དབུ་མ་རྩ་བ་ཤེས་རབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབུ་མ་རྩ་བ་ཤེས་རབ།
བསྟན་བཅོས་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཅིང་། བསྟན་པ་སྔ་དར་སྐབས་རྒྱ་གར་གྱི་པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། བསྟན་པ་ཕྱི་དར་སྐབས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུས། གཙུག་ལག་ཁང་རིན་ཆེན་སྦས་པའི་དབུས་སུ་ཁ་ཆེའི་མཁན་པོ་ཧ་སུ་མ་ཏི་དང༌། བོད་ཀྱི་སྒྲ་བསྒྱུར་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་མིའི་བདག་པོ་འཕགས་པ་ལྷའི་སྐུ་རིང་ལ་འགྲེལ་པ་ཚིག་གསལ་བ་དང་བསྟུན་ནས་བཅོས་པ་སླད་ཀྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་དང༌། ལོ་ཙཱ་བ་དེ་ཉིད་ཀྱིས་ཞུ་ཆེན་བགྱིས་པའི་ཟབ་མོ་དབུ་མའི་ལྟ་བ་རྣམ་དཔྱོད་རིགས་ལམ་གྱིས་སྟོན་པའི་གཞུང་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤློ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ། བམ་པོ་ནི་ཕྱེད་དང་གཉིས་ཀྱི་བདག་ཉིད་ཅན་ཞིག་གོ
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《根本中观颂般若》
རྩོམ་པ་པོ།
སློབ་དཔོན་འཕགས་པ་ཀླུ་སྒྲུབ།
སྒྱུར་མཁན།
པཎྜི་ཏ་ཛྙཱ་ན་གརྦྷ་དང༌ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན།
གཞུང་ཚད།
ཤློ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ།
1 མིང་ཁ་ཚང་།

རྒྱ་གར་སྐད་དུ། པྲ་ཛྙ྄་ནཱ་མ་མཱུ་ལ་མཱདྷྱ་མ་ཀ་ཀཱ་རི་ཀཱ།

བོད་སྐད་དུ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པའི་ཤེས་རབ་ཞེས་བྱ་བ།

སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་གི་གྲས་ཡིན་ཞིང་ཐེག་ཆེན་གྱི་བསྟན་བཅོས་ལས་ཆེས་ཕུལ་དུ་བྱུང་བ་ཞིག་ཡིན་པས་དབུ་མ་ཐམས་ཅད་ཀྱི་ཁུངས་གཏུག་སར་བྱེད། དབུ་མ་བའི་ཤིང་རྟའི་སྲོལ་འབྱེད་ཀྱི་བསྟན་བཅོས་དྲུག་གི་གཙོ་བོ་ཡིན།

2 རྩོམ་པ་པོ།

སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནི་དབུ་མ་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཡིན་ཏེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་འཁྲུངས།  ནཱ་ལེནྡྲར་རབ་ཏུ་བྱུང་།  མཁས་པ་ཆེན་པོར་གྱུར་ནས་ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད། ཆོས་སྒྲ་ཆེན་པོ་གསུམ་སྒྲོགས་པར་མཛད། དེ་མཛད་ཚུལ་ཡང་དགུང་ལོ་ལྔ་བཅུ་ཚུན་ཆད་དུ་དགེ་སློང་བདེ་བྱེད་ལ་སོགས་པ་བསླབ་པ་ལ་གཡེལ་བ་རྣམས་ལུང་རིགས་ཀྱིས་ཚར་བཅད་ནས་བསྟན་པ་ལ་དག་ཐར་མཛད་དེ་ཆོས་སྒྲ་དང་བོ་བསྒྲགས་པ་དང་། དེ་ནས་ལྔ་བཅུ་ཡན་ཆད་བརྒྱ་ཚུན་ཆད་ཅིག་ལ་ཀླུ་ཡུལ་དུ་ཕེབས་ཏེ་ཤེར་ཕྱིར་འབུམ་པ་སྤྱན་དྲངས་པ་དང་། དབུ་མ་རིགས་ཚོགས་དྲུག་ལ་སོགས་པ་བརྩམས་ནས་ལོ་ལྔ་བརྒྱའི་བར་དུ་ཆོས་སྒྲ་གཉིས་པ་བསྒྲགས། དེ་ནས་དགུང་ལོ་ལྔ་བརྒྱའི་ཡན་ལ་མདོ་སྡེ་རྔ་བོ་ཆེ་དང་། སྤྲིན་ཆེན་ལ་སོགས་པར་བཤད་པ་རྒྱ་ཆེར་མཛད་དེ་ཆོས་སྒྲ་གསུམ་པ་བསྒྲགས་ཏེ་དགུང་ལོ་དྲུག་བརྒྱ་ཙམ་བཞུགས་སོ། །

3 གཞུང་ཚད།

རྩ་བ་ཤེས་རབ་ཀྱི་གཞུང་ལ་ཤློ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ་ཡོད་ཅིང་། རབ་བྱེད་ཉེར་བདུན་ཡོད།

4 སྒྱུར་མཁན། 

བསྟན་བཅོས་འདི་ནི་རྒྱ་གར་གྱི་པཎྜི་ཏ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བོད་ཡིག་ཏུ་བསྒྱུར།

5 བརྗོད་བྱ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་གྱི་རིམ་པ་འགྲེལ་ཏེ།  བརྗོད་བྱ་གཙོ་བོ་སྟོང་ཉིད་དེ་དབུ་མའི་ལྟ་བ་ཡིན། དེ་ཡང་ལམ་ཟབ་མོ་དབུ་མའི་ལམ་ངེས་པའི་དོན་ལུང་གིས་བསྟན་པ་ནི་མདོ་ཀུན་ལས་བཏུས་ལས་ཤེར་ཕྱིན་འབུམ་པ་དང་བྱང་སེམས་ཀྱི་སྡེ་སྣོད་ལ་སོགས་པའི་མདོ་མང་བོ་དྲངས་ནས་བཤད་ལ། རིགས་པས་བསྟན་པ་ནི་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་བ། རྩོད་ཟློག རིགས་པ་དྲུག་ཅུ་བ། ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་བོས་གཏན་ལ་ཕབ་བོ། ། བསྟོད་པ་འགའ་ཞིག་ལས་ཀྱང་སྟོང་ཉིད་བསྟན་མོད་ཀྱང་རིགས་པས་བསྒྲུབས་པ་མི་མང་ངོ་། ། གཞུང་དེ་དག་ཀྱང་ཡོད་མེད་ཀྱི་མཐའ་སྤངས་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཙོ་བོར་སྟོན་པ་དང་ཡོད་མེད་ཀྱི་མཐར་མི་ལྟ་བའི་ལམ་གྱིས་འཁོར་བ་ལས་གྲོལ་བ་གཙོ་བོར་སྟོན་པ་གཉིས་སུ་འདུའོ། །

ཡོད་མེད་ཀྱི་མཐའ་སྤངས་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཙོ་བོར་སྟོན་པ་ལ་གཉིས་ལས། དངོས་བོའི་ངོ་བོ་ཉིད་སྨྲ་བ་རྣམས་ཀྱིས་གང་ཟག་དང་ཆོས་ལ་སྒྲོ་བཏགས་པའི་རང་བཞིན་བསྒྲུབ་བྱ་འགོག་པ་ནི་རྩ་བ་ཤེས་རབ་འདི་ཉིད་ཡིན་ལ། དེ་ཡང་རབ་ཏུ་བྱེད་པ་ཉེར་བདུན་གྱི་སྒོ་ནས་འཆད་དེ། རབ་བྱེད་དང་བོས་རྐྱེན་བརྟག་པ། གཉིས་པས་འགྲོ་འོང་བརྟག་པ། གསུམ་པས་དབང་བོ་བརྟག་པ། བཞི་བས་ཕུང་བོ་བརྟག་པ། ལྔ་བས་ཁམས་བརྟག་པ། དྲུག་པས་འདོད་ཆགས་དང་ཆགས་པ་བརྟག་པ། བདུན་པས་སྐྱེ་གནས་འཇིག་གསུམ་བརྟག་པ། བརྒྱད་པས་བྱེད་པ་པོ་དང་ལས་བརྟག་པ། དགུ་བས་སྔ་རོལ་བོ་དང་ལས་བརྟག་པ། བཅུ་བས་མེ་དང་བུད་ཤིང་བརྟག་པ། བཅུ་གཅིག་པས་སྔོན་དང་ཕྱི་མའི་མཐའ་བརྟག་པ། བཅུ་གཉིས་པས་བདག་དང་གཞན་གྱིས་བྱས་པ་བརྟག་པ། བཅུ་གསུམ་པས་འདུ་བྱེད་བརྟག་པ། བཅུ་བཞི་བས་ཕྲད་པ་བརྟག་པ། བཅོ་ལྔ་བས་རང་བཞིན་བརྟག་པ། བཅུ་དྲུག་པས་བཅིངས་པ་དང་ཐར་བ་བརྟག་པ། བཅུ་བདུན་པས་ལས་བརྟག་པ། བཅོ་བརྒྱད་པས་བདག་དང་ཆོས་བརྟག་པ། བཅུ་དགུ་བས་དུས་བརྟག་པ། ཉི་ཤུ་བས་ཚོགས་པ་བརྟག་པ། ཉེར་གཅིག་པས་འབྱུང་བ་དང་འཇིག་པ་བརྟག་པ། ཉེར་གཉིས་པས་དེ་བཞིན་གཤེགས་པ་བརྟག་པ། ཉེར་གསུམ་པས་ཕྱིན་ཅི་ལོག་བརྟག་པ། ཉེར་བཞི་བས་འཕགས་པའི་བདེན་པ་བརྟག་པ། ཉེར་ལྔ་བས་མྱ་ངན་ལས་འདས་པ་བརྟག་པ། ཉེར་དྲུག་པས་སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ། ཉེར་བདུན་པས་ལྟ་བ་བརྟག་པའི་སྒོ་ནས་སོ། །

6 འགྲེལ་བ།

(1)རྒྱ་འགྲེལ།

རྩ་བ་ཤེས་རབ་ཀྱི་འགྲེལ་བ་གྲགས་ཅན་བརྒྱད་ཡོད་དེ།  འགྲེལ་བ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ། གུ་ན་མ་ཏི། སྠིར་མ་ཏི། གུ་ན་ཤྲྀ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་རྩ་བའི་འགྲེལ་བ་བུདྡྷ་པཱ་ལི་ཏ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་བའི་འགྲེལ་བ་ཤེས་རབ་སྒྲོན་མེ་དང་། སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང་རྩ་བའི་འགྲེལ་བ་ཚིག་གསལ་བཅས་འགྲེལ་བ་ཆེན་པོ་བརྒྱད་ཡོད།

(2)བོད་འགྲེལ།

རྗེའི་དབུ་མ་རྩ་བའི་ཚིག་ལེའུར་བྱས་པའི་རྣམ་བཤད་རིག་པའི་རྒྱ་མཚོ། རྒྱལ་ཚབ་དར་མ་རིན་ཆེན་གྱི་རྩ་བ་ཤེས་རབ་ཀྱི་དཀའ་གནད་ཆེན་པོ་བརྒྱད་ཀྱི་བཤད་པ། རྒྱལ་བ་དགེ་འདུན་གྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ཀྱི་ངག་དོན་བཤད་པ་རིན་པོ་ཆེའི་ཕྲེང་བ་སོགས་ཡོད།

བསྟན་འགྱུར་ཁྲོད་ཀྱི་མདོ་ཙ་པོད་ན་བཞུགས།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-28

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།