སེ་ར་ཕུར་མཇལ་དུས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སེ་ར་ཕུར་མཇལ་དུས་ཆེན་ནི་ཡུལ་དབུས་ཀྱི་གྲྭ་ས་ཆེན་པོ་སེ་ར་དགོན་པའི་བྱེས་པ་གྲྭ་ཚང་དུ་ཡོད་པའི་རྟེན་རྫས་འགངས་ཆེན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་བ་ལ་ལོ་རེ་རེའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་མཆོད་མཇལ་བྱེད་པའི་དུས་བཟང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

དུས་ཆེན་ཉིན།
བོད་ཟླ12པའི་ཚེས27ཉིན།
ས་ཆ།
བོད་རང་སྐྱོང་ལྗོངས་སེ་ར་ཐེག་ཆེན་གླིང་།
རྣམ་པ།
ཆོས་ལུགས་ཀྱི་བྱེད་སྒོ།
1 ངག་རྒྱུན་གྱི་བཤད་ལུགས།

སེ་ར་ཕུར་མཇལ་ཞེས་པའི་ཕུར་བ་དེ་ནི་ངག་རྒྱུན་གྱི་བཤད་ལུགས་ལྟར་ན། སྔར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བོད་རྒྱལ་བཙན་པོ་ལ་དབང་རྒྱུད་གདམས་པ་དང་བཅས་པ་གནང་ནས་དཔལ་རྟ་མགྲིན་ཡང་གསང་གི་ཆོས་སྐོར་དང་ལྷན་ཅིག་ཡེར་བ་སེ་བ་ལུང་གི་བྲག་ལ་མཏེར་དུ་སྦས། ཕྱིས་སུ་གྲུབ་ཐོབ་མདའ་འཕྱར་བས་གཏེར་ལས་བཏོན་པར་བཤད། གྲུབ་ཐོབ་དེ་དང་ས་སྐྱ་པཎ་ཆེན་གཉིས་དུས་མཉམ་ཡིན། ཁོང་རྣམ་པ་གཉིས་འཕྲད་ཐེངས་ཤིག་ལ་མདའ་འཕྱར་བས་ཕུར་བའི་སྔགས་བཏོན་པར་ཞལ་འཆོལ་ནས་ཨོཾ་བཛ་ཀྱི་ལི་ཀྱི་ལི་ཡ་ཞེས་གསུངས་པས། ས་སྐྱ་པཎ་ཆེན་གྱིས་དེ་མ་ཐག་བཛ་ཀི་ལི་ཀི་ལི་ཡ་ཟེར་བ་ཡིན་ཞེས་དག་ཕུད་པར། མདའ་འཕྱར་བས།  སྔར་ཡང་བཛ་ཀྱི་ལི་ཡ།  ད་ཡང་བཛ་ཀྱི་ལི་ཡ་སྔགས་མ་དག་ཀྱང་འདི་བཞིན་བྱེད་པ་ཡིན་གསུངས་ནས་བྲག་ལ་ཕུར་བ་བཏབ་པ་འདམ་ལ་ཟུག་པ་ལྟར་བྱུང་བས། ས་སྐྱ་པཎ་ཆེན་གྱིས་ཁོང་གྲུབ་ཐོབ་ཏུ་མཁྱེན་ནས་མུ་སྟེགས་པ་དང་རྩོད་དུ་འགྲོ་བ་ཡིན་པས། གྲོགས་སུ་ཁྱེད་འབྱོན་དགོས་གསུངས་ཏེ་མཉམ་དུ་ཕེབས། དེ་ནས་བལ་བོ་ས་མཚམས་སུ་ས་སྐྱ་པཎ་ཆེན་དང་མུ་སྟེགས་འཕྲོག་བྱེད་དགའ་བོ་གཉིས་ཉིན་བཅུ་གསུམ་གྱི་རིང་རྩོད་པ་བྱས་མཐར་ས་སྐྱ་པཎ་ཆེན་རྩོད་པ་ལས་རྒྱལ་ཡང་། མུ་སྟེགས་པས་གྲུབ་རྟགས་འགྲན་ཟེར་ནས་ནམ་མཁར་འཕུར་བས། ས་སྐྱ་པཎ་ཆེན་གྱིས་མདའ་འཕྱར་ལ་འབོད་བསྐུལ་གནང་བར། གྲུབ་ཐོབ་མདའ་འཕྱར་བས་འཕྲལ་དུ་ཕྱག་གི་ཕུར་བ་བཏབ་པས། མུ་སྟེགས་པ་དེ་བྱ་རྡོ་ལམ་ཐུག་བཞིན་ས་ལ་ལྷུང་ནས་ལྔ་ལམ་དུ་ཕྱིན་པ་རེད། དེ་ནས་མུས་སྲད་དུ་བྱོན་ནས་གཙུག་ལག་ཁང་གི་རྟེན་གཙོར་ཕུར་བ་དེ་བཞག  རྗེས་སུ་རྟོགས་ལྡན་ཡོན་ཏན་མགོན་པོའི་ཕྱག་ཏུ་བྱུང་བ་རང་གི་སྲས་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ཚང་གཉིས་ཀ་གཞིས་ཀ་དཔལ་འབྱོར་ལྷུན་པོར་བཞུགས་སྐབས།  ཡབ་ཀྱིས་མཁྱེན་ཏེ་བུ་ཁྱོད་ཡི་དམ་འདི་དང་ཕུར་བ་འདིར་མ་བྲལ་པ་གྱིས་དང་མ་འོངས་པར་སངས་རྒྱས་བསྟན་པ་ཕྱོགས་ཐམས་ཅད་ནས་སྒོ་ཐམས་ཅད་དུ་དར་བའི་རྟེན་འབྲེལ་ཡོད་གསུངས་ནས་སྲས་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ལ་ཆེད་དུ་བསྩལ་པ་དང་། ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ཡིས་རང་གི་བླ་མ་རྗེ་ཙོང་ཁ་པའི་བཀའ་བཞིན་སེ་ར་ཐེག་ཆེན་གླིང་གི་མཁས་མང་བྱེས་པ་གྲྭ་ཚང་བཏབ་རྗེས་རང་གི་ཕྱག་ཏུ་ཡོད་པའི་རྟེན་རྩ་ཆེན་ཕུར་བ་དེ་ཉིད་གྲྭ་ཚང་དེ་གའི་ནང་རྟེན་དུ་བཞུགས་སུ་གསོལ།

2 བྱེད་སྒོ་དངོས།

རྟ་མགྲིན་ཡང་གསང་གི་ལྷ་དེ་ཡི་དམ་དུ་མཛད་པ་ན་ཞལ་དངོས་སུ་བསྟན་ནས་ཁོང་ལ་འཕྲིན་ལས་ཚུལ་བཞིན་སྒྲུབ་ཅིང་། རྗེ་དེ་ཉིད་ཞབས་སྐོར་ལ་ཕེབས་ཐེངས་ཤིག་ཁོང་གི་ན་བཟའ་ཚེར་ཕུང་ལ་ཐོགས་པ་བྱུང་སྟེ་བལྟས་པས།  བྱ་རོག་དམར་བོ་ཞིག་ཤིང་སེ་བའི་ཕུང་བོ་ལ་འཐིམ་པ་གཟིགས་ཤིང་། རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཡུམ་བཅས་རྟ་སྐད་ལྷང་ལྷང་འཚེར་བས་ས་གཞི་ཡོམ་གཡོ་བ་ཞིག་མཐོང་བས་རྐྱེན་བྱས། དེ་ནས་སེ་བ་དེ་ལ་སྲོག་ཤིང་བྱས་ཏེ། ཉིད་ཀྱི་ཆོས་གོས་ཀྱིས་གཡོགས་ནས་རྟ་མགྲིན་གྱི་སྐུ་བཞེངས་པ་ཡིན་པས་ཡི་དམ་དངོས་དང་ཁྱད་པར་མེད་ཅིང་། དུས་ཕྱིས་སུ་ཟིང་འཁྲུག་དུས་འགྱུར་དང་དགོན་པའི་ལེགས་ཉེས་རྟོག་སྐབས་ཀྱང་ཀུན་གྱི་རྣ་ལམ་དུ་རྟ་སྐད་སའི་གཏིང་ནས་འཚེར་བ་ལྟ་བུའི་ཟིལ་ཆེ་བ་རེ་ཐོས་རྒྱུ་ཡོད་པའི་ངག་རྒྱུན་ཡང་མཆིས།  རབ་བྱུང་བཅུ་བའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐུ་རིང་ལ་ཚོགས་མང་དབུས་སུ་ཕུར་མཇལ་གནང་བའི་སྲོལ་དར་བ་རེད། སེ་ར་ཕུར་མཇལ་གྱི་ཉིན་དེ་ལ། ཞོགས་པ་སྔ་མོ་ནས་སེར་བྱེས་དབུ་མཛད་སོགས་ལས་སྣེ་རྣམས་ཀྱིས་གཟབ་མཆོར་གོས་བཟང་གྱོན་ནས་བཅིབས་རྟའི་དཔུང་བསྒྲིགས་ཀྱིས་ཐོག་དྲངས། ཏཱ་ལའི་བླ་མ་དང་བླ་དཔོན་ཆེ་ཁག་གི་མདུན་སར་ཕུར་བ་དེ་བསྣམས་ཁྱེར་གྱིས་བསྐྱོད་ནས་ཁོང་ཚོར་ཕུར་བའི་མཇལ་ཁ་ཕུལ་རྗེས་ཕྱིར་སེ་རར་ལོག་པ་དང་།  སེར་བྱེས་གྲྭ་ཚང་གི་འདུ་ཁང་ནང་དུ་རྟ་མགྲིན་ཡང་གསང་གཙོ་བཞུགས་ཀྱི་གོས་ཐང་ཆེན་མོ་ཞིག་བཀྲམས་ཤིང་། སྒོ་མཆོར་ལ་མཆོད་རྫས་གཟབ་རྒྱས་སྤྲས་པ་དང་། སྒོ་མཆོར་འོག་གི་ནུབ་ངོས་རྩིག་འགྲམ་དུ་བཞུགས་ཁྲི་རྒྱབ་ཡོལ་བླ་བྲེས་སོགས་ཕུན་སུམ་ཚོགས་པ་བཤམས་པ་རེད།

སེར་བྱེས་མཁན་པོས་གོས་བེར་དང་པཎ་ཞྭ་སེར་བོ་མནབས་ཏེ་སྒོ་མཆོར་འོག་གི་ཁྲི་སྟེང་ནས་ཕུར་བ་ཕྱག་ཏུ་ཐོགས་ཏེ་མཇལ་ཞུ་བ་རེ་རེའི་མགོ་ལ་ཕུར་བས་མཇལ་ཁ་གནང་ཞིང་། དད་ལྡན་མང་ཚོགས་རྣམས་ཀྱིས་ཀྱང་ལོ་ལྟར་སེ་ར་ཕུར་མཇལ་གྱི་དུས་ཆེན་ཉིན་དེར་ལྷ་ལྡན་གྲོང་ཁྱེར་ཉེ་འདབས་ཀྱི་གྲོང་གསེབ་པ་དང་ལྷ་ས་བ་མང་བོ་མཆོད་མཇལ་དུ་ཡོང་བ་ཕུད། ད་དུང་སྟོད་མངའ་རིས་དང་སྨད་ཨ་མདོའི་མཇལ་བ་སོགས་མདོ་དབུས་ཁམས་གསུམ་གྱི་མཇལ་བ་བགྲང་ལས་འདས་པ་ཡང་། པད་མའི་ཚད་ལ་བུང་བའི་ཚོགས་འཁོར་བ་བཞིན་དགོན་དེར་འདུས་ནས་མི་ཚོགས་ཀྱི་ཡོ་ལང་རྣམ་པར་རྒྱས་པའི་སེ་ར་ཕུར་མཇལ་དུས་ཆེན་ལ་ཞུགས་སྲོལ་ཡོད། 


བརྡ་འགྲེལ་གདོང་འཛར།

རིག་གནས། དམངས་སྲོལ། དུས་ཆེན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-28

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།