ཨ་ཎིའི་མཚམས་ཁུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ཎིའི་མཚམས་ཁུང་།
མཚམས་ཁུང་དགོན་པ་ནི་གྲོང་ཁྱེར་ལྷ་སའི་ལྷོ་ཕྱོགས་རབ་གསལ་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་སུ་ཡོད་ལ། ལྷ་སའི་གླིང་སྐོར་ལམ་དུ་གནས་ཡོད། སྤྱི་ལོའི་དུས་རབས་བདུན་པར་གནས་དེར་རང་བྱུང་གི་ས་ཁུང་ཞིག་ཡོད་པ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དེར་སྐུ་མཚམས་མཛད་ནས་ལྷ་ས་སྐྱིད་ཆུའི་འཇིགས་པ་ལས་ལྡོག་པར་མཛད་པས་མཚམས་ཁུང་ཞེས་མིང་དུ་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
仓扎寺
མཚན་ཡོངས་གྲགས།
མཚམས་ཁུང་དགོན།
གྲུབ་མཐའ།
དགེ་ལུགས།
ཕྱག་འདེབས་ལོ།
སྤྱི་ལོའི་དུས་རབས15པར།
ཕྱག་འདེབས་པོ།
ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ་བཟང་།
རྟེན་གཙོ།
སྤྱན་རས་གཟིགས་བཅུ་གཅིག་ཞལ། ཚེ་དཔག་མེད། མཁའ་སྤྱོད་མའི་སྐུ།
ཡི་དམ།
བདེ་མཆོག དཔའ་བོ་འཇིགས་བྱེད། རྣལ་འབྱོར།
བཀའ་སྲུང་།
དཔལ་ལྡན་ལྷ་མོ།
དུས་མཆོད་བྱེད་སྒོ།
སྔར་སྲོལ་བོད་ཟླ3པའི་གནམ་གང་ནས་ཕྱི་ཟླའི་ཚེས16སྨྱུང་གནས་ཚུགས།
1 རྟེན་གཙོ།

རྟེན་གྱི་གཙོ་བོར་སྐབས་དེར་བཞེངས་པའི་ལྷ་མོའི་ཞལ་འབག་དང་།    སྲོང་བཙན་ཉིད་ཀྱི་སྐུ་བརྙན་མཐོ་གང་གི་ཆ་ཚད་བཅས་བཞེངས།  སྤྱི་ལོའི་དུས་རབས་བཅོ་ལྔར་བདག་ཉིད་ཆེན་པོ་ཙོང་ཁ་པའི་དངོས་སློབ་ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ་བཟང་གནས་འདིར་ཕེབས་ནས་སྒོམ་སྒྲུབ་མཛད།   རང་ཉིད་ཀྱི་རྟོག་པ་བརྒྱུད་འཛིན་དང་།   ལྷག་པར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་ཉམས་བཞེས་གཙོ་བོར་མཛད་མཁན་བཙུན་མ་བཅུ་སྐོར་ཞིག་ལས་གྲུབ་པའི་མོ་དགོན་འདུ་ཁང་ཀ་བ་བརྒྱད་དང་།    རྡོ་རྩིག་ཅན་གྱི་སྤྱིལ་བུ་བསྐྲུན་པ་ལ།    རྟེན་གྱི་གཙོ་བོར་སྤྱན་རས་གཟིགས་བཅུ་གཅིག་ཞལ།    ཚེ་དཔག་མེད།    སློབ་དཔོན་པདྨ།    མཁའ་སྤྱོད་མ་བཅས་དང་།    ས་དམར་ལས་བཞེངས་པའི་སྟེགས་བུ་བྱས་པའི་མ་ཎི་ལག་སྐོར་བརྒྱད་བཅས་བཞེངས།    སྤྱི་ལོའི་དུས་རབས་ཉི་ཤུ་པའི་དུས་འགོར་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོདང་།    དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་རྣམ་གཉིས་ནས་དགོན་པ་རྒྱ་བསྐྱེད་ཀྱིས་འདུ་ཁང་ཐོག་བརྩེགས་ཅན་ཀ་བ་བཅུ་དྲུག་ལ།    སྒོ་འཕྱོར་ཀ་བ་གཉིས།    ལྡེབས་བྲིས་སུ།   ཙོང་ཁ་པ་ཡབ་སྲས།    ཇོ་བོ་ཡབ་སྲས།

ཡོངས་འཛིན་རྣམ་གཉིས།    གཞན་ཡང་ཡི་དམ་ལྷའི་སྐུ་བརྙན་སོགས་ཚོན་མདངས་བཀྲ་བའི་ལྡེབས་བྲིས་ཀྱིས་ཁྱབ།    རྟེན་དུ་ཕ་བོང་ཁ་པའི་སྐུ་བརྙན་མདའ་ཚད་མ་དང་།    བདེ་མཆོག་གི་འཇིམ་བརྙན་བཅས་བཞེངས།    བཙུན་མ་གསར་བཞུགས་ཇེ་མང་དུ་སོང་ནས་བཙུན་གྲངས་དགུ་བཅུ་ལྷག་ཙམ་ཟིན་པར་བརྟེན།    སྤྱིལ་བུ་གསར་བསྐྲུན་མཛད་ནས་སྒོ་ར་མདོ་སྦུག་གཉིས་སུ་གྱུར།    ཕྱག་ལེན་གཙོ་བོ་བདེ་མཆོག་ཡབ་ཡུམ་ཉམས་བཞེས།    གནས་བཅུ།    སྨན་བླ།    བླ་མཆོད་སོགས་ཀྱི་ཆོ་ག་འདོན་པ་བཅས་དང་།    དེང་སྐབས་དགོན་པའི་འདུ་ཁང་དུ་རྟེན་གཙོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་།    སྐྱབས་རྗེ་ཕ་བོང་ཁ་པའི་ཞལ་འདྲ།    མཁའ་སྤྱོད་མའི་སྐུ་སོགས་ཡོད་པ་དང་།    ཆོས་རྒྱལ་གྱི་མཚམས་ཁུང་དུ་སྲོང་བཙན་སྒམ་པོའི་སྐུ་བརྙན་བཅས་ཡོད།    དེང་སྐབས་བཙུན་མ་ཞལ་གྲངས་བདུན་བཅུ་ལྷག་ཙམ་ཡོད་པ་དང་།    ཉ་སྟོང་བརྒྱད་གསུམ་བཅས་ལ་ལྟུང་བཤགས་དང་།    སྒྲོལ་མའི་ཆོ་ག     བདེ་མཆོག་དང་འབྲེལ་བའི་བླ་མཆོད།    གནས་བཅུའི་ཆོ་ག   སྨན་བླའི་ཆོ་ག་བཅས་རྒྱུན་འདོན་ཕྱག་བཞེས་གནང་གི་ཡོད།

2 བཟོ་བཀོད།

ནུབ་ན་ཀསྨིར་ཁ་ཆེའི་རིགས་ཀྱི་ཕྱག་ཁང་དང་རྒྱབ་ཏུ་བལ་པོའི་གཞུང་ཚབ་ཁང་ཡོད།     དེ་ནས་ནུབ་ཙམ་ན་དུས་རབས་བཅུ་བདུན་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་གཟིམ་ཁང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྲགས་པར་བཞེངས་པ་རྡོ་རྗེ་ཤུགས་ལྡན་གྱི་རྟེན་ཁང་གསར་དུ་བཞེངས་པར་མིང་དུ་སྤྲོ་བདེ་ཁང་གསར་དུ་འབོད།    རྡོ་རྗེ་ཤུགས་ལྡན་ནི་དེ་སྔ་ཏཱ་ལའི་བླ་མ་རིམ་བྱོན་གྱི་སྐྱབས་རྟེན་ཞུ་ཡུལ་ཆོས་སྐྱོང་སྲུང་མར་གཏོགས།    བདག་འཛིན་དབང་ཆ་རི་བོ་ཆོས་གླིང་དགོན་པས་བྱེད་པ་དང་།    དགོན་པས་རྒྱུན་གཏན་རྡོ་རྗེ་ཤུགས་ལྡན་གསོལ་མཁན་མངགས་གཏོང་སོགས་བྱེད་ཀྱི་ཡོད།    འདུ་ཁང་གི་རྒྱལ་སྒོའི་སྟེང་སྔར་རྒྱ་ཡིག་གི་བན་ཞིག་ཡོད་པ་དེ་ཆིང་རྒྱལ་རབས་ཀྱི་གོང་མ་ཏཱ་ཀོང་གི་བཀའ་འཁྲོལ་བྱུང་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པའི་སྐབས་འབྲས་སྤུངས་གནས་ཆུང་སྐུ་རྟེན་དང་སྤྲོ་བདེ་ཁང་གསར་ལ་བན་རེ་གནང་བ་ལོ་རྒྱུས་ཡིག་ཆར་གསལ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-29

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།