འཕྲིན་ཡིག་ཡིད་ཀྱི་ངང་མོ་རྣམ་རྩེན།

བོད་ཀྱི་སྙན་ངག་པ་ཆེན་པོ་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ནི། རབ་བྱུང་བཅུ་བའི་ས་རྟ་སྟེ་སྤྱི་ལོ1618ལོར་སྐུ་འཁྲུངས། སྐུ་ན་ཕྲ་དུས་ནས་ཡི་གེ་འབྲི་ཀློག་ཀུན་ལ་ཐོགས་པ་མེད་པར་གྱུར། ཕྱིས་སུ་འབྲུག་པ་སངས་རྒྱས་རྡོ་རྗེ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་རིག་པའི་གནས་རྣམས་ལ་མཁས་པར་སྦྱངས། སྒོས་སུ་རིག་གནས་ཀུན་ལ་འཇུག་པའི་སྒོ་མོའམ་མིག་ལྟ་བུར་གྱུར་པའི་སྙན་ངག་གི་རིག་པ་འདི་ཉིད་སྦྱངས་པ་དཔྱིས་ཕྱིན་པ་བྱས་པས་འགྲན་པའི་ཟླ་དང་བྲལ་བར་གྱུར།
《དབྱངས་ཅན་ངག་གི་རོལ་མཚོ་ཡིད་ཀྱི་ངང་མོ་རྣམ་རྩེན་ཚངས་པའི་མགྲིན་རྒྱན་རབ་དགའི་རྒྱུད་མངས》དང《ཞུ་འཕྲིན་ངག་དབང་དཔྱིད་ཀྱི་ཕོ་ཉ》སོགས་སྙན་ངག་གི་བརྩམས་ཆོས་གྲགས་ཅན་དུ་མ་དང་། 《སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན》དང་། 《སྙན་ངག་སྨྲ་བ་རྣམས་དྲི་ཚིག་ཅུང་ཟད་གཏམ་དུ་བྱ་བ་ཚངས་པའི་མགྲིན་རྒྱན》། 《སྙན་ངག་མེ་ལོང་གི་དྲི་ཚིག་ཚངས་པའི་མགྲིན་རྒྱན་གྱི་རང་ལན་དབྱངས་ཅན་ངག་གི་རོལ་མཚོ》།《སྙན་ངག་ལ་དཔྱད་པ་ཨུཏྤལའི་ཕྲེང་བའི་ལན་སྣང་བ་མཆོག་གི་དུས་སྟོན》། 《སྙན་ངག་དཔེར་བརྗོད་ཀྱི་དྲིས་ལན་དྲི་ཟའི་གླུ་དབྱངས་སྐལ་བཟང་བློ་གསལ》། 《སྙན་ངག་མེ་ལོང་གཞུང་གིས་བསྟན་པའི་དཔེར་བརྗོད་ལེགས་པར་བཤད་པ་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས》།《སྙན་ངག་གི་དཔེ་རྒྱན་སགལ་བྱེད་དཔེར་བརྗོད་སྒྲ་ལྡན་ལྷའི་འཛུམ་ཟེར》། 《དཔེ་རྒྱན་གྱི་རྣམ་གྲངས་མཚུངས་གསལ་གྱི་སྒྲ་དྲུག་ཅུ་རྩ་ལྔའི་དཔེར་བརྗོད་རང་བྱུང་དབྱངས་ཀྱི་རྒྱལ་མོའི་མགྲིན་སྒྲ》།《དོན་རྒྱན་དང་པོ་གསུམ་གྱི་དཔེར་བརྗོད་ཡོངས་འདུའི་མེ་ཏོག》སོགས་སྙན་འགྲེལ་དང་། སྙན་ངག་གི་དཀའ་གནད་བཀྲོལ་བའི་གཞུང་དང་། སྙན་ངག་གི་དཔེར་བརྗོད་མང་པོའང་མཛད་ཡོད། གཞན་ད་དུང《སྨན་གྱི་རོ་ནུས་བཤད་པ་བཻཌྰུརྱའི་མེ་ལོང》དང་། 《དྲིས་ལེན་ལེགས་བཤད་རིན་པོ་ཆེའི་སྣང་བ་གསལ་བ》། 《ལུས་ཐིག་ཟླ་བ་ནོར་བུ》ཞེས་པ་སོགས་ཀྱང་མཛད་ཡོད་པར་གྲགས། གསུང་ལས་སྐྱེས་པའི་སློབ་མའང་པད་དཀར་དབང་བོ་སོགས་མང་དུ་འདུག ཁོང་ལ་རྣམ་ཐར་་མེད་པ་འདྲ་བས་ཡབ་ཡུམ་གྱི་མཚན་དང་། བསྟན་པ་དང་འགྲོ་བའི་དོན་དུ་འཕྲིན་ལས་གཞན་ཅི་མཛད། སྐུ་གཤེགས་པའི་ལོ་ཚིགས་སོགས་ལོ་རྒྱུས་ཞིབ་མོ་ནི་ངོ་སྤྲོད་བྱ་ཐབས་བྲལ་ལོ། །
“རིག་འཛིན་ལྷ་ཡི་སྐྱེ་ཚལ་དུ། །
འཇུག་པའི་འཕྲིན་ཡིག་ཐབས་ཤེས་ཀྱི། །
འདབ་གཤོག་གཡོ་བའི་ཟློས་གར་མཁན། །
ཡིད་ཀྱི་ངང་མོ་རྣམ་རྩེན་བཞུགས། །”
ཞེས་སྙན་ངག་གི་ལམ་ནས་སྨྲས་པ་འདི་ནི་བསྐུར་ཡུལ་བྱེ་བྲག་པ་ཞིག་ལ་བསྐུར་བའི་འཕྲིན་ཡིག་ཅིག་མིན་པར། བློ་གསལ་སྤྱི་ལ་འཕྲིན་གྱི་ཚུལ་དུ་བྲིས་པའི་སྙན་ངག་ཅིག་ཡིན་ཏེ། དེ་དེ་ལྟར་ཡིན་པ་ནི།
“ཚུར་མཐོང་བློ་ཡི་སྲད་བུ་དང་འཚམས་པར། །
འཕྲིན་ཡིག་ཚར་དུ་དངར་བའི་དོ་ཤལ་འཛུམ། །
བློ་གསལ་ཀུན་ལ་རབ་དགའི་སྐྱེས་བཟང་པོར། །
སྦྱིན་གྱི་སྙིང་ལ་བསིལ་བའི་རྟེན་དུ་ཟུངས། །”
ཞེས་པ་འདི་ལས་གོ་ཐུབ་པར་མ་ཟད། སྙན་ངག་འདིའི་སྦྱར་བྱང་གི་ཚུལ་དུ་བྲིས་པའི།
“ཚིག་སྦྱོར་རབ་གསལ་ལྷ་བརྒྱ་ཡི། །
རྒྱུད་མངས་ཆོས་དོན་སྙིང་པོ་ཅན། །
འདི་ཡང་གསལ་བར་མི་གོ་ན། །
དེ་ནི་བ་ལང་རྣ་བའི་སྤུན། །”
ཞེས་པ་འདི་ལས་ཀྱང་གོ་ཐུབ་བོ། །
སྙན་ངག་འདི་ནི་ཤུགས་དྲག་པའི“ཡིད་ཀྱི་ངང་མོ་རྣམ་པར་རྩེན་པའི”སྙན་ངག་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། སྙན་ངག་འདི་བརྗོད་དོན་གྱི་ཆ་ནས་ཁག་གསུམ་དུ་ཕྱེ་ཆོག
ཁག་དང་པོར་སྙན་ངག་སྤྱིའི་འགྲོ་ལུགས་ལྟར་ངག་གི་ལྷ་མོ་དབྱངས་ཅན་མ་ལ་མཆོད་བརྗོད་བྱས་རྗེས། རྩོམ་པར་དམ་བཅའ་བ། དངོས་པོ་ངེས་བསྟན། བློ་ལྡན་ཉན་སྐུལ་བཅས་ཀྱིས་གྲུབ་ཡོད།
ཁག་གཉིས་པར་རང་གི་གནས་སྐབས་དང་། དགེ་བའི་བཤེས་གཉེན་ལ་བཅངས་པའི་བརྩེ་གདུང་། སྐལ་ལྡན་རྣམས་ལ་གནང་བའི་བསླབ་བྱ། འཕྲིན་དང་སྙན་ངག་དང་གཞུང་ལུགས་བཅས་ལས་བྱུང་བའི་བདེ་བ་སོགས་ཤུགས་དྲག་པའི་ཡིད་འགྱུར་དང་བཅས་བརྗོད་པར་བྱས་ཡོད།
ཁག་གསུམ་པར་བསྔོ་སྨོན་རྒྱ་ཆེར་མཛད་ཡོད་དོ།།
སྙན་པའི་རྩེར་སོན་པའི་ཚིག་སྦྱོར་དང་གཅིག བཅོས་མིན་ཤུགས་དྲག་གི་ཡིད་འགྱུར་དང་གཉིས། ཕུན་སུམ་ཚོགས་པའི་ཀུན་རྟོག་དང་གསུམ་སྟེ། མདོར་ན། སྙན་ངག་པས་སྙན་འཇེབས་རྨད་དུ་བྱུང་བའི་ཚིག་སྦྱོར་དང་ཕུན་སུམ་ཚོགས་པའི་ཀུན་རྟོག་ལ་བརྟེན་ནས་བཅོས་མིན་ཤུགས་དྲག་གི་ཡིད་འགྱུར་མཚོན་ཡོད་པས། ཀློག་པ་པོ་རྣམས་ཀྱི་ཡིད་ཀྱི་མཛེས་སྡུག་གི་ཚོར་བ་ལྷང་ལྷང་བ་ཞིག་བསྐྱེད་ནུས། དེ་བས《འཕྲིན་ཡིག་ཡིད་ཀྱི་ངང་མོ་རྣམ་རྩེན》གྱིས་གཙོ་བྱས་པའི་བོད་མཁས་ཀྱི་སྙན་ངག་རྣམས་ནི་བོད་ཀྱི་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ཀྱིས་སྙན་པའི་རྩེར་སོན་པའི་བརྩམས་ཆོས་ཀྱི་ཚད་དུ་འཇོག བོད་མཁས་ནི་རྒྱལ་བ་ཀློང་ཆེན་པ་དྲི་མེད་འོད་ཟེར་དང་རྗེ་ཙོང་ཁ་པ་གཉིས་དང་འདྲ་བར་ཁ་ལྷོད་པའི་རྩོམ་གཤིས་ཅན་གྱི་འཐུས་ཚབ་པར་བརྩི་མོད། སྙན་ངག་འདི་གཅིག་པུའི་ངོས་ནས་བལྟས་ན། ཁ་ལྷོད་པའི་ཁྱད་ཆོས་དང་ཁ་དམ་པའི་ཁྱད་ཆོས་གཉིས་ཀ་ཟུང་དུ་འབྲེལ་ཡོད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-01-08
གསར་སྤེལ་མཁན། :བདེ་ཆེན་མཚོ།