུབ་ཅེས་གསུངས་སོ།།

3 སློབ་ཁྲིད་དུ་སྤྱོད་པ།

དོན་དངོས་ཀྱི་འཚོ་བའི་ཤུགས་རྐྱེན་འོག་ཏུ་སློབ་གྲྭར་མ་ཞུགས་གོང་གི་བྱིས་པས་རྩེད་མོ་རྩེ་བ་དང་རི་མོ་འབྲི་བ། རོལ་དབྱངས། འཇིམ་བཟོ། དེ་མིན་རི་མོར་བལྟ་བ་དང་ལྟ་ཞིབ་བྱེད་པ། གཏམ་རྒྱུད་ལ་ཉན་པ་ལ་སོགས་པའི་འགུལ་སྐྱོད་དུ་རིམ་བཞིན་ཀུན་རྟོག་གི་ནུས་ཤུགས་ཕུན་སུམ་ཚོགས་པ་ཐོབ་པ་རེད། སློབ་ཆུང་གི་སློབ་ཁྲིད་གོ་རིམ་དུ་དགེ་རྒན་གྱིས་སློབ་མར་སློབ་ཁྲིད་ཀྱི་དམིགས་ཡུལ་དང་མྱུར་ཚད་ལྟར་བསླབ་གཞིའི་ནང་དོན་དང་སློབ་ཁྲིད་ཀྱི་རེ་འདུན་དང་མཐུན་པའི་ཀུན་རྟོག་འབྱུང་བའི་བླང་བྱ་འདོན་དགོས། དཔེར་ན། བརྗོད་གཞི་ཐག་བཅད་ནས་རྩོམ་འབྲི་བ་དེས་སློབ་མར་བརྗོད་གཞི་ངེས་ཅན་ལྟར་བསམ་བློ་གཏོང་བའི་བླང་བྱ་བཏོན། དེ་དམིགས་ཡུལ་ཡོད་པའི་ངང་ནས་རྩོམ་འབྲི་བའི་བརྗོད་བྱ་གཙོ་བོ་དང་ཁྱབ་ཁོངས། ནང་དོན། རིམ་པའི་སྒྲིག་གཞི་བཅས་གཏན་འཁེལ་བྱེད་དགོས་པར་མ་ཟད། དམིགས་ཡུལ་ཡོད་པའི་སྒོ་ནས་གཟུགས་བརྙན་དང་གནས་ཚུལ་གདམ་གསེས་དང་བཀོད་སྒྲིག་བྱེད་དགོས། ཡང་ལྟ་ཀློག་སློབ་ཁྲིད་ལ་མཚོན་ན་སློབ་མར་མ་ལག་ལྡན་པ་དང་གསོན་ཉམས་ལྡན་པའི་སྒོ་ནས་རྒྱས་བཤད་དང་ཡང་ན་ཉམས་འགྱུར་ལྡན་པའི་སྒོ་ནས་ཀློག་འདོན་དང་མི་སྣ་བཀོད་དེ་ཀློག་འདོན་བྱེད་པའི་བླང་བྱ་འདོན་དགོས། མ་ལག་ཆ་ཚང་དང་གསོན་ཉམས་ལྡན་པའི་སྒོ་ནས་རྒྱས་བཤད་བྱེད་པར་ངེས་པར་དུ་དེ་དང་མཐུན་པའི་ཀུན་རྟོག་ཡོད་དགོས། ཉམས་འགྱུར་ལྡན་པའི་ངང་དབྱངས་སུ་གྱེར་ནས་ཀློག་འདོན་བྱེད་པའི་སྐབས་སུ་སློབ་མར་མི་སྣ་ཉམས་སུ་མྱོང་བའི་བླང་བྱ་བཏོན་ནས། རང་ཉིད་ཀྱིས་རྩོམ་ཡིག་ནང་གི་མི་སྣའི་ཐོབ་ཐང་གི་ཚུལ་གྱིས་བརྗོད་བྱ་འཕེལ་བར་གཏན་ཁེལ་བྱས་པའི་གནས་ཚུལ་ལྟར་སྐད་ཆ་བཤད་པ་དང་ཉམས་འགྱུར་སྟོན་དུ་འཇུག ཡང་དཔེར་ན། སློབ་ལོ་རན་པའི་བྱིས་པའི་རི་མོ་དེ་རྟག་པར་འབྲི་ཞོར་དུ་བསམ་བློ་གཏོང་བ་རེད། སྣ་གཅིག་བྲིས་རྗེས་སླར་ཡང་སྣ་གཅིག་བསྣན་ནས། ཐད་ཀར་རི་མོ་འབྲི་བའི་ཤོག་བུ་བཀང་རྗེས་མཚམས་འཇོག་གོ 

སློབ་གསོ་ལེགས་པོའི་འོག་ཏུ་སློབ་ལོ་མ་རན་པའི་དུས་མཇུག་གི་བྱིས་པས་རི་མོ་མ་བྲིས་གོང་དུ་ཅི་ཞིག་འབྲི་བ་བཤད་ཐུབ། ཡིན་ནའང་རི་མོ་ཆ་ཚང་བ་ཞིག་འབྲི་བའི་མཚོན་བྱ་བཤད་དགོས་ན་སྔར་བཞིན་དཀའ་ངལ་ཡོད། སློབ་ཆུང་གི་སློབ་མས་རི་མོ་འབྲི་བ་དེ་མི་འདྲ་སྟེ། དེར་སྔོན་དཔག་གི་དམིགས་ཡུལ་ལྡན་པར་མ་ཟད་དམིགས་ཡུལ་ལྟར་མི་མོའི་མཚོན་བྱ་ལ་བསམ་བློ་གཏོང་བ་རེད། རི་མོ་འབྲི་བའི་གཞི་རྩའི་མཚོན་བྱ་དེ་ཀུན་རྟོག་གིས༼སྔོན་བཟོ༽བྱས་ཟིན་པ་རེད། རི་མོ་འབྲི་བ་དེ་དོན་ཐོག་ཏུ་འབབ་སྐབས་ད་དུང་བསྐྱར་བཟོ་དང་ཁ་གསབ། ཐ་ན་འགྱུར་ལྡོག་ཅུང་ཆེ་བ་ཡོད་ངེས། ཡིན་ནའང་དེ་ནི་སྔོན་ལ་གཏན་འཁེལ་བྱས་པའི་བརྗོད་བྱ་གཞིར་བཟུང་བ་ལས་དམིགས་ཡུལ་སྤུ་ཙམ་ཡང་མེད་པར་གང་བྱུང་དུ་བསུབ་འབྲི་བྱེད་པ་མིན། གོ་རིམ་དེས་སློབ་ཆུང་གི་སློབ་མའི་ཀུན་རྟོགས་དམིགས་ཡུལ་རང་བཞིན་ལ་སྐུལ་འདེད་ཆེན་པོ་བྱེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-08

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།