བཟོ་རིག་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བཟོ་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྒྱུ་རྩལ།)

བཟོ་རིག་པ།
བཟོ་རིག་པ་ནི་འབྲེལ་ཡོད་ལག་རྩལ་དང་བཟོ་བཀོད། རོལ་དབྱངས་དང་མཛེས་རྩལ། སྔགས་རྩལ་སོགས་སྒྱུ་རྩལ་གྱི་ནུས་པ་བགྲོད་ཐུབ། དེ་མིན་རིག་གནས་ཆེན་པོ་ལྔའི་ཡ་གྱལ་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工巧明
ཕྱི་ཡིག་གི་མིང་།
s/ilpastha^na-vidya
སྒྱུ་རྩལ་བྱེད་ནུས།
རི་མོ། ཞབས་བྲོ། ཚག་རིས་རྒྱག་པ།
རང་བཞིན།
རིག་གནས་ཆེན་པོ་ལྔའི་ཡ་གྱལ།
1 མཚམས་སྦྱོར།

སྤྱིར་བཟོ་རིག་པ་ལ་ལུས་བཟོ་ངག་བཟོ་ཡིད་བཟོ་བཅས་གསུམ་དུ་དབྱེ་ཚུལ་འདུག་པ་ལྟར་ན་མིས་བཟོས་པའི་དངོས་པོ་ཡིན་ཕྱིན་ཆད་བཟོ་རིག་གི་ཁོངས་སུ་བསྡུ་ཆོག་པ་ཡིན་པས་རྩོལ་སྒྲུབ་ལས་བྱུང་བའི་དངོས་པོ་ལ་བཟོ་དང་དེ་བསྟན་པའི་གཞུང་ལུགས་ལ་བཟོ་རིག་པའོ། །བོད་ཀྱི་སྲོལ་རྒྱུན་རིག་གནས་ལྟར་ན། བཟོ་རིག་པ་ཞེས་པའི་གོ་དོན་ལ《ཤེས་བྱ་མཛོད་》ལས། དོན་གཉེར་རྗེས་འཛིན་བཟོ་རིག་མཐའ་ཡས་ཀྱང་། སྒོ་གསུམ་བཟོ་ལ་ཤེས་བྱ་ཀུན་ཀྱང་འདུ། །ཞེས་གསུངས་པ་ལྟར། འདོད་རྒུ་དོན་དུ་གཉེར་བའི་ལག་རྩལ་ཐམས་ཅད་བཟོ་རིག་པ་ཡིན་ཞིང་། དོན་རྒྱ་ཆེར་བསྐྱེད་ཚེ་ལུས་ངག་ཡིད་གསུམ་གྱི་བཟོ་རུ་མ་འདུས་པའི་ཤེས་བྱ་གང་ཡང་མེད་པར་བཤད་དོ། །

2 བཟོ་གནས་ཀྱི་དབྱེ་བ།

ལུས་བཟོ། ངག་བཟོ། ཡིད་བཟོ།

ལུས་བཟོ་ནི།

འང་ཤེས་བྱ་ཀུན་འདུ་བར་བཤད་པ་ལྟར་དབྱེ་ན་བགྲང་བས་མི་ལང་ཡང་། འདིར་ལུས་བཟོ་སྟེ་གཞན་རྗེས་སུ་འཛིན་པའི་ལག་རྩལ་བོད་བཟོ་ལྟར་དབྱེ་བ་མདོ་ཙམ་བཀོད་ན། ལུས་བཟོ་མཆོག་ལ་སྐུ་གསུང་ཐུགས་བཅས་རྟེན་བཟོ་སྣ་གསུམ་ཡོད་ཅིང་། དེ་རེ་རེར་ཡང་། སྐུ་བཟོ་ལ་བྲིས་འབུར་གཉིས། དེ་ལས་བྲིས་ལ་ཐང་ག་དང་ལྡེབས་རིས་གཉིས། ཐང་ག་ལ་བཞེང་བྱེད་རྒྱུས་དབྱེ་ཚེ་ཚོན་ཐང་། གསེར་ཐང་། ནག་ཐང་། དམར་ཐང་། ཨམ་ཚོན་སོགས་ཡོད་ལ། ཆེ་ཆུང་གིས་དབྱེ་ཚེ་གྱན་ཐང་དང་། ཐང་ག ཙ་ཀ་གསུམ་དུ་དབྱེ་བའང་ཡོད། འབུར་བཟོ་ལ། འཇིམ་བཟོ་རིགས་སྣ་ཚོགས་དང་།བརྡུང་མགར་དང་ལུགས་མགར་གཉིས་སུ་འདུ་བའི་མགར་བཟོ། པར་རྐོ་དང་འབུར་བརྐོ་སོགས་འདུ་བའི་བརྐོས་དཀྲོལ། མར་རྒྱན། རྡུལ་ཚོན་ཕྱེ་མ། གོས་དྲུབ། གཙག་དྲུབ་སོགས་མང་དུ་ཡོད། གསུང་རྟེན་གྱི་བཟོ་ལ་ལན་ཝར་སོགས་ཀྱི་གཟུགས་སྔགས་དང་རྣམ་བཅུ་དབང་ལྡན། གཞན་བོད་ཡིག་གི་འབྲི་ཚུགས་སྣ་ཚོགས་འདུ་བའི་གསུང་རབ་ཀྱི་བཟོ་མང་པོ་དང་། ཐུགས་རྟེན་གྱི་བཟོ་ལ་མཆོད་པའི་རྟེན་དང་ཕྱག་མཚན་རིགས་མང་པོ་འདུ། ལུས་ཀྱི་དམན་བཟོ་ལ་རྡོ་བཟོ་དང་། གྱོ་བཟོ། འཚེམ་བཟོ། ཤིང་བཟོ། རྩིག་བཟོ། འཐག་བཟོ། བསེ་བཟོ་སོགས་ཁང་ཁྱིམ་ཅན་ལག་མཁོ་དངོས་འབྱོར་བ་སྣ་མང་སྒྲུ་པ་ཡོད་ཚད་འདུ་བ་ཡིན་ནོ། 《ཀློང་རྡོལ་བའི་གསུང་འབུམ་》དུ་མདོར་བསྡུས་ན་བཟོ་རྣམ་པ་བཅུ་ཡོད་པར་གསུངས་ལ། རྒྱ་གཞུང་ཁག་ཏུ་བཟོ་གནས་བཅོ་བརྒྱད་དུ་བསྡུས་ཡོད་ཀྱང་། 《འདུལ་བ་ལུང་》དང་། 《ཀོ་ས་ལའི་རྒྱན་གྱི་མདོ》དང་། 《མཛོད་》དང་། 《དུས་འཁོར་》བཅས་ལས་འབྱུང་བའི་བགྲང་ཚུལ་ནི་མི་མཐུན་པར་སྣང།ལོ་ངོ་བཞི་སྟོང་གོང་གི་ཆབ་མདོ་ཁ་རུབ་གནའ་ཤུལ་སོགས་ནས་ཐོན་པའི་རྫ་ཆས་དང་རུས་ཆས། རྡོ་ཆས། དེ་བཞིན་སྤྲེའུ་གདོང་གི་གཟུགས་སོགས་ནི་ལུས་བཟོའི་ཁོངས་དང་།

ངག་བཟོ་ནི།

གཅན་གཟན་གྱི་འཇིགས་པ་འཕྲད་པའི་ཚེ་རོགས་པ་འབོད་པའི་བརྡ་སྤྲོད་ཚུལ་སོགས་ནས་འགོ་བཙུགས་ཏེ་བྱུང་བའི་ཡ་རབས་གུས་ཞབས་ཀྱི་སྐད་ཆ་འཆད་སྟངས། ལ་གླུ་དང་ཨར་གཞས་སོགས་ནི་ངག་བཟོའི་ཁོངས།

ཡིད་བཟོ་ནི།

ཕ་སྤྲེལ་རྒན་གྱི་གཤིས་རྒྱུད་ལས་བྱུང་བའི་བྱམས་སྙིང་རྗེའི་ལམ་སྲོལ་ལས་བྱུང་བའི་གཞན་ལ་ཕན་སེམས་སྐྲུན་སྟངས། མ་བྲག་སྲིན་གྱི་གཤིས་རྒྱུད་ལས་བྱུང་བའི་ཁྲོ་བ་དང་གདུག་རྩུབ་ཀྱིས་གཞན་གནོད་བྱེད་ཚུལ། མི་དཔྱད་དང་རིན་པོ་ཆེ་བརྟག་ཚུལ་རྣམས་ཡིད་བཟོའི་ཁོངས་ཡིན་ནོ། །

ནང་ཆོས་ཀྱི་སྐུའི་བཟོ་རྩལ་ནི།

རྒྱལ་པོ་སྲོང་བཙན་སྐབས་ནས་བྱུང་ཞིང་ལག་རྩལ་གྱི་བཅུད་ལེན་བྱས་ཏེ་བསྐྲུན་པའི་ལྷ་ལྡན་གཙུག་ལག་ཁང་དང་པོ་ཏ་ལ་སོགས་ཀྱི་བྲིས་འབུར་གྱི་སངས་རྒྱས་ཀྱི་སྐུ་འདྲ་རྣམས་ནི་སྐུའི་རྟེན་ཡིན། སློབ་དཔོན་ཐོན་མི་སམ་བྷོ་ཊས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་བསྒྱུར་བ་ནས་འགོ་བཙུགས་ཏེ་བོད་ཀྱི་བཀའ་བསྟན་རྣམས་ནི་གསུང་རྟེན་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བཞེངས་པའི་བསམ་ཡས་ཀྱི་རྡོའི་མཆོད་རྟེན་དང་མཆོད་རྟེན་དཀར་ནག་སོགས་ནི་སངས་རྒྱས་ཀྱི་ཐུགས་ཀྱི་ཡོན་ཏན་ཏེ། དྲན་པ་ཉེར་བཞག ཡང་དག་པར་སྤོང་བ། རྫུ་འཕྲུལ་གྱི་རྐང་པ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན་སོགས་མཆོད་རྟེན་གྱིས་མཚོན་པར་བྱེད་པས་ན་ཐུགས་ཀྱི་རྟེན་ཡིན་ནོ། ། དེར་བརྟེན་སྐུ་གསུང་ཐུགས་རྟེན་བཞུགས་ཏེ་ཕྱག་དང་མཆོད་པ་དབུལ་སའི་ཁང་པ་ལ་མཆོད་ཁང་དང་རྟེན་དེ་དག་མཇལ་བ་ལ་མཆོད་མཇལ་ཟེར་བ་ཡིན་པས་ཆོས་མཇལ་ཞེས་པའི་འབྲི་སྲོལ་དེ་ནོར་བ་ཡིན་ནོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-03

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།