དངུལ་ཁང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

དངུལ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དངུལ་རྩ། )

དངུལ་ཁང་།
དངུལ་ཁང་ནི་ཁྲིམས་ལྟར་བཙུགས་པའི་དངུལ་ལོར་ཡིད་རྟོན་དངུལ་བུན་གྱི་ལས་སྒོ་གཉེར་བའི་དངུལ་རྩའི་ལས་ཁུངས་ཡིན་ལ། དེ་ནི་ཚོང་ཟོག་དངུལ་ལོར་དཔལ་འབྱོར་འཕེལ་རྒྱས་བྱུང་ནས་རིམ་པ་ངེས་ཅན་ལ་བསླེབས་པའི་ཐོན་དངོས་ཡིན། དེ་ཡང་དངུལ་ཁང་ནི་དངུལ་རྩའི་ལས་ཁུངས་ཀྱི་ཡ་གྱལ་ཡིན་ཞིང་། དེ་ལ་ཀྲུང་གོ་དངུལ་ཁང་དང་ཚོང་ལས་དངུལ་ཁང་། མ་དངུལ་གཏོང་བའི་དངུལ་ཁང་། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་། འཛམ་གླིང་དངུལ་ཁང་བཅས་རིགས་མི་འདྲ་བ་མང་བོ་ཡོད། དེ་སྔ་མིང་རྒྱལ་རབས་ཀྱི་དུས་མཇུག་ནས་ཀྲུང་གོར་དངུལ་ཁང་ཞེས་པའི་རྩ་འཛུགས་དེ་ཡོད་ཅིང་། མི་རྣམས་ཀྱི་ལག་ཏུ་གནས་སྐབས་བེད་སྤྱོད་མེད་པའི་དངུལ་ལོར་ཡོད་ན། དེ་དག་དངུལ་ཁང་ལ་བཞག་ནས་སྐྱེད་ཀ་ལེན་པ་ཡིན། ཡང་མི་རྣམས་གྱིས་ལས་གཉེར་རམ་འཚོ་བར་དངུལ་ལོར་དགོས་གལ་ཆེན་པོ་ཡོད་པའི་སྐབས་སུ། དངུལ་ཁང་ནས་བུ་ལོན་བསྐྱི་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
银行
ཕྱི་ཡིག་གི་མིང་།
bank
1 ལོ་རྒྱུས།

དངུལ་ཁང་ནི་དངུལ་ལོར་ཡིད་རྟོན་དངུལ་བུན་གྱི་ལས་སྒོ་གཉེར་བའི་དངུལ་རྩའི་ལས་ཁུངས་ཡིན་ལ། དེས་ཆེད་མངག་དངུལ་བཅོལ་དང་བུ་ལོན་གཏོང་བ། དངུལ་ལོར་བརྗེ་བ་སོགས་ཀྱི་ལས་ཀ་བྱ་བ་ཡིན་ཏེ། ཡིད་རྟོན་མཚམས་སྦྱོར་དང་སྤྲོད་ལེན་མཚམས་སྦྱོར་བྱ་བ་ཡིན། དེ་ཡང་ལོ་རྒྱུས་ཐོག་གི་དངུལ་ཁང་ཆེས་སྔ་ཤོས་ནི། སྤྱི་ལོ་སྔོན་གྱི2000ལོར། པ་པི་ལུན་དགོན་པར་བྱུང་བ་དང་། སྐབས་དེར་དངུལ་ལོར་བརྗེ་རེས་ཀྱི་ལས་སྒོ་བྱུང་ཡོད་པ་རེད། ཉེ་དུས་ཀྱི་དངུལ་ཁང་ཐོག་མ་ནི། སྤྱི་ལོ1580ལོར། དབྱི་ཐ་ལི་ཝེ་ཉི་སི་རུ་བྱུང་བ་ཡིན། དེང་རབས་ཀྱི་དངུལ་ཁང་ཐོག་མ་ནི། སྤྱི་ལོ1694ལོར། དབྱིན་ཀོ་ལན་དུ་བྱུང་བ་ཡིན། ཡང་ཀྲུང་གོ་རུ་དངུལ་ཁང་ཆེས་སྔ་ཤོས་ནི། དབྱིན་ཇིའི་ལི་རུའུ་དངུལ་ཁང་གི་ཡན་ལག་དངུལ་ཁང་ཞང་ཀང་དུ་བཙུགས་པ་དེ་ཡིན་པ་དང་། ལོ་དེར་ཀོང་ཀྲུའུ་རུ་དེ་ཡི་ལས་ཁུངས་བཙུགས། དེ་ལ་ལི་རུའུ་དངུལ་ཁང་ངམ་ཤར་ཕྱོགས་དངུལ་ཁང་གི་ཡན་ལག་དངུལ་ཁང་ཟེར་བ་ཡིན། གཞན་ཀྲུང་གོ་པ་རང་ཉིད་ཀྱིས་བཙུགས་པའི་དངུལ་ཁང་ཐོག་མ་ནི། སྤྱི་ལོ1897ལོར་བཙུགས་པའི་ཀྲུང་གོ་ཚོང་འགྲུལ་དངུལ་ཁང་ཞེས་པ་དེ་ཡིན།

2 གོ་དོན།

དངུལ་ཁང་ནི་ཚོང་ཟོག་བརྗེ་རེས་དང་དངུལ་ལོར་བརྗེ་རེས་ཀྱི་ལས་སྒོ་འཕེལ་རྒྱས་སུ་སོང་བའི་ཐོན་དངོས་ཤིག་ཡིན་ལ། དེའི་འགན་ནུས་གཙོ་བོ་ནི་ཡིད་རྟོན་མཚམས་སྦྱོར་གྱི་ཚབ་བྱ་རྒྱུ་དེ་ཡིན་ཏེ། ཕྱོགས་གཅིག་ནས་སྤྱི་ཚོགས་ཁྲོད་དགོས་གལ་མེད་པའི་དངུལ་ལོར་རྣམས་གཅིག་སྡུད་བྱ་བ་དང་། ཕྱོགས་གཞན་ཞིག་ནས་བུན་གཏོང་རྣམ་པ་བརྒྱུད་ནས་མ་དངུལ་དེ་དག་སྤྱི་ཚོགས་ཀྱི་དཔལ་འབྱོར་ཚན་ཁག་དག་ལ་བུ་ལོན་གཏོང་བ། ཡང་སྤྱི་ཚོགས་ཁྲོད་དགོས་གལ་མེད་པའི་དངུལ་ལོར་དེ་དག་བེད་སྤྱོད་གང་ལེགས་བྱས་ནས། མ་དངུལ་གྱི་འཁོར་རྒྱུག་ཇེ་མགྱོགས་སུ་བཏང་སྟེ། སྤྱི་ཚོགས་ཀྱི་ལས་རིམ་སོ་སོའི་ཡོང་སྒོ་དང་བཅོལ་དངུལ་རྣམས་ཐོན་སྐྱེད་རང་བཞིན་གྱི་མ་དངུལ་ལ་བསྒྱུར་ནས། སྤྱི་ཚོགས་ཀྱི་མ་དངུལ་གྲངས་འབོར་རྒྱ་བསྐྱེད་པ་ཡིན་ཞིང་། སྤྲོད་ལེན་མཚམས་སྦྱོར་གྱི་ཚབ་བྱ་བ་དང་མངག་བཅོལ་ལྟར་དངུལ་ལོར་སྤྲོད་ལེན། དངུལ་ཁང་གི་བུན་འཛིན་འགྲེམ་སྤེལ། དངུལ་ལོར་འགྲེམ་སྤེལ་སོགས་ཀྱི་ལས་སྒོ་སྤེལ་བ་ཡིན།

3 དབྱེ་བ།

དངུལ་ཁང་གི་ལས་སྒོའི་ངོ་བོ་ལ་གཞིགས་ནས་རིགས་བཀར་ན། ཀྲུང་གོ་མི་དམངས་དངུལ་ཁང་ནི་ཀྲུང་དབྱང་དངུལ་ཁང་ཡིན་ལ། དེ་ལ་ཀྲུང་གོ་བཟོ་ཚོང་དངུལ་ཁང་དང་ཀྲུང་གོ་ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་། འགྲིམ་འགྲུལ་དངུལ་ཁང་སོགས་ནི་རྒྱལ་ཁབ་ལ་དབང་བའི་མ་རྐང་སྟངས་འཛིན་གྱི་དངུལ་ཁང་ཡིན། ཡང་ཀྲུང་གོ་དམངས་འཚོ་དངུལ་ཁང་དང་ཧྭ་ཞ་དངུལ་ཁང་། ཀྲུང་ཞིན་དངོས་ལས་དངུལ་ཁང་། ཚོང་འགུག་དངུལ་ཁང་སོགས་ནི་རྒྱལ་ཁབ་ལ་མི་དབང་བའི་མ་རྐང་སྟངས་འཛིན་གྱི་ཚོང་ལས་དངུལ་ཁང་ཡིན།   ཚོང་དོན་དངུལ་ཁང་གི་ཁོངས་སུ་གཙོ་བོ་ཀྲུང་གོ་བཟོ་ཚོང་དངུལ་ཁང་དང་ཀྲུང་གོ་ཞིང་ལས་དངུལ་ཁང་།  ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་། ཀྲུང་གོ་དངུལ་ཁང་།  འགྲིམ་འགྲུལ་དངུལ་ཁང་སོགས་ཡོད།  མ་རྩ་གཏོང་བའི་དངུལ་ཁང་གི་ཁོངས་སུ་ཀའོ་ཧྲེང་ཚོགས་ཁག་དང་ཧྲ་རན་སེའི་ཞིང་ཧྥ་དངུལ་ཁང་སོགས་འདུ།  སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་ཁོངས་སུ་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་སོགས་འདུ་བ་ཡིན།

4 ནུས་པ།

དངུལ་ཁང་ནི་དངུལ་ལོར་གཙོ་བོ་གཉེར་བའི་ཁེ་ལས་ཤིག་ཡིན་ཞིང་།  དེས་སྤྱི་ཚོགས་མ་དངུལ་གྱི་གྲབས་གཤོམ་དང་རྒྱུན་འཁོར་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།  དེ་ནི་དངུལ་རྩའི་སྡེ་ཁག་ཁྲོད་ཀྱི་ཆེས་གལ་འགངས་ཆེ་བའི་སྡེ་ཁག་ཅིག་ཡིན།  དངུལ་ཁང་གིས་སྤྱི་ཚོགས་ཐོག་གི་བེད་མེད་དུ་སྐྱུར་བའི་དངུལ་ལོར་ཕྱོགས་གཅིག་ཏུ་བསྡུས་ནས་དངུལ་ཁང་དུ་གསོག་འཇོག་བྱེད་དུ་བཅུག་སྟེ་སྒོར་མོ་མཁོ་བའི་མི་རྣམས་ལ་དངུལ་བུན་བཏང་ནས་བཀོལ་སྤྱོད་བྱེད་དུ་བཅུག་པ་ཡིན།  དེ་བས་དངུལ་ཁང་གིས་དངུལ་བུན་གཏོང་མཁན་དང་དངུལ་བུན་ལེན་མཁན་གྱི་བར་གྱི་མཚམས་སྦྱོར་གྱི་ནུས་པ་ཐོན་ཡོད། 

5 བདེ་སྲུང་སྔོན་འགོག

དངུལ་ཁང་བདེ་སྲུང་སྔོན་འགོག་ནི་སྤྱི་ཚོགས་སྤྱི་པའི་བདེ་དོན་གྱི་ཆ་ཤས་ཤིག་ཡིན། དངུལ་ཁང་བདེ་སྲུང་ལག་རྩལ་སྔོན་འགོག་མ་ལག་ལ་ནང་དུ་འཛུལ་བར་སྔོན་འགོག་དང་རྐུ་འཕྲོག་བྱེད་པར་སྔོན་འགོག   འཕྲོག་བཅོམ་སྔོན་འགོག  གཏོར་བརླག་ཐེབས་པར་སྔོན་འགོག་དང་ནང་ཁུལ་ཚོད་འཛིན་གྱི་ནུས་པ་ལྡན་པའི་ཆེད་ལས་ཀྱི་སྒྲིག་ཆས་དང་མཉེན་ཆས་མ་ལག་གིས་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་གྲུབ་པ་ཡིན།  དེ་ལ་ཞིབ་བཤེར་དང་ཕྱོགས་བསྡུས་ནུས་པ་མངོན་པའི་ཆ་འཕྲིན་ལག་རྩལ་གྱི་ནུས་པ་ལྡན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-23

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

རིགས་འགྲེ་བརྡ་འགྲེལ།