སེ་ར་དགོན་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སེ་ར་དགོན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ།)

སེ་ར་དགོན་པ།
དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཏེ་སེ་ར་དགོན་པ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་རྒྱབ་རི་གླང་ཆེན་ཉལ་བ་ལྟ་བུའི་མདུན་ཤིང་སེ་བའི་སྡོང་པོ་ར་བ་བསྐོར་བ་ལྟར་ཡོད་པས་སེ་བའི་ར་བས་བསྐོར་བ་ན་སེ་ར་ཞེས་བརྗོད། རྗེ་བདག་ཉིད་ཆེན་པོས་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་དང་འཁོར་ལོ་བདེ་མཆོག་གཉིས་ཀྱི་རྩ་རྒྱུད་དབུ་ནས་ཆོས་ཐེངས་རེ་གསུངས། བྱམས་ཆེན་ཆོས་རྗེ་ལ་ཆོས་སྡེ་འདེབས་དགོས་པའི་ཞལ་བཀོད་མཛད་པ་བཞིན་རབ་བྱུང་བདུན་པའི་ས་ཕག(1419)ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ཕྱག་བཏབ། རྗེས་སུ་གྲྭ་ཚོགས་ཇེ་རྒྱས་ཇེ་འཕེལ་དུ་སོང་ནས་གྲྭ་ཚང་བཞིར་གྱེས་ཏེ་རྒྱ། འབྲོང་སྟེང་། སྟོད་པ། སྨད་པ་བཅས་གྲྭ་ཚང་བཞི་ཡོད། རྗེས་སུ་དུས་རབས་བཅོ་ལྔ་པའི་དཀྱིལ་དུ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་སེ་རའི་མཁན་པོ་མཛད་སྐབས་སེ་ར་བྱེས་གྲྭ་ཚང་ཕྱག་བཏབ། བྱམས་ཆེན་ཆོས་རྗེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་བར་ཁྲི་ཐོག་བཅོ་བརྒྱད་བྱུང་ཞིང་། བཅུ་དགུ་པ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་ནས་སེ་རའི་ཁྲི་པའི་མཚན་བཞེས་པས་ཁྲི་པ་ཟུར་དུ་འཛུགས་སྲོལ་མེད། དགོན་བདག་ཡིག་ཚང་ལས་ཁུངས་ཡིན་པ་དང་། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་གྲྭ་གྲངས9900སྐོར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
色拉寺
མཚན་རྒྱས་པ།
སེ་ར་ཐེག་ཆེན་གླིང་།
ཕྱི་ཡིག་གི་མིང་།
Sera monastery
གྲུབ་མཐའ།
དགེ་ལུགས་པ།
བཞེངས་མཁན།
བྱམས་ཆེན་ཆོས་རྗེས་ཤཱཀྱ་ཡེ་ཤེས།
བཞེངས་དུས།
སྤྱི་ལོ1419ལོར།
ཆགས་ཡུལ།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བྱང་ངོས།
རྟེན་གཙོ།
ཐུགས་རྗེ་ཆེན་པོ། ཇོ་བོ་བྱང་ཆུབ་ཆེན་པོ། རྟ་མགྲིན། ལྷ་མོ་དྲེའུ་བཞོན་མ།
ཡི་དམ།
བདེ་གསང་འཇིགས་གསུམ།
བཀའ་སྲུང་།
དཔལ་ལྡན་ལྷ་མོ། བྱ་ཁྲི་སྤྱན་གཅིག་མ།
དུས་མཆོད་བྱེད་སྒོ།
ལོ་ལྟར་བོད་ཟླ12པའི་ཚེས27ཉིན་སེ་རའི་ཕུར་མཇལ་དུས་ཆེན།
གྲྭ་གྲངས།
སྤྱི་ལོ1959ལོའི་གོང་དུ9900ཡོད།
1 ཐོག་མའི་བཞེངས་བསྐྲུན།

སེ་ར་ཐེག་ཆེན་གླིང་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་རྒྱབ་རི་རྒྱལ་མཚན་གྱི་དབྱིབས་འདྲ་བའི་རི་གཤམ་དུ་གནས་ཡོད་ཅིང་། དེ་ཡང་རི་བོ་དགེ་ལུགས་པའི་དགོན་པ་ཆེ་གྲས་སེ་འབྲས་དགེ་གསུམ་གྱི་ཡ་གྱལ་ཡིན་པ་སྟེ། བོད་རབ་བྱུང་བདུན་པའི་ས་ཕག(སྤྱི་ལོ1419)ལོར་རྗེ་ཙོང་ཁ་པ་ཆེན་མོའི་ཕུལ་དུ་བྱུང་བའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་གིས་ཕྱག་བཏབ། དགོན་པའི་ཉེ་འདབས་སུ་སེ་བའི་ཤིང་མང་པོ་ཡོད་པས་སེ་ར་ཞེས་འབོད། སེ་ར་དགོན་པ་མ་བཞེངས་གོང་རྗེ་ཙོང་ཁ་པ་ཆེན་པོ་སེ་ར་ཆོས་སྡིངས་སུ་བཞུགས་ནས་སློབ་མ་མང་པོར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་།    ལྷག་པར་དབུ་མ་རྩ་བ་ཤེས་རབ་ཀྱི་ཊིཀ་ཆེན་རྩོམ་པར་དགོངས་ཏེ་ཟབ་མོ་སྟོང་པ་ཉིད་ལ་བརྟག་ཅིང་དཔྱད་པ་ན་གཟིགས་སྣང་ལ་ཤེར་ཕྱིན་གྱི་མདོའི་བརྗོད་བྱ་སྟོང་ཉིད་བཅུ་དྲུག་སོགས་ཨ་ཡིག་གི་རྣམ་པར་ཆར་བབས་པས་བྱེས་ཆོས་རའི་ནང་གི་རྡོ་ཕུང་ཞིག་ལ་བཅུ་གསུམ་ཐིམ་པར་གཟིགས་པ་ལྟར་བྲག་རྡོའི་སྟེང་དུ་ཨ་ཡིག་རྣམ་པ་འབུར་དོད་དུ་ཡོད་པ་དེང་སང་ཡང་སེ་ར་བྱེས་ཀྱི་ཆོས་གྲྭའི་ནང་མཇལ་རྒྱུ་ཡོད།   

སྐབས་དེར་འཇམ་མགོན་བླ་མས་མ་འོངས་པར་གནས་དེར་དབུ་མ་ལ་མཁས་པའི་སྡེ་ཆེན་པོ་ཞིག་ཆགས་པར་འོང་ཞེས་ལུང་བསྟན། རྗེ་བདག་ཉིད་ཆེན་པོས་ཐ་མར་གནས་དེར་ཕེབས་ནས་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་དང་འཁོར་ལོ་བདེ་མཆོག་གཉིས་ཀྱི་རྩ་རྒྱུད་དབུ་ནས་ཆོས་ཐེངས་རེ་གསུངས།    རྗེ་ཤེས་རབ་སེང་གེ་ལ་གསང་བ་འདུས་པའི་བསྟན་པ་གཏད།    བྱམས་ཆེན་ཆོས་རྗེ་ལ་ཆོས་སྡེ་འདེབས་དགོས་པའི་བཀའ་བཀོད་མཛད་པ་བཞིན་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་མཐུན་རྐྱེན་སྦྱར་ནས་སེ་ར་ཐེག་ཆེན་གླིང་བཞེངས།    

2 བྱེས་སྨད་སྔགས་གྲྭ་ཚང་།

སེ་ར་དགོན་པའི་ཐོག་མའི་གཞི་རྒྱ་ད་ལྟ་བཞིན་མེད་ཀྱང་རིམ་བཞིན་ཚོགས་ཆེན་དང་། གྲྭ་ཚང་བཞི་ཡོད་པ་སྟེ། རྒྱ་གྲྭ་ཚང་དང་། འབྲོམ་སྟེང་གྲྭ་ཚང་། སྟོད་པ་གྲྭ་ཚང་། སྨད་པ་གྲྭ་ཚང་། ཁང་ཚན་ཆོ་གསུམ། རྗེས་སུ་བོད་རབ་བྱུང་བཅུ་གཉིས་པའི་ནང་རྒྱལ་པོ་ལྷ་བཟང་ཁང་གི་སྐབས་ཚོགས་ཆེན་འདུ་ཁང་གསར་བཞེངས་དང་། དེ་ནས་བྱེས་གྲྭ་ཚང་དང་སྔགས་པ་གྲྭ་ཚང་སོགས་གསར་འཛུགས་མཛད། ཕྱིས་སེ་ར་ཐེག་ཆེན་གླིང་གི་དགོན་དུ་བྱེས་སྨད་སྔགས་གྲྭ་ཚང་གསུམ་དུ་འདུས། 

སྐབས་དེའི་ཚོགས་ཆེན་རྙིང་པ་དེ་རྒྱལ་པོ་ལྷ་བཟང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ནས་སྲིད་དབང་བཟུང་རྗེས་སྐུ་རིམ་གྲྭ་ཚང་བཙུགས་ཏེ་ད་ལྟའི་སྔགས་པ་གྲྭ་ཚང་དེ་ཡིན། ཚོགས་ཆེན་གསར་པ་དེ་ནི་བཤད་སྲོལ་ལ་རྒྱལ་པོ་ལྷ་བཟང་གིས་སྡེ་སྲིད་བཀྲོངས་པའི་སྡིག་བཤགས་སུ་གསར་རྒྱག་བྱས་ཟེར།    ད་ལྟའི་ཚོགས་ཆེན་ཀ་བ་བརྒྱ་དང་བརྒྱད་ཡོད་པ་དེ་བཞེངས་རྗེས་སུ་གྲྭ་ཚོགས་ཇེ་རྒྱས་ཇེ་འཕེལ་དུ་སོང་ནས་གྲྭ་ཚང་བཞིར་གྱེས་ཏེ་རྒྱ།   འབྲོང་སྟེང་།     སྟོད་པ།    སྨད་པ་བཅས་གྲྭ་ཚང་བཞི་ཡོད།    དེ་ནས་ཡུན་རིང་མ་སོང་བར་རྒྱ་དང་འབྲོང་སྟེང་གྲྭ་ཚང་གཉིས་ཡོངས་རྫོགས་སྟོད་པ་གྲྭ་ཚང་དུ་བསྒྲིལ་ནས་རེ་ཞིག་བར་གྲྭ་ཚང་སྟོད་སྨད་གཉིས་ལས་མེད།    རྗེས་སུ་དུས་རབས་བཅོ་ལྔ་པའི་དཀྱིལ་དུ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་སེ་རའི་མཁན་པོ་མཛད་སྐབས་སེ་ར་བྱེས་གྲྭ་ཚང་ཕྱག་བཏབ་པ་ནས་སྟོད་པ་གྲྭ་ཚང་གི་ནང་གསེས་སྤོ་བོ་དང་གུང་རུ་ཁང་ཚན་གཉིས་མ་གཏོགས་ཡོངས་རྫོགས་དང་།    རྒྱ་གྲྭ་ཚང་ཡོངས་རྫོགས།    འབྲོམ་སྟེང་གྲྭ་ཚང་གི་ཁག་གཅིག་བཅས་ཚང་མ་གྲྭ་ཚང་འདིར་འགྲིལ་ནས་རྒྱལ་པོ་ལྷ་བཟང་གི་སྐབས་སྔགས་པ་གྲྭ་ཚང་གསར་དུ་བཙུགས་པ་བཅས་བསྣན་པའི་ད་ལྟའི་གྲྭ་ཚང་བཞི་བྱུང་།    གྲྭ་ཚང་དེ་ཚོ་ཡང་གྲྭ་རྒྱུན་ཡོང་ཁུངས་ས་གནས་མི་འདྲ་བའི་དབང་གི་ཁང་ཚན་ཁག་སུམ་ཅུ་སོ་གསུམ་དུ་གྱེས་པ་གཤམ་དུ་གསལ།   སྟོད་པ་གྲྭ་ཚང་རྗེ་ཙོང་ཁ་པའི་དངོས་སློབ་གུང་རུ་རྒྱལ་མཚན་བཟང་པོས་ཐོག་མར་འདེབས་པ་གནང་ཞིང་།    དེང་སང་ཁང་ཚན་སྤོ་བོ་དང་།    གུང་རུ་གཉིས་ཙམ་མ་གཏོགས་གཞན་དག་མེད་ཐོག     མཁན་པོ་ནི་མིང་ཙམ་ལས་གྲྭ་ཚང་ཟུར་ཚོགས་བྱེད་མཁན་མེད་པར་ལོ་མང་སོང་ཟིན་འདུག    

སྨད་པ་གྲྭ་ཚང་རྗེ་ཙོང་ཁ་པའི་དངོས་སློབ་ཀུན་མཁྱེན་བྱང་ཆུབ་འབུམ་པས་ཕྱག་བཏབ་ཅིང་།    གྲྭ་ཚོགས་ཇེ་རྒྱས་སུ་སོང་སྟེ་ཁང་ཚན་བཅུ་དྲུག་ཡོད་པ་སྟེ།    སྨར་ཉུང་།    ཐེ་བོ།  ཨ་ར།  ཚ་རྡོར།  གཞུང་པ་སྟེ་ཅོ་ནེ་ཁག་ལྔ་དང་།   ཡེར་པ།   རོང་པོ།   སྤོ་བོ།    གུང་རུ།   ཚ་བ།   སྤོ་འབོར། མི་ཉག  ཏཱ་དབེན།    རྒྱལ་རོང་།   གཙང་པ།   ཀོང་པོ་བཅས་ཡིན་པས་སེར་སྨད་ཀྱི་གྲྭ་རྒྱུན་མང་ཆེ་བ་ནི་སྨད་མདོ་ཁམས་སྒང་གསུམ་གྱི་ནང་ཚན་བར་ཁམས་ཕལ་ཆེ་བ་དང་།    ལྷོ་བརྒྱུད་ཡུན་ནན་ཞིང་ཆེན་ཁོངས་ནས་ལི་ཐང་།    རྒྱལ་ཐང་།    མུ་ལི།    ཨ་མདོ།     རྔ་པ་ཁོངས་ནས་རྒྱལ་རོང་རྒྱལ་ཁག་གསུམ།    ཨ་མདོའི་ཁོངས་ནས་ཅོ་ནེ་ཡུལ་ཚོ་ལྔ།    ཀོང་པོ་དང་།    གཙང་ཁུལ་གྱི་དགོན་པ་ཁག་གཅིག་བཅས་ཡིན།      བར་སྐབས་དུས་རབས་བཅོ་བརྒྱད་པའི་འགོ་ཙམ་ནས་རིམ་བཞིན་མདོ་སྨད་ཕྱོགས་ནས་དབུས་གཙང་དུ་གྲྭ་རྒྱུན་ཡོང་མཁན་ཉུང་དུ་སོང་རྐྱེན་ཨ་མདོའི་ཐོབ་ཁུངས་ཁང་ཚན་སོ་སོར་ལྷ་སའི་ཉེ་འཁོར་གྱི་འཕན་པོ་དང་སྟོད་ལུང་།   ཟད།    ཆུ་ཤུལ།    འབྲི་གུང་།   མལ་དྲོ་སོགས་ནས་མི་མང་པོ་སོ་སོའི་ངོ་ཤེས་འབྲེལ་བཏགས་བརྒྱུད་ནས་གྲྭ་པ་མང་པོ་གསར་དུ་ཞུགས་པ་ནས་གྲྭ་རྒྱུན་དང་ཉེ་འཁོར་བ་ཞེས་པའི་ཁྱད་པར་དེ་བྱུང་།    ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་བོད་ཀྱི་སྲིད་སྐྱོང་གནང་སྐབས་གོང་གསལ་གྱི་གནས་ཚུལ་དང་།    རང་ཉིད་སྐུ་ན་གཞོན་དུས་ཨ་མདོའི་ཡུལ་ནས་གྲྭ་རྒྱུན་བྱས་ཏེ་སེ་རར་ཆོས་ཞུགས་སློབ་གཉེར་རྒྱུན་རིང་གནང་རིང་ཐག་རིང་ནས་ཡོང་བའི་གྲྭ་རྒྱུན་ཚོའི་དངོས་ཡོད་དཀའ་ངལ་མང་པོ་མྱོང་ཚོར་བྱུང་བར་གཞིགས་ཏེ་གདན་ས་གསུམ་གྱི་གྲྭ་རྒྱུན་རྣམས་ལ་གཞོན་ཁྲལ་རྒྱུག་མི་དགོས་པ་དང་།     དུང་པ་རྒྱ་གླིང་གི་ཁྲལ་རྒྱུག་མི་དགོས་པའི་དམིགས་བསལ་ཡོད་པ་དང་།    ཉེ་འཁོར་ནས་ཡོང་བའི་གྲྭ་པ་རྣམས་དཔེ་ཆ་བལྟ་མཁན་ཡིན་ན་དམིགས་བསལ་ཡོད་པའི་གཏན་འབེབས་ཐོག་མར་བཟོ་གནང་མཛད།   རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ(སྤྱི་ལོ1761)ལོར་གྲྭ་ཚང་ལ་མེ་སྐྱོན་བྱུང་སྟེ།    དེ་མོ་བདེ་ལེགས་རྒྱ་མཚོས་གསར་བཞེངས་གནང་།    དེ་རྗེས་སླར་ཡང་རབ་བྱུང་བཅུ་དྲུག་པའི་འགོ་ཚུགས་ཙམ་ལ་ད་ལྟའི་གྲྭ་ཁང་འདིའི་ཉམས་གསོ་གསར་བཞེངས་དང་ཁྱད་མེད་བྱས།     

བྱེས་གྲྭ་ཚང་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོའི་དངོས་སློབ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་ཐོག་མར་ཕྱག་བཏབ།    དེ་ནས་རེ་ཞིག་བར་དར་རྒྱས་ཆེ་ཙམ་བྱུང་ཡང་།    ལྡན་མ་ངག་དབང་པ་ཆབ་མདོར་ཕེབས་པ་དང་་།    ཛྙ་ན་ཤྲི་སྐུ་གཤེགས་པ་བཅས་ཀྱི་རྐྱེན་ལས་འཆད་ཉན་བར་སྟོང་བྱུང་ཞིང་།    དེ་རྗེས་རབ་བྱུང་བརྒྱད་པའི་ལྕགས་གླིང(སྤྱི་ལོ1481)ལོར་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་སེ་རའི་ཁྲིར་ཕེབས་རྗེས་སྣེའུ་རྫོང་དཔོན་དཔལ་འབྱོར་རྒྱལ་པོ་དང་།    དཔོན་མོ་བུ་ཁྲིད་དཔལ་འཛོམས་གཉིས་ཀྱིས་སྦྱིན་བདག་བྱས་ཏེ་སླར་ཡང་གྲྭ་ཚང་འདི་གསར་དུ་བཙུགས་ཤིང་སྟོད་གྲྭ་ཚང་ནས་སྤོ་བོ་ཁང་ཚན་དང་གུང་རུ་ཁང་ཚན་གཉིས་མ་གཏོགས་ཡོངས་རྫོགས་དང་འབྲོམ་སྟེང་གྲྭ་ཚང་གི་ཁག་གཅིག་བཅས་ཚང་མ་གྲྭ་ཚང་འདིར་འགྲིལ།    ཐོག་མར་བཞུགས་ཡུལ་གཏན་འཇགས་མེད་པར་ཚལ་གུང་ཐང་དང་དབུས་སྟོད་སོགས་སུ་ཆོས་ཐོག་ལ་ཕེབས་པས་བྱེས་པ་གྲྭ་ཚང་དུ་གྲགས།     དེ་ནས་མཁན་ཐོག་ཁ་ཤས་སོང་  རྗེས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱིས་གྲྭ་ཚང་འདིའི་མཁན་པོ་མཛད་སྐབས་ནས་བཟུང་སེ་རར་གཏན་ཆགས་སུ་བཞུགས་ཤིང་གྲྭ་ཚང་འདི་སེ་རར་བཞུགས་སྐབས་ཀྱི་ཐོག་མའི་བཞུགས་ཡུལ་ནི་འདུ་ཁང་སྦུག་གི་དུས་གསུམ་སངས་རྒྱས་བཞུགས་སའི་ལྷ་ཁང་འདི་ཡིན་ཅིང་།    རྗེས་སུ་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་བོད་ས་གནས་ཀྱི་སྲིད་དབང་བཟུང་སྐབས་ད་ལྟའི་འདུ་ཁང་ཆེན་མོ་འདི་གསར་བཞེངས་བྱས་པ་དང་།    དེའི་སྐབས་ཀྱི་ལྡེབས་བྲིས་རྣམས་ད་ལྟ་ཡང་མཐོང་རྒྱུ་ཡོད་པ་འདི་ཡིན།     གྲྭ་ཚང་འདིར་ཁང་ཚན་ཉི་ཤུ་རྩ་གཅིག་ཡོད་པ་སྟེ།   ཧར་གདོང་།   བསམ་བློ། བྱ་བྲལ ཀྲེ་བོ།   བྲ་ཏི།    ཚ་བ།    ལྷོ་པ།  སྒོམ་སྡེ།   ལ་བ།   ལྡན་མ།   མངའ་རིས་གུ་གེ།   མངའ་རིས་དཔེ་ཐུབ།   མངའ་རིས་ཟངས་དཀར།    སྟག་མོ།   གཙང་པ།   རྒྱལ་བྱེད།   ཨེ་པ།  གཉལ་པ།   དྭགས་པོ།   རྩེད་ཐང་།   སྤོ་བོ་བཅས་ཡིན།    གྲྭ་རྒྱུན་ཡོང་ཁུངས་སྐོར་ཕྱི་སོག་དང་།    ནང་སོག    མགོ་ལོག     ཧོར་ཚོ་པ་དྲུག     ཚ་བ་རོང་སོགས་བར་ཁམས་ཁུལ།     འདན་མ་སྟོད་སྨད།    མངའ་རིས་སྐོར་གསུམ།     གཙང་ཁུལ་ནས་ཁག་གཅིག     ལྷོ་རྒྱུད་ཨེ་དང་།     གཉལ་སྡེ་དྲུག     དྭགས་པོ་ཁུལ།     འཕྱོངས་རྒྱས་ཁུལ།   སྤོ་བོ་ཁུལ་བཅས་ཡིན་ཅིང་།    དུས་རབས་བཅོ་བརྒྱད་པའི་འགོ་ཙམ་ནས་གོང་དུ་གསལ་བ་ལྟར་ལྷ་ས་དང་ཐག་ཉེ་བའི་བྱང་རྒྱུད་དང་།    བར་ཁམས་གཙང་དང་།     ལྷོ་ཁ་སོགས་འགའ་ཞིག་མ་གཏོགས།    མན་ཆིང་སྲིད་གཞུང་གི་མངའ་འོག་ཏུ་ཡོད་པའི་བོད་སོག་གི་དགོན་པ་ཁག་ནས་གྲྭ་རྒྱུན་ཡོང་མཁན་ཧ་ཅང་ཉུང་དུ་སོང་འདུག    བྱམས་ཆེན་ཆོས་རྗེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་བར་ཁྲི་ཐོག་བཅོ་བརྒྱད་བྱུང་ཞིང་།    བཅུ་དགུ་པ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་ནས་སེ་རའི་ཁྲི་པའི་མཚན་བ་ཞེས་པས་ཁྲི་པ་ཟུར་དུ་འཛུགས་སྲོལ་མེད།    དགོན་བདག་ཡིག་ཚང་ལས་ཁུངས་ཡིན་པ་དང་།    རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་གྲྭ་གྲངས9900སྐོར་ཡོད་ལགས།  

3 རྟེན་གཙོ།

སེ་ར་དགོན་པའི་རྟེན་རྫས་དང་།     སྐུ་གསུང་ཐུགས་རྟེན།    རིག་གནས་དངོས་རྫས་སོགས་བརྗོད་ཀྱིས་མི་ལང་བས་འདིར་རོབ་ཙམ་ཞུས་ན།   རྩ་ཆེའི་རིག་དངོས་རིགས་དུ་མ་ཡོད་པ་སྟེ།     གདན་ས་འདིའི་སྐུ་གསུང་ཐུགས་རྟེན་སྐོར་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་དུ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དགེ་སློང་དཔལ་མོའི་ཐུགས་དམ་རྟེན་དུ་གུང་རུ་རྒྱལ་མཚན་བཟང་པོས་བཀའ་བསྒོ་ཕུག་ནས་གདན་དྲངས་པ་དེ་དང་།    ཡང་དུར་ཁྲོད་ཆེན་པོ་བསིལ་པ་ཚལ་གྱི་རྡོ་ནག་ལས་གྲུབ་པའི་མགོན་པོ་ཕྱག་བཞི་པ་སོགས་དང་།    ཐུགས་རྟེན་ཇོ་བོ་རྗེའི་ཚེམས་བཞུགས་པའི་གདུང་རྟེན་སོགས་ཉིས་བརྒྱ་དང་ཉི་ཤུ་བཞུགས། 

གསུང་རྟེན་སྡེ་སྲིད་ཟངས་རི་བས་ཕུལ་བའི་བཀའ་འགྱུར་གསེར་དངུལ་འདྲེས་མས་བཞེངས་པ་དང་།    ཆོས་སྐྱོང་སྐོར་གྱི་སྐུ་ཐང་བྱིན་ཅན་ལྔ།    བྱམས་ཆེན་གྱི་ཞལ་རས་ལྷ་ཁང་དུ་ཇོ་བོ་རྗེའི་སྐུ་ནང་རྟེན་ནོར་བུ་བསམ་འཕེལ་དང་།    རིང་བསྲེལ་སོགས་བཞུགས་པ་དང་།        གཞན་ཡང་ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེར་ཕུལ་བའི་ཐུབ་དབང་གི་ཞལ་ཐང་མཁའ་འགྲོ་བཀྲལ་བཏགས་མ་དང་།    བཀའ་འགྱུར་ལྷ་ཁང་དུ་རྟེན་གྱི་གཙོ་བོ་བྱམས་ཆེན་ཆོས་རྗེ་ལ་གོང་མ་ཏཱ་མིང་རྒྱལ་པོས་ཕུལ་བའི་པད་མ་ར་གའི་བཀའ་འགྱུར་ངོ་མཚར་ཅན།    གོང་མ་ཏཱ་མིང་རྒྱལ་པོའི་ནང་བློན་སྐྱ་མིང་ལ་ཁུང་ཇེ་ཏཱ་བཞིན་དང་ཆོས་མིང་བུཎྚ་རི་ཀ་ཤྲི་ཞེས་པས་བརྒྱད་སྟོང་པའི་དོན་རྣམས་ཇི་ལྟ་བ་བཞིན་ཤེས་ནས་ཏཱ་ལའི་ལོ་མ་ལ་བྲིས་པའི་རྒྱ་གར་གྱི་དཔེ་ལ་མ་ཕྱི་བྱས་ནས་གསེར་འབའ་ཞིག་ལས་ལཉྪའི་ཡི་གེས་བརྒྱད་  སྟོང་པ་ཚར་གཉིས་བཞེངས་པའི་གཅིག་རྒྱ་ནག་ཤར་ཕྱོགས་སུ་བཞུགས་གཅིག་རྒྱ་གར་དུ་གདན་འདྲེན་མཛད་རྩིས་མཛད་པ་དེ་འདིར་བཞུགས་པ་འདིའི་དཀར་ཆག་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་ཡོད་པར་གསལ་བ་ལྟར་དང་།    ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་གནང་བའི་བཀའ་འགྱུར།   བསྟན་འགྱུར་བྲིས་མ་རྙིང་པ་ཚར་གཅིག་དང་།    མི་དབང་ཇུན་དབང་ཕོ་ལྷ་ནས་ཀྱིས་གནང་བའི་བསྟན་འགྱུར་དཔར་མ་གཅིག     འབུམ་ལ་སོགས་པ་གསུང་རབ་མང་དུ་བཞུགས།    ཟ་དམ་ཀརྨའི་་ཆོས་རྫོང་ནས་གདན་དྲངས་པའི་གོས་སྐུ་གླིང་གསུམ་མ་ཆེན་མོ།     ཁལ་ཁ་སན་ཁང་གིས་ཕུལ་བའི་གནས་བཅུའི་གོས་སྐུ་གླིང་གསུམ་མ།    ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེར་ཕུལ་བའི་གནས་བཅུའི་གོས་ཐང་ཆེ་བ།   རྗེ་རིན་པོ་ཆེ།    ཐུབ་པ་ལོངས་སྐུ་མ།    གོང་ས་ལྔ་པ།    པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།    བྱམས་པའི་ལྡེམ་བཅས་ཀྱི་གོས་ཐང་ཆུང་བ་རེ་རེ་རྣམས་བཞུགས་སོ།།    

བྱེས་གྲྭ་ཚང་དུ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་ཐུགས་དམ་རྟེན་རྟ་མགྲིན་ཡང་གསང་ཡབ་ཡུམ་ཡི་དམ་དངོས་དང་ཁྱད་པར་མེད་ཟེར་བའི་བྱིན་ཅན་ཞིག་དང་།    གྲུབ་ཐོབ་འདར་ཕྱར་གྱི་ཕུར་པ་གཏེར་མ་བྱིན་ཅན་གཅིག་སོགས་དང་།    བྱམས་ཁང་ནང་དུས་གསུམ་སངས་རྒྱས་དང་།    ཉེར་སྲས་བརྒྱད་སོགས་ནང་རྟེན་དུ།    ཀུན་མཁྱེན་པའི་ཤངས་མཚལ་ལས་གྲུབ་པའི་རྟ་མགྲིན་ཡང་གསང་གི་སྐུ་ཐང་།    རྗེ་བཙུན་པའི་ཐུགས་དམ་འབྲལ་སྤངས་མགོན་དཀར་གྱི་སྐུ་ཐང་།     རྗེ་དགེ་འདུན་རྒྱ་མཚོའི་ཕྱག་བྲིས་ལྕམ་སྲིང་གི་སྐུ་ཐང་།    རྗེ་དཔོན་དར་མའི་ཐུགས་དམ་རྟེན་མགོན་པོ་ཕྱག་དྲུག་པའི་སྐུ་ཐང་།     རྗེ་ཕྱ་པ་ཆོས་ཀྱི་སེང་གེའི་ཐུགས་དམ་རྟེན་བརྒྱད་སྟོང་པ་གཡུ་ཕྲ་ཅན།    ཕྱ་པའི་ཆོས་དུང་མི་འགྱུར་བའི་གཟེར་རྟགས་ཅན།     རྗེ་བཙུན་ཙོང་ཁ་པའི་ཕྱག་སྦུབ།    རྗེ་ཡོན་ཏན་རྒྱ་མཚོའི་རྡོ་རྗེ་རྩེ་ལྔ་གཏེར་བྱོན།    མཁན་ཆེན་བྷོ་ངྷི་སཏྭའི་བཞེས་ཞལ་གཟི་དམར་ལས་གྲུབ་པ་ཟུར་བརྒྱད་པ་སོགས་དང་།    གསུང་རྟེན་བཀའ་འགྱུར་ཚར་བཞི་དང་།    བསྟན་འགྱུར་བྲིས་མ།    དེ་མིན་སྐུ་རྟེན་ལི་མ་དང་གསེར་སྐུ་སོགས་མང་དུ་བཞུགས།    སྨད་ཐོས་བསམ་ནོར་བུའི་གླིང་དུ་ཐུབ་དབང་གི་སྨན་སྐུ་ཐོག་ཚད་མ་འདིའི་ནང་བཞུགས་འཕེལ་གདུང་སོགས་མང་པོ་དང་།    རྗེ་རིན་པོ་ཆེའི་ཤངས་མཚལ་གྱིས་བྲིས་པའི་རྗེ་ཉིད་འཁོར་དག་པ་རྣམ་བརྒྱད་ཀྱིས་བསྐོར་བ།     ནག་པོ་སྐོར་གསུམ་རྣམ་སྲས་དང་བཅས་པས་བསྐོར་བ་འཁྲུལ་མེད།    བསམ་ཡས་དགེ་རྒྱས་བྱེ་མ་གླིང་གི་རྟེན་གཙོ་ཛེེ་ཀྵིམ་ལས་གྲུབ་པའི་ཐུབ་པ་གྲོང་ཁྱེར་མ།     ར་ལོའི་ཐུགས་དམ་ཛེེཀྵིམ་ལས་གྲུབ་པའི་འཇིགས་བྱེད་སྐུ།    རྗེ་རིན་པོ་ཆེའི་ཐུགས་དམ་རྟེན་འཇིགས་བྱེད་བདུད་ལས་རྣམ་རྒྱལ་སླེའུ་ཆུང་བའི་ཕྱག་བཟོ་སོགས་མང་དུ་བཞུགས་སོ།     འདུ་ཁང་གི་ཁོར་ཡུག་ཏུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་གྲྭ་ཚང་འདི་ཉམས་གསོའི་སྐབས་བཞེངས་པའི་མཛད་བརྒྱ་དཔག་བསམ་འཁྲི་ཤིང་དང་མདོ་སྔགས་བརྒྱུད་པའི་བླ་མ་རྣམས་ཀྱི་ལྡེབས་བྲིས་ཧ་ཅང་བྲིས་ཆ་ལེགས་པོ་ཞིག་བཅས་ཡོད།   

ཚོགས་ཆེན་འདུ་ཁང་རྙིང་པའམ་དེང་སང་སྔགས་པ་གྲྭ་ཚང་དུ་ཡོད་པའི་ནང་རྟེན་ཐུབ་པ་འདུད་འདུལ་གཙོ་བོར་བྱས་པའི་འཕགས་པའི་གནས་བརྟན་བཅུ་དྲུག་དགེ་བསྙེན།    ཧཱ་ཤང་།    རྒྱལ་པོ་ཆེན་པོ་བཞི་དང་བཅས་པ་འདི་ནི་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཞེས་མཁྱེན་པ་དང་བརྩེ་བའི་བདག་ཉིད་ཅན་དེ་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚབ་ཏུ་རྒྱ་ནག་ཏཱ་མིང་གི་གཡུ་ལོས་རྒྱལ་པོའི་ཏི་ཤྲིར་ཕེབས་ཏེའགྲོ་དོན་རྒྱ་ཆེར་མཛད་ནས་ཙནྡན་དཀར་པོ་ལས་བཞེངས་པའི་གནས་བཅུ་གདན་དྲངས་པ་རྣམས་ནང་བཞུགས་སུ་མཛད་ནས་ལྷ་བཟོ་སྤྲུལ་སྐུ་སླེའུ་ཆུང་བས་བཞེངས་པ་སྟེ།    ལོ་རྒྱུས་ཐོག་བཤད་སྲོལ་ལ་འདིའི་ནང་ནས་འཕགས་པ་ཡན་ལག་འབྱུང་འདི་ཀུན་མཁྱེན་པ་སེ་རར་ཐོག་མར་ཕེབས་པའི་ཚེ།         ཀུན་མཁྱེན་ཆེན་པོ་བྱོན་པ་ལེགས།    བསྟན་པའི་རྒྱལ་མཚན་བཙུགས་པ་ལེགས་ཞེས་གསུང་བྱོན་ཞིང་།    དེང་སང་ཡང་ཕྱག་གཉིས་ཕྱག་ཕེབས་ཞུ་བའི་ཚུལ་དུ་ཡོད་ལ།    དགེ་བསྙེན་ངྷརྨ་ཏ་ལ་འདི་ཡང་ཕུག་པ་འདི་ཅུང་ཟད་དོག་འདུག་གསུངས་ནས་ཕུག་པའི་ནང་ནས་ཅུང་ཟད་མདུན་དུ་བྱོན་པ་དང་།    ད་དུང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་རིན་སྤུངས་པ་དོན་ཡོད་རྡོ་རྗེ་མཆོད་ཡོན་གྲོས་མཐུན་གྱིས་སེ་འབྲས་གཉིས་ཀྱི་ཁ་གནོན་དུ་ལྷ་སའི་ཤར་ཕྱོགས་སུ་ཀརྨ་དགོན་གསར་བཏབ་ཐོག     དགེ་ལུགས་པའི་སྦྱིན་བདག་གཙོ་བོ་སྣེའུ་རྫོང་པ་ཡུལ་བཏོན་སྐབས།    ཀརྨ་སྒར་པས་གསེར་གསོལ་ལ་སྙད་བཏགས་ནས་ནང་རྟེན་ཙནྡན་གྱི་སྐུ་རྣམས་གདན་འདྲེན་རྩིས་བྱས་པར་གསེར་གསོལ་བ་མ་བཞེས་པ་དང་།    ནང་རྟེན་འདོན་པའི་ཐོག་མར་མ་ཕམ་པའི་ཐུགས་ཀར་གྲི་བཙུགས་པས་མ་ཕམ་པའི་ཞལ་ནས་ངེད་རྣམས་འདིར་བཞག་པ་འགྲོ་དོན་ཆེ་གསུངས་མ་ཐག་དེ་རྣམས་དཔའ་ཞུམ་སྟེ་རྟེན་རྣམས་ལ་གནོད་པར་མ་ནུས།    མ་ཕམ་པ་འདིའི་ཐུགས་ཀར་དྲོད་རྟ་རྔ་ཙམ་ཡོད་པ་དང་།    བསམ་སྦྱོར་ངན་པ་བྱས་པའི་བླ་དཔོན་འཁོར་བཅས་མི་རིང་བར་ན་ཤི་རྒུད་པས་ཟད་ནས་གསར་དུ་བརྩིགས་པའི་དགོན་པ་དང་ལྷ་ཁང་ཡང་བདག་པོ་མེད་པར་གྱུར་ཏེ་རང་ཞིག་ཏུ་སོང་ཟེར་སྲོལ་ཡོད།  

སྔགས་པ་གྲྭ་ཚང་གི་འདུ་ཁང་གི་ནུབ་ངོས་ཀྱི་སྦུག་ཏུ་བྱམས་ཆེན་ཆོས་རྗེའི་སྨན་སྐུ་སོགས་དང་གཙོ་བོའི་གཡས་ཀ་རྒྱབ་ཏུ་དགེ་འདུན་འདུ་བའི་མཆོད་རྟེན་གྱི་ནང་དུ་མཚུངས་མེད་ཆོས་ཀྱི་རྗེ་རྒྱལ་མཚན་བཟང་པོའི་སྐུ་གདུང་རིལ་པོར་བཞུགས་པ།    སྒོ་རྒྱན་ལ་རྗེ་དེ་ཉིད་ཀྱི་ཤངས་མཚལ་ལས་བཞེངས་པའི་རྒྱལ་བ་སེང་གེའི་ང་རོའི་སྐུ་དང་།    སྒོ་ཁྱིམ་ནང་དུ་ཆོས་ཀྱི་རྗེ་དེ་ཉིད་རང་གིས་ཕྱག་བཟོ་མཛད་པའི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྨན་སྐུ་བཞུགས་པ།    སྔར་རིང་བསྲེལ་མང་དུ་འཛག་ཅིང་།    གདོན་གྱིས་གཟིར་བ་རྣམས་ཀྱིས་མཇལ་བ་ཙམ་གྱིས་གདོན་ལས་གྲོལ་ནུས་པ་སོགས་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞེས་ཟེར་སྲོལ་ཡོད་པ་བཅས་དེ་དག་ནི་དགོན་གནས་འདིའི་རྟེན་གྱི་གཙོ་བོ་ཡིན།   


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:6  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-05

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།