ཕྱུགས་ཀྱི་འགོས་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒོ་ཕྱུགས་ཀྱི་འགོས་ནད་ནི་ཕོག་མགྱོགས་ཤིང་བཅོས་ཐབས་མེད་པ་དང་དུས་ཚོད་ཐུང་ཐུང་གི་ནང་དུ་ཟོག་མང་པོ་འཆི་བ་དང་འབྲོག་ལས་ལས་རིགས་ལ་གནོད་སྐྱོན་ཆེན་པོ་ཐེབས་པ་ཞིག་རེད། སྒོ་ཕྱུགས་ཀྱི་འགོས་ནད་སྔོན་འགོག་བྱེད་དགོས་ན། འགོས་ནད་སྔོན་འགོག་གཙོ་བོ་བྱེད་དགོས་པ་དང་འགོག་བཅོས་ཟུང་འགྲེལ་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱེད་དགོས་ལ། འགོས་ནད་སྔོན་འགོག་གི་ཕྱོགས་བཞིའི་ལས་ཀ་ཡག་པོ་བསྒྲུབ་དགོས།
1 འཚོ་གསོ་དོ་དམ་ལ་ཤུགས་སྣོན་དགོས།

དེ་ནི་སྒོ་ཕྱུགས་ཀྱི་འགོས་ནད་སྔོན་འགོག་བྱེད་པའི་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་བྱེད་ཐབས་ལེགས་པོ་ཞིག་ཡིན། ནད་གཞི་དེ་སྒོ་ཕྱུགས་གྱི་ལུས་ལ་ཕོག་རྗེས། ལུས་པོའི་ནང་གི་ནད་འགོག་ནུས་པས་(དཔེར་ན། མཆིན་པ་དང་མཚེར་བ། མཁལ་མ། རྨེན་བུའི་མ་ལག་སོགས། )ནད་གཞི་ལ་འགོག་རྒོལ་བྱེད་པ་རེད། སྒོ་ཕྱུགས་གི་ལུས་པོ་ཐང་ཞིང་རྒྱས་པ་ཡིན་ན། ནད་འགོག་གི་ནུས་པ་ཡང་ཆེ་བ་རེད། ནད་གཞི་སྔོན་འགོག་བྱས་ནས་ཕོག་མི་ཐུབ་པ་རེད། དེ་ལས་ལྡོག་སྟེ་སྒོ་ཕྱུགས་ཀྱི་གཟུགས་པོ་ཞན་ན་ནད་འགོག་གི་ནུས་པ་ཞན་པས། ནད་གཞིའང་མགྱོགས་པོར་སྐྱེ་འཕེལ་བྱུང་ནས། འགོག་ནུས་ཤོར་ཏེ་ནད་ཕོག་པ་རེད། འཚོ་གསོ་དོ་དམ་ཡག་པོ་བྱས་ཏེ་ཕྱུགས་ཟོག་གི་ལྟོ་འགྲང་རྒྱུ་དང་གཙང་སྦྲ་ཡག་པོ་བྱེད་རྒྱུ། བརླན་གཤེར་མེད་པ་བཅས་བྱས་ནས་བདེ་ཐང་འགན་ལེན་བྱེད་དགོས། ལྷས་ར་ནི་སྒོ་ཕྱུགས་དགུན་དཔྱིད་གཉིས་ཀར་དྲོད་སྲུང་བྱེད་པའི་སྒྲིག་ཆས་གཙོ་བོ་ཡིན་པས། ཟོག་ཆེ་ཆུང་ཚང་མར་ལྷས་ར་ཡོད་དགོས།

2 རིམས་འགོག་གི་ལས་ཀ་ཡག་པོ་བསྒྲུབ་དགོས།

རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་འགོས་ནད་སྔོན་འགོག་བྱེད་པའི་ཚན་རིག་དང་མཐུན་པའི་བྱེད་ཐབས་ཡག་པོ་ཞིག་ཡིན་པ་རེད། ལོ་རེར་དུས་ལྟར་གྲངས་ཚད་མང་པ་དང་། སྤུས་ཀ་ལེགས་པའི་རིམས་འགོག་སྨན་ཁབ་སྣ་ཚོགས་བརྒྱབ་ན་འགོས་ནད་སྣ་ཚོགས་འགོག་ཐུབ་པ་རེད། རིམས་འགོག་སྨན་ཁབ་ཀྱི་འགོག་ནུས་འགན་ལེན་བྱེད་ཆེད་སྨན་སྒམ་དང་ཤེལ་སྒམ་སྐྱེལ་འདྲེན་བྱེད་དུས་གཏོར་བརླག་མི་ཤོར་བར་དོ་སྣང་བྱེད་དགོས་ལ། ཚ་དྲོད་ཆེ་བ་དང་ཉི་མ་ཕོག་པར་གཡོལ་དགོས། སྤྱོད་མི་དགོས་དུས་བསིལ་གྲིབ་ནང་ཉར་ཚགས་བྱེད་དགོས་པ་དང་གསལ་བཤད་ཡི་གེ་ནང་ལྟར་བེད་སྤྱོད་གཏོང་དགོས། སྨན་ཁབ་རྒྱག་དུས་དུག་སེལ་རྒྱུར་གཟབ་ནན་བྱེད་དགོས། རིམས་འགོག་སྨན་ཁབ་བརྒྱབ་རྗེས་སྤྱིར་བཏང་བུ་བཤད་ན་གཟའ་འཁོར་གཉིས་གསུམ་ཙམ་འགོར་རྗེས་ད་གཟོད་སྨན་ནུས་ཐོན་ཐུབ། དེ་དང་ཆབས་ཅིག་འགོས་ནད་སྔོན་འགོག་གི་ནུས་པ་ཐོན་པ་རེད།

3 དུག་སེལ།

དུག་སེལ་བྱས་ན་དངོས་པོ་དང་ཁོར་ཡུག་སྣ་ཚོགས་ནང་གི་ནད་གཞི་སེལ་བ་དང་འགོས་ནད་ཕག་རྒྱུ་དང་འགོས་རྒྱུ་སྔོན་འགོག་ཐུབ་པ་རེད། དེ་ནི་སྔོན་འགོག་ལས་གལ་ཆེ་བ་དེ་རེད། རྒྱུན་སྤྱད་པའི་དུག་སེལ་བྱེད་ཐབས་ནི་དངོས་ལུགས་དུ་སེལ་དང་རྫས་འགྱུར་དུག་སེལ་གཉིས་ཡིན།

3_1 དངོས་ལུགས་དུག་སེལ།  

1 དྲོད་ཚད་དམའ་ན་ནད་གཞི་འགོག་པའི་ནུས་པ་ཡོད། འཁྱགས་གྲང་དུས་ཚོད་ནང་སྤྱིར་བཏང་དུ་ནད་གཞི་སྐྱེ་མཚམས་འཇོག་པ་དང་། གྲང་ངར་ཆེ་དུས་ནད་དུག་འཆི་སླ་བ་རེད།

2 དྲོད་ཚད་མཐོ་དྲག་ན་ཡང་ནད་དུག་སེལ་བའི་ནུས་པ་མངོན་གསལ་ཡོད།

(1) ཉི་འོད་ལ་ནད་དུག་མང་པོ་སེལ་བའི་ནུས་པ་ཡོད། བཙོག་པ་བཟོས་པའི་སྤྱོད་ཆས་ཉི་འོད་འོག་ཉིན་ཁ་ཤས་བསྲོས་ན་དུག་སྲིན་སེལ་ཐུབ།

(2) བཙོས་ནས་ནད་དུག་སེལ་རྒྱུ་ནི་ཡོངས་ཁྱབ་ཏུ་སྤྱོད་པའི་དུག་སེལ་བྱེད་ཐབས་ཤིག་རེད། དེ་ནི་ཡོ་བྱད་དང་ཁབ། ལྟེབ་གྲི། ཇེམ་ཙེ་བཅས་ཀྱི་དུག་སེལ་རྒྱུའི་ཐོག་སྤྱོད་པ་དང་། སྤྱིར་བཏང་སྐར་མ་30ཙམ་ལ་བཙོས་ན་ཆོག ས་ནད་དང་གློ་བའི་ས་ནད་ཕོག་དུས་བསྟུད་མར་ཆུ་ཚོད6 ཡན་ཆད་བཙོ་དགོས། ཆུའི་ནང་བུལ་ཏོག་ཅུང་བླུགས་ན་དུགས་སེལ་གྱི་ནུས་པ་ཆེན་པོ་ཡོད།

(3) རླངས་བཙོས་བྱས་ཆོག་པ། དུག་སེལ་དངོས་པོ་དེ་ཁྲོའམ་མཐོ་གནོན་ཁྲོའི་ནང་རླངས་བཙོས་སྐར་མ་སུམ་ཅུ་ཙམ་བྱས་ན་འགྲིག་གི་རེད།

(4) མེ་བསྲེག་གཏོང་རྒྱུ་ནི་ནད་དུག་དང་ནད་འབུ་རྩ་བརླག་གཏོང་བའི་བྱེད་ཐབས་ལེགས་པོ་ཞིག་ཡིན་པ་རེད། སྤྱིར་བཏང་གི་དུག་སེལ་བྱེད་ཐབས་སྤྱད་ནས་དུག་སེལ་མ་ཐུབ་ན། འབག་བཙོག་ཚབ་ཆེན་བཟོས་ཡོད་པ་དང་འགོས་ནད་དྲག་པོ་དཔེར་ན་ས་ནད་སོགས་ཕོག་ནས་ཤི་བའི་ཕྱུགས་ཟོག་ལ་བྱེད་ཐབས་དེ་སྤྱད་ན་ལེགས།

3_2 རྫས་འགྱུར་གྱི་དུག་སེལ་བྱེད་ཐབས།

(1) 5% ཅན་གྱི་ལའེ་སུའུ་ཨེར་དང་། 2% — 4% ཅན་གྱི་ཤན་ནཱ། 5% ཅན་གྱི་ཁུ་ལུའོ་ལེན5% ཅན་གྱི་ཧྲུ་ཐན་སན10% ཅན་གྱི་བུལ་ཏོག་ཚ་ཆུ།  10% — 20% ཅན་གྱི་རྡོ་ཞོ་སླ་པོ་སོགས་ཆུ་ནང་དུ་བཏབ་སྟེ་ནད་ཕྱུགས་ཀྱི་སྐྱག་ལུད་དང་ཟགས་དངོས། ལྷས་ར། ས་ནང་བཅས་ལ་གཏོར་ན་དུག་སེལ་ཐུབ།

(2) ཕྱི་ལྤགས་ཐོག་གི་དུག་སེལ།   75%ཅན་གྱི་ཆང་བཅུད་དང་ཏན་ཏིང་སོགས་ཀྱིས་དུག་སེལ་ཆོག

(3) རྩི་སྐྱིའི་དུག་སེལ། 3% ཅན་གྱི་དབྱང་འགྱུར་ཆིང་དང་ཀའོ་མོའུ་སོན་ཅ་(高锰酸钾)བཅས་ཀྱིས་དུག་སེལ་བྱེད་དགོས།

(4) རྒྱུན་དུ་གོ་ཐལ་དང་ཤིང་ཐལ་སོགས་ལྷས་རའི་ནང་གཏོར་ན་དུག་སེལ་བའི་ནུས་པ་ཡོད།

3_3 སྐྱེ་དངོས་དུག་སེལ་བྱེད་ཐབས།

བྱེད་ཐབས་འདིས་སྐྱག་ལུད་ནང་གི་ནད་གཞི་དང་འབུའི་སཽ་ང་གསོདད་ཐུབ། ཆུ་དང་རྒྱང་ཐག་རིང་བའི་སར་དུང་བརྐོས་ཏེ་སྐྱག་ལུད་དུང་ནང་དུ་འཇུག་པ་དང་དེའི་ཐོག་ནད་དུག་མེད་པའི་ལུད་བླུག་སྟེ་དེའི་དེའི་ཐོག་དུ་ས་བླུག་ན་དབྱར་ཁ་དང་སྟོན་ཁར་བསྙལ་ལངས་ནས་དྲོད་ཐོན་པ་དང་། དཔྱིད་དགུན་གཉིས་ལ་ད་དུང་ནད་ཟོག་གི་ལུད་སྤུངས་ནས་དེའི་ཐོག་དུ་གོ་ཐལ་བཀབ་ན་ཆོག་པ་རེད།

4 འགོས་ནད་ཕོག་རྗེས་ཀྱི་ཐབས་ཤེས།

འགོས་ནད་ཕོག་རྗེས་སྔ་བ་དང་མགྱོགས་པ། དམ་པ། གཟབ་ནན་ཅན་གྱི་རྩ་དོན་ལྟར། ནད་མགྱོགས་པོར་ཤེས་པ་དང་ནད་ཕྱུགས་བར་བཅད་བྱེད་པ། བྱེད་ཐབས་ནུས་ལྡན་སྤྱོད་པ། ནད་ཕོག་པ་ཇེ་ཉུང་དུ་གཏོང་བ་དང་། ཕག་ཡུལ་གསར་བ་མེད་པར་བཟོ་བ་བཅས་བྱེད་དགོས།

(1)  འགོས་ནད་གོང་ཞུ།

སྒོ་ཕྱུགས་ལ་ནད་ཕོག་ཤེས་མ་ཐག་ལམ་སང་གོང་ཞུ་བྱེད་དགོས། ཕྱུགས་ནད་སྨན་བཅོས་པ་མགྱོགས་མྱུར་དུ་ནད་ཕོག་ཡུལ་དུ་ཕྱིན་ནས་འགོས་ནད་ཡིན་མིན་དབྱེ་འབྱེད་དང་ནད་རིགས་གང་ཡིན་པ་བརྟག་དཔྱད་བྱེད་དགོས་པ་མ་ཟད། ཁྱིམ་མཚེས་ས་ཁུལ་ལ་བརྡ་གཏོང་བ་དང་། གོང་རིམ་འབྲེལ་ཡོད་སྡེ་ཁག་ལ་ནད་ཕོག་པའི་གནས་ཚུལ་ཞུ་དགོས། ཕྱུགས་ཀྱི་པགས་པ་བཤུས་ནས་ཤ་ཟ་མི་རུང་ལ་གང་སར་གཡུག་མི་ཆོག ནད་གཞི་ཧགཏན་ཁེལ་བྱུང་རྗེས་མེད་པར་བཟོ་དགོས།

(2)   ནད་དཔྱད་དང་བར་བཅད། བཀག་སྡོམ།

འགོས་ནད་བྱུང་རྗེས་ལམ་སང་ཕྱུགས་ཟོག་ཚང་མའི་ལུས་དྲོད་ཚད་འཇལ་བྱེད་པ་དང་ཞིབ་བཤེར་ནན་ཏན་བྱེད་དགོས། ཚ་བ་རྒྱས་པ་དང་ནད་ཕོག་པའི་རྟགས་མཚན་ཡོད་ན་ནད་ཕོག་པ་ཡིན་པས། ནད་ཕོག་མེད་པའི་ཟོག་དང་བར་མཚམས་གཅོད་དགོས། ནད་ཟོག་ས་དེར་འཇོག་པ་དང་ནད་ཕོག་མེད་པའི་རྣམས་ལ་དུག་སེལ་བྱས་རྗེས་ས་གནས་གཞན་ལ་འདེད་དགོས། ནད་ཟོག་ནད་བཅོས་བྱེད་པ་དང་ཆབས་ཅིག་ནད་ཕོག་ཡུལ་དང་ལྷས་རའི་ནང་དུག་སེཕལ་བྱེད་དགོས། ཁ་ཚ་རྨིག་ཚ་སོགས་འགོས་རྒྱ་ཆེ་བའི་ནད་ཡིན་ན་ངེས་པར་དུ་བཀག་རྒྱ་དམ་པོ་བྱས་ཏེ་མི་དང་ཕྱུགས་ཟོག་གང་ཡང་འགྲོ་འོང་བྱེད་དུ་བཅུག་མི་ཆོག ནད་ཕོག་རྗེས་དུག་མཐར་ཕྱིན་པ་ཞིག་རྗེས་གཞི་ནས་བཀག་རྒྱ་ལྷད་ཆོག་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-05

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།