རི་མོ་འབྲི་སྟངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱིར་རི་མོའི་ཡུལ་བཀོལ་དང་སྲོག་ཆགས་ཚངས་ཐིག་སོགས་རི་མོ་གང་འདྲ་ཞིག་འབྲི་ནའང་ཐམས་ཅད་ཀྱི་སྔོན་དུ་ཐོ་རིས་དང་། ཐིག་རྩ། ཆག་ཚད་སོགས་ཀྱི་རྨང་གཞིའི་ཐིག་རིས་གདབས་ཚུལ་སོགས་ལེགས་པོར་ཤེས་རྒྱུ་ནི་རི་མོའམ་ལྷ་རིས་འབྲི་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། རི་མོ་འབྲི་བ་པོ་ཞིག་ལ་མཚོན་ན་རྨང་གཞིའི་ཤེས་བྱ་འདི་དག་ཡིད་ལ་ངེས་པར་བྱ་རྒྱུ་ནི་གལ་ཆེའོ། །
1 ཐོ་རིས།

སྤྱིར་རི་མོའི་ཡུལ་བཀོལ་དང་སྲོག་ཆགས་ཀྱི་ཚངས་ཐིག་སོགས་རི་མོ་གང་འདྲ་ཞིག་འབྲི་ནའང་ཐམས་ཅད་ཀྱི་སྔོན་དུ་ཐོ་རིས་འགྲོ་དགོས་ཏེ། དེ་ཡང་རི་མོ་འབྲི་ཡུལ་ཆེས་མཐོ་ས་དང་ཆེས་དམའ་སའི་ས་ལ་ཐོ་རིས་དང་། གཡས་གཡོན་དང་དབུས་སོགས་ཐོ་རིས་འཇོག་སྟངས་འདྲ་མིན་གང་འདྲ་དགོས་པ་ནི་རི་མོ་གང་དེའི་ཁྱད་ཆོས་དང་བསྟུན་ནས་དཔྱད་ཅིང་ཐོ་རིས་ཤིག་གི་བར་ཐག་དེས་ཕྱི་དབྱིབས་འབྲི་ཡུལ་གཏན་འཁེལ་བྱ་བ་དང་། དེ་བཞིན་སྐུ་གཟུགས་སོགས་ཚངས་ཐིག་དགོས་པའི་རིགས་ལ་ཡང་། ཐོག་མར་ཐོ་རིས་ཀྱིས་གཏན་འཁེལ་བྱས་ན་ད་གཟོད་ཐིག་བཏབ་ན་ནོར་བ་མེད་པར་ཡང་དག་པར་འབྱུང་པས། རི་མོ་འབྲི་བ་ལ་ཐོག་མར་ཐོ་རིས་འབྲི་བ་ནས་འགོ་རྩོམ་དགོས་པ་ཡིན་ནོ། །

2 ཐིག་རྩ།

ཐིག་རྩ་ཞེས་པ་ནི་དངོས་པོ་ཞིག་གི་གཟུགས་དབྱིབས་དེའི་ཁྱད་ཆོས་ཚད་དང་ལྡན་པ་ཡོང་ཆེད་བྲིས་པའི་དཔེ་རིས་ལ་ཟེར་ཞིང་།  སྤྱིར་སྐུ་གཟུགས་དང་དཀྱིལ་འཁོར་དང་མཆོད་རྟེན་སོགས་ལ་ཐིག་རྩ་དང་ཆག་ཚད་མཛད་པ་ནི། བཟོ་ཉེས་འགོག་པའི་ཆེད་དུ་ཡིན་ལ་རི་མི་ཤེས་མི་ཤེས་རྟོགས་སླ་བའི་ཆེད་དུའང་ཡིན་པ་མ་ཟད། སྐུ་གཟུགས་ཀྱི་རིས་སྒྲོམ་སྟེ་ཤ་ཚུགས་ཀྱི་རྨང་གཞི་ཡིན་པ་སོགས་ཤེས་པར་བྱ་བ་དང་། གཞན་ཡང་ཞི་ཁྲོའི་རིགས་བརྒྱའི་ལྷ་ཚོགས་རྣམས་ཀྱི་ཐིག་རྩ་འདྲ་མིན་སྣ་ཚོགས་ཡོད་ཀྱང་། རྨང་གཞིའི་རི་མོ་སྦྱོང་སྐབས་རྩ་བ་བཞི་ཡི་ལྷ་ཐིག་དཔྱིས་ཕྱིན་པར་སྦྱངས་ན་དེ་ལས་མི་དགོས།  དེ་ཡང་ཐིག་རྩ་ཐོ་རིས་ནང་དུ་བསྡུ་ཐབས་དང་། ཐོ་རིས་ཐད་ཀར་རི་མོའི་ནང་དུ་བསྡུ་ཐབས་སོགས་མ་གཏོགས་ཐིག་བཏབ་ཚུལ་ནི་གོང་བཞིན་ཡིན་ནོ། །སྲོལ་རྒྱུན་གྱི་ཐིག་འདེབས་ཚུལ་ཇི་བཞིན་བསླབས་ན་ཆོག་ཀྱང་རི་མོའི་ལག་རྩལ་ཡང་དག་པ་ཞིག་རྟོགས་པ་ལ་རེ་བ་བཅོལ་ས་ནི་ཐིག་རྩ་ཁོ་ནར་བྱས་ན་མི་ཆོག་སྟེ། རྨང་གཞིའི་ཐིག་རྩ་ཡང་དག་པ་མ་ཤེས་ན་སངས་རྒྱས་ཀྱི་སྐུ་གཟུགས་སོགས་ནི་རྩི་ཤིང་འབྲི་སྟངས་ཤིག་གིས་དེ་བས་ཀྱང་ཆོག་པ་མིན་ནོ། །

3 ཆག་ཚད།

དེ་ཡང་སྤྱིར་སངས་རྒྱས་ཀྱི་སྐུ་གཟུགས་ཆག་ཚད་ལ་པུས་མོ་གཉིས་བར་དང་ཞབས་ཀྱི་བསྣོལ་མཚམས་ནས་མཛོད་སྤུའི་བར་གྱི་ཚད་མཉམ་པ་ལྟ་བུ་ལ་ཆག་ཚད་ཟེར་བ་དང་།  དེ་ཡང་སྐུ་གཟུགས་ཀྱི་ཤ་ཚུགས་ལས་དཔེ་རིས་དངོས་སུ་བསྟན་པ་ལྟར་དང་། སྐུའི་ཁོག་དབྱིབས་ངོ་མ་འབྲི་བའི་གནས་ཏེ་མཆན་ཁུང་གི་རྩེ་ནས་ཅིག་ཤོས་བར་ཞལ་ཚད་གཉིས་དང་། ལོག་གཉིས་སོར་བརྒྱད་རེ་དང་། ནུ་ཐད་སོར་ཉི་ཤུ་ཕྱེད་དང་། ལོགས་གཉིས་ཞལ་ཚད་རེ་དང་།ལྟེ་བའི་ཐད་སོར་བཅུ་དྲུག་དང་། དེའི་སྟེང་སོར་གཅིག་མཚམས་སུ་སོར་བཅོ་ལྔ་དང་། ལྟེ་འོག་སོར་དྲུག་མཚམས་ཀྱི་ཐད་སོར་བཅུ་དགུ་སོགས་དང་། དེ་བཞིན་མཆན་རྩ་ནས་ཕྲག་པར་སོར་དགུ་དང་དཔུང་བ་ནུ་ཏོག་ལ་སོར་དྲུག་རེ་དང་། དཔུང་པའི་སྲིད་ལ་སོར་ཉི་ཤུ་དང་། ལག་ངར་ལ་སོར་བཅུ་དྲུག་དང་། ཕྱག་མགོ་ཞལ་གང་དང་། ཕྱག་གི་སོར་མོའི་སྐྱེས་མཚམས་སྟེང་སོར་ལྔ་དང་། མཐེ་བོང་མཛུབ་མོའི་རྩ་བའི་བར་སོར་བཞི་དང་། མཛུབ་ཆུང་གི་རྩ་བ་ནས་མཁྲིགས་མའི་བར་ལ་སོར་ལྔ་དང་། དེ་བཞིན་སྒྲོལ་མ་དང་ཁྲོ་བོ་ལ་མཆན་རྩེ་གཉིས་བར་སོར་ཉི་ཤུ་བཤད་ཀྱང་གོང་དུ་བཤད་པའི་ཆ་ཚད་འདིར་ཁྲོ་བོ་ལ་ཅུང་མི་མཛེས་ཤིང་སྟོད་ཞུམ་པ་སོགས་ཚིགས་ནོར་ཤོར་བའམ་ངན་པ་རྒྱུན་འབྱམས་སུ་སོང་པའི་སྐོར་དང་། ཐེ་ཚོམ་དང་བརྟག་དཔྱད་བྱ་རྒྱུ་ཡང་གལ་ཆེའོ། །དེ་བཞིན་གོང་དག་གི་དཔུང་བ་སོར་བཅོ་བརྒྱད་དང་བཅུ་བཞི། ལག་ངར་སོར་བཅུ་བཞི་དང་བཅུ་གཉིས། སྐེད་པ་ཞལ་གང་དང་སོར་ཉེར་བཞི་སོགས་གོ་རིམ་བཞིན་རྟོགས་པར་བྱ་བ་དང་། དེ་ནི་རི་མོའི་གཟུགས་གཞན་གྱི་གྲུབ་ཚུལ་རྣམས་དང་ན་བཟའ་དང་རྒྱན་ཆས་སོགས་ཆག་ཚད་ཀྱི་མཛེས་ཆ་དང་ལྡན་པའི་རི་མོ་ཐད་ཀར་འབྲི་རྟོགས་ཐུབ་པའི་ཐབས་ཡིན།

4 ཚངས་ཐིག

དེ་ཡང་ལྷ་ཆེན་ཚངས་པའི་མཚན་ལས་བྱུང་པ་ཞིག་ཡིན་ཡང་ཐིག་རྩའི་ཐིག་རྣམས་བསྡུས་ནས་ཚངས་ཐིག་ཟོར་བཞག་བྱས་པ་དང་། དེ་དང་མ་བྲལ་པ་ནི་བོད་ལུགས་རི་མོ་འབྲི་སྲོལ་གྱི་ཁྱད་ཆོས་ཤིག་སྟེ། སྐུ་གཟུགས་རྣམས་དང་། ཕྱག་མཚན་དང་། རྫས་རྟགས་སོགས་རི་མོ་གཡས་གཡོན་མི་འདྲ་བའི་རིགས་རྣམས་ཚངས་ཐིག་ལ་བརྟེན་ནས་བྲིས་ན་འབྲི་བདེ་རྟོགས་སླ་བ་ཡིན་ནོ། །

5 ཐོ་རིས།

ཐིག་རྩ་ནི་ཐོ་རིས་ནང་དུ་བསྡུ་སྐབས་སུ་ཞི་བ་དང་ཁྲོ་བོའི་སྐུ་གཟུགས་རྣམས་ཚངས་ཐིག་བཏབ་པའི་སྟེང་དུ་གྱེན་ནས་རིམ་བཞིན་ཐིག་རྩ་བཞིན་ཞལ་ཚད་དང་། སོར་དྲུག་ཅན་དང་བཞི་སོགས་སོ་སོར་ཐོ་རིས་བཞག་པ་དང་། འཕྲེད་དུ་སངས་རྒྱས་ཀྱི་དཀྱིལ་ཀྲུང་བཞུགས་སྟངས་སོགས་ལ་ཚངས་ཐིག་གཡས་གཡོན་ལ་ཞལ་ངོའི་ཐད་དང་། ཐུགས་ཀའི་ཐད་དང་པུས་མོའི་ཐད་སོགས་དང་། སྒྲོལ་མ་དང་ཕྱག་རྡོའི་བཞུགས་སྟངས་ལ་རྐང་པའི་ཐད་ལ་སོ་སོའི་ཚད་བཞིན་ཐོ་རིས་འཇོག་པ་དང་།  དེ་ཡང་རྒྱས་བསྡུས་ནི་རང་གི་བློ་དང་འཚམ་པའི་ཐོ་རིས་བཞག་ནས་འབྲི་དགོས་ཀྱང་ཐོག་མར་ཐིག་ལྟར་ཐོ་རིས་དང་། དེ་ནས་ཤེས་ཚོད་དང་བསྟུན་ནས་བསྡུས་ཆོག་ལ། མཐའ་མར་ཐད་ཀར་འབྲི་རྟོགས་ཤེས་པར་བྱས་ནས་འབྲི་བ་ནི་ཐིག་མ་བཏབ་ཀྱང་ཐིག་ཚད་དང་ལྡན་པའི་འབྲི་ཐབས་ཀྱི་མན་ངག་ཡིན་པས་ཤིན་ཏུ་གལ་ཆེའོ། །

6 སྤྱིའི་དབྱིབས།

དེ་ནི་རི་མོའི་གཟུགས་ཧྲིལ་བོ་ཞིག་གི་ཁ་དོག་དང་ཡན་ལག་རྣམས་ལ་ཟེར་ཡང་། དེ་དག་རྣམས་གོང་གི་ཐོ་རིས་ལ་བརྟེན་ནས། འཕྱང་ཐིག་ཆུ་ཐིག་གསེག་ཐིག་ཀྱི་གཞོགས་འདེགས་དང་བསྟུན་ནས་རིག་པས་སྐབས་སུ་བབས་པའི་དབྱིབས་གང་བྱུང་ཡང་གནད་ལ་འཁེལ་པའི་སྒོ་ནས་སྤྱི་དང་བྱེ་བྲག་གི་ཁོག་དབྱིབས་རགས་པ་འབུབ་པར་བྱ་བ་དང་། འཁོར་གྱི་སྐུ་གཟུགས་སྐོར་ནི་ཐོག་མར་སྤྱི་དབྱིབས་ཟླུམ་པོ་ཁོ་ནར་བྱས་ནས་འབྲི་བ་ཡོད་ཀྱང་གོ་རིམ་སྤྱི་འགྲོས་ལྟར་འབྲི་དགོས་སོ། །

7 བྱེ་བྲག་གི་དབྱིབས།

དེ་ནི་རི་མོའི་ཚོགས་དང་ཚོམ་གྱི་རི་མོའི་ཆ་ཤས་དང་། གཟུགས་ཧྲིལ་པོའི་ཆ་ཤས་ལ་ཟེར་ཏེ། དཔེར་ན་ཚེ་རིང་རྣམ་དྲུག་ལ་མཚོན་ན་སྤྱི་དབྱིབས་ཚེ་རིང་རྣམ་དྲུག་དང་། བྱེ་བྲག་གི་དབྱིབས་ནི་ཤྭ་བ་ལྟ་བུ་དང་། ཤྭ་བ་ལ་མཚོན་ན་སྤྱི་དབྱིབས་ནི་ཤ་བ་དང་། བྱེ་བྲག་གི་དབྱིབས་ནི་ཤྭ་བའི་མགོ་ཡན་ལག་སོགས་ཡིན། མདོར་ནི་སྤྱི་དང་བྱེ་བྲག་གི་དབྱིབས་གང་བྱུང་ཡང་གཙོ་ཕལ་ཞིག་གིས་རོགས་རམ་དང་གོ་རིམ་བྱེད་པ་མ་གཏོགས་སྤྱི་དབྱིབས་དང་ཁོག་དབྱིབས་ཀུན་ལ་ཡོད་པ་ཐམས་ཅད་སོ་སོའི་སྤྱི་དབྱིབས་ནས་འབྲི་ཞིང་། གཙོ་བོའི་ཁོག་དབྱིབས་ལ་བསྟུན་ནས་འབྲི་ཤེས་པར་བྱ་བ་དེ་ནི་རི་མོའི་འགྲོས་ཤེས་པ་དང་། འབྲི་ཡུལ་དངོས་ལ་མིག་ཚོད་དང་ལག་ཚོད་ཐིག་པོ་ཞིག་ཡོང་བའི་ཆེད་དུ་ཡིན་ལ། རི་མོ་ཇི་བཞིན་འབྲི་ཐུབ་མིན་ནི། འབྲི་སའི་ཡུལ་གྱི་ཐོག་ཏུ་ཡོད་མེད་དང་། འབྲི་ཡུལ་གཏན་འཁེལ་ཐུབ་མིན་ནི་འདི་ཁོ་ན་ཡིན་པས། ལས་དང་པོ་བ་ལ་ཐོ་དབྱིབས་ནས་འགོ་རྩོམ་རྒྱུའི་གོ་རིམ་གྱི་འབྲི་ཐབས་འདི་རྣམས་ཤིན་ཏུ་གལ་ཆེབ་ཡིན་ནོ། །


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། ཐང་ག རི་མོ་འབྲི་སྟངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-13

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།