ཅན•ཨའེ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཅན•ཨའེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན།)

ཅན•ཨའེ།
《ཅན•ཨའེ》ནི་སྙན་གྲགས་ཆེ་བའི་པའོ་ལང་ཐིག་ལྕམ་སྲིང་གསུམ་ཞེས་པའི་ཁྲོད་ཀྱི་ཞ་ལོ་ཏི•པའོ་ལང་ཐིག་གིས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《简爱》
ཕྱི་ཡིག་གི་མིང་།
《Jane Eyre》
རྩོམ་པ་པོ།
ཞ་ལོ་ཏི•པའོ་ལང་ཐིག
པར་སྐྲུན་གྱི་ལོ།
སྤྱི་ལོ1847ལོ།
1 རྩོམ་པ་པོ་ངོ་སྤྲོད།

ཞ་ལོ་ཏི·པའོ་ལང་ཐིག(སྤྱི་ལོ1816ལོ་ནས་སྤྱི་ལོ1855ལོའི་བར)ནི་དབྱིན་ཇིའི་བྱང་ཕྱོགས་ཀྱི་ཡུལ་མཐའ་འཁོབ་ཅིག་གི་རི་གྲོང་ཞིག་ཏུ་ཆོས་པ་དབུལ་པོ་ཞིག་གི་ཁྱིམ་དུ་འཁྲུངས།        མོ་ནི་དབྱིན་ཇིའི་མིང་དུ་གྲགས་པའི་བུད་མེད་རྩོམ་པ་པོ་ཞིག་ཡིན།          ཞ་ལོ་ཏི·པའོ་ལང་ཐིག་ནི་སྙན་གྲགས་ཆེ་བའི་པའོ་ལང་ཐིག་ལྕམ་སྲིང་གསུམ་ཞེས་པའི་ཁྲོད་ཀྱི་གཅིག་ཡིན།        གསུམ་ཀའི་ཁྲོད་ནའང་མོ་དང་མོའི་སྲིང་མོ་ཨེ་མི་ལེ·པའོ་ལང་ཐིག་གཉིས་ལྷག་དོན་འབུར་དུ་ཐོན་པ་ཞིག་ཡིན།          ཁོ་མོ་ཚོ་དང་ལྕམ་མོ་ཀད་སི་ཁེ་ཨར་བཅས་ཀྱིས་དུས་རབས་དེའི་དབྱིན་ཇིའི་བུད་མེད་རྩོམ་པ་པོའི་ཆེས་མཐོ་བའི་ཐོབ་ཐང་སྲུང་འཛིན་བྱས་ཡོད།       ཞ་ལོ་ཏི་ཆུང་དུས་ནས་ཨ་མ་ཚེ་ལས་འདས་ཤིང་གཅེན་སྲིང་གསུམ་པོ་ཆ་རྐྱེན་ཤིན་ཏུ་ཞན་ཞིང་སྒྲིག་ལམ་ཤིན་ཏུ་དོག་པའི་བཅའ་སྡོད་སློབ་གྲྭ་ཞིག་ཏུ་སློབ་གཉེར་གནང་མྱོང་།        དེ་ལས་མཐར་ཕྱིན་ནས་མོས་ལོ་གསུམ་རིང་ལ་སློབ་གྲྭ་དེ་གར་དགེ་རྒན་གྱི་འགན་ཁུར་རྗེས་སྒོ་ཕྱི་རུ་ཁྱིམ་ཚང་དགེ་རྒན་བྱེད་དུ་ཕེབས།      བརྒྱུད་རིམ་དེ་དག་སྒྲུང་གཏམ《ཅན·ཨའེ》ཁྲོད་དུའང་ཆ་འདྲ་བའི་སྤྲོས་བརྗོད་བྱས་ཡོད་པ་བཙལ་ནས་རྙེད་ཐུབ།        སྤྱི་ལོ1842ལོར་མོ་དང་སྲིང་མོ་ཨེ་མི་ལེ་གཉིས་མཉམ་དུ་པེར་ཀྲེམ་གྱི་པུ་རུ་སེར་དུ་ཧྥ་རན་སེ་སྐད་བརྡ་དང་གནའ་བོའི་རྩོམ་རིག་ལ་སློབ་གཉེར་གནང་།

ཞ་ལོ་ཏི་ཆུང་དུས་ནས་རྩོམ་རིག་ལ་མོས་ཤིང་ཧྥ་རན་སེའི་འཆར་ཡན་རིང་ལུགས་རྩོམ་རིག་གིས་ཤན་ཐེབས་དྲགས།        མོའི་བརྩེ་དུངས་འཚོ་བ་ནི་མོའི་སྒྲུང་གཏམ་ཁྲོད་ཀྱི་ཅན·ཨའེ་ལྟར་ཡིད་དབང་འགུག་པ་ཞིག་མིན།        དགུང་ལོ་སོ་བརྒྱད་སྟེང་ད་གཟོད་ཕའི་ལག་རོགས་དང་གཉེན་བསྒྲིགས།        བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་ལོ་གཉིས་མ་འགོར་བར་ཚེ་ལས་འདས།         མོའི་བརྩམས་ཆོས་ཁྲོད་གཙོ་བོ་མ་རྩ་ཆུང་ངུའི་རིགས་ཀྱི་ཁེར་རྐྱང་དང་ངོ་རྒོལ།       ཧུར་ཐག་བཅས་གནད་དུ་བཏོན་ནས་ཞིབ་འབྲི་བྱས་ཡོད།       མོ་ནི་ཏིས་ཀུན་སི་གཙོ་ཡིན་པའི“ཕུལ་དུ་བྱུང་བའི་ཁག”ཅེས་མར་ཁེ་སིས་གདེང་འཇོག་བྱས་ཡོད་པའི་གྲས་ཀྱི་གཅིག་ཀྱང་ཡིན།       《ཅན·ཨའེ》ནི་མོའི་ཐོག་མའི་བརྩམས་ཆོས་ཡིན་ལ་འཐུས་ཚབ་ཏུ་རུང་བའི་བརྩམས་ཆོས་ཀྱང་ཡིན།         ད་རག་བར་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་དགའ་བསུ་བྱེད་བཞིན་ཡོད།       མོས་སྙན་དེབ་ཀྱང་པར་དུ་བསྐྲུན་མྱོང་།        སྒྲུང་གཏམ《ཅན·ཨའེ》ལས་གཞན་ད་དུང་སྒྲུང་གཏམ《ཞའེ་ལི》(སྤྱི་ལོ1849ལོར)དང《བའེ་ལེ་ཐིག》(སྤྱི་ལོ1853ལོར)《དགེ་རྒན》(སྤྱི་ལོ1857ལོར)སོགས་ཡོད།

2 རྒྱབ་ལྗོངས་ངོ་སྤྲོད།

དུས་རབས་བཅུ་དགུ་པའི་དབྱིན་ཇིའི་སྤྱི་ཚོགས་ཁྲོད་བུད་མེད་ཅིག་གིས་རྩོམ་རིག་གསར་རྩོམ་བྱེད་པ་ནི་མ་རུང་བའི་ལས་སུ་བལྟ་བས།       སྒྲུང་གཏམ《ཅན·ཨའེ》སྤེལ་སྐབས་ཞ་ལོ་ཏིས་ཀྱང་ཁི་ལིག·པེ་ཨར་ཞེས་ཕོ་ཤན་ཆེ་བའི་མིང་དེ་ལྟ་བུ་མི་འགོད་ཐབས་མེད་བྱུང་།       ཕྱིས་སུ་སྒྲུང་གཏམ་འདིར་ཕྱོགས་ཡོངས་ནས་དགའ་བསུ་ཐོབ་རྗེས།      རྩོམ་མཁན་ཕོ་མོ་གང་ཡིན་པ་དེ་ཚང་མའི་གླེང་བྱར་གྱུར།        སྒྲུང་གཏམ《ཅན·ཨའེ》ཡི་དོན་སྙིང་ནི་དབྱིན་ཇི་རུ་བུད་མེད་རྩོམ་པ་པོ་ཞ་ལོ་ཏི་བྱུང་བ་ཙམ་མིན་པར་འཇིག་རྟེན་མི་ཡུལ་འདིའི་བུད་མེད་གྲངས་མེད་ཅིག་གིས་སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་ཅན·ཨའེ་ཡི་སྟེང་ནས་འདྲ་མཉམ་དང་རང་ཚུགས་ཡོང་བར་སྤོབས་པ་དང་སེམས་ཤུགས་རྒྱས་སུ་བཅུག་པ་དེ་ཡིན།

3 ནང་དོན་གནད་བསྡུས།

ཅན·ཨའེ་ཆུང་དུས་ནས་ཨ་ཞང་གིས་གཉོར་བ་ཡིན་ལ།       ཨ་ཞང་ཚེ་ལས་འདས་རྗེས་གཡོག་མོ་པེ་ཞིས་མོར་སེམས་ཁུར་བྱེད་པ་ལས།        ཨ་ནེ་དང་དེའི་བུ་ཕྲུག་རྣམས་ཀྱིས་ཅན·ཨའེ་ལ་མནར་ཅི་ཐུབ་བྱས།         སྤྲོ་སྣང་དང་བྲལ་བའི་འཚོ་བས་མོ་ལའོ་བུ་ཏིག་དང་ཁ་གྱེས་རྒྱུར་སེམས་ཐག་བཅད་དེ།       སློབ་གྲྭ་ལས་ཕྱིར་བུད་ནས་སང་ཧྥེ་ཨར་ཏིག་གཞིས་ཀ་རུ་ཁྱིམ་ཚང་དགེ་རྒན་ཞིག་བྱས།        ཡིད་གཞུངས་པའི་གཤིས་ཀ་དང་ཤེས་རབ་ཀྱིས་ཕྱུག་པའི་སྨྲ་བརྗོད་ཀྱིས་ཁྱིམ་བདག་ལའོ་ཆེ་སི་ཐིག་གི་དང་བ་དྲངས།        ཕན་ཚུན་བར་གྱི་ཡིད་ཆེས་དང་བློ་མོས་ཀྱིས་སེམས་གཉིས་གཞི་གཅིག་ཏུ་འདྲེས།         མོར་ཚོད་བགམ་བྱ་སླད་ལའོ་ཆེ་སི་ཐིག་གིས་བསམ་གཟས་ནས་ཆ་བྱད་ལེགས་ཀྱང་རང་ཉིད་ཁོ་ན་མ་གཏོགས་མི་བསམ་པའི་སྐུ་དྲག་བུ་མོ་ཡུན་ཀི་ལ་མོ་ཞེས་པ་ཆུང་མར་བསླངས།       སྐབས་དེར་ནད་ཀྱིས་མལ་སར་ལྷུང་བའི་ཨ་ནེས་ཀྱང་སྔར་བྱས་སེམས་ཀྱིས་མ་བཟོད་པར་ཅན·ཨའེ་ཕྱིར་བོས་ཏེ་ལོ་མང་བོར་གསང་རྒྱ་བྱས་པའི་དོན་དག་སྟེ།       ཅན·ཨའེ་ཡི་ཨ་ཁུ་ཞིག་མོ་འཚོལ་དུ་ཡོང་ཡང་དེར་ཕྲག་དོག་བྱས་ནས་ཅན·ཨའེ་སྔར་ནས་ནད་ཀྱིས་འཆི་ཞེས་རྫུན་སྨྲས།        དེ་ལྟར་ཡིན་རུང་ཅན·ཨའེ་ཡིས་མོར་གུ་ཡངས་བཏང་།      ཨ་ནེ་ཚེ་ལས་འདས་རྗེས་མོས་མོར་འདས་མཆོད་སོགས་བསྒྲུབས་རྗེས་ཕྱིར་གཞིས་ཀར་བསླེབས་པ་ན།          ཅན·ཨའེ་ཡིས་རང་སེམས་ཀྱི་སྡུག་མ་ཐེག་པར་ལའོ་ཆེ་སི་ཐིག་ལ་རང་གི་སེམས་འདུན་བརྗོད།       ལྷིང་འཇགས་ཀྱི་ས་སྲོད་ཅིག་ལ་གཉིས་ཀས་ཕན་ཚུན་ལ་རང་སེམས་བསྟན་ཞིང་ཅན·ཨའེ་ཡིས་ལའོ་ཆེ་སི་ཐིག་གིས་རང་ཉིད་ཁོའི་ཆུང་མར་བསླངས་པ་བདེ་སྐྱིད་ངང་དང་ལེན་བྱས།          གཉིས་ཀས་གཉེན་སྟོན་བཤམས་དུས་མི་ཆ་མེད་མེ་སིན་ཞེས་པས་ཅན·ཨའེ་ལ་ལའོ་ཆེ་སི་ཐིག་ལ་ཆུང་མ་ཡོད་པའི་གསང་བ་དེ་བཤད།        སྡུག་གི་རྒྱ་མཚོར་བྱིང་བའི་ལའོ་ཆེ་སི་ཐིག་གིས་ཅན·ཨའེ་ལ་ཁོ་རང་བསམ་ཤེས་མེད་དུས་རྒྱུ་རིག་ན་རྒྱུ་མ་འགུལ་བའི་ཨ་ཕས་ཁོར་ནུབ་ཧིན་རྡུའི་གླིང་ཚོམ་གྱི་ཞིང་བདག་ཅིག་གི་བུ་མོ་ཆུང་མར་བསུས་པ་དང་།        མོ་ནི་ད་ལྟ་ཐོག་ཁང་ནང་ལ་བཅུག་ཡོད་པའི་བུད་མེད་སྨྱོན་པ་དེ་ཡིན་ཚུལ་སོགས་གླེང་།        ཁོ་རང་སྨྱོན་མ་ཞིག་དང་འཚོ་བ་རོལ་ཐབས་མེད་པའི་དོན་དངོས་བཤད་པ་ལས་གཞན་ཅན·ཨའེ་ཡོང་བས་ཁོ་རང་ལ་ཡང་བསྐྱར་འཚོ་བར་རེ་བ་ཡོད་པར་གྱུར་པ་ཡིན་པས།         མོས་ཁོར་གུ་ཡངས་གནང་དགོས་པའི་རེ་བ་ཞུས་མོད།        འོན་ཀྱང་ཀུན་སྤྱོད་དང་རང་བཀུར་གྱི་སྟོབས་ཤུགས་དེས་ཅན·ཨའེ་ཡི་སེམས་སྐྱ་མོ་ཐང་ལ་ལྷུང་ཞོར་ཁོ་དང་གྱེས་རྒྱུར་སེམས་ཐག་བཅད།

ཅན·ཨའེ་སློབ་ཆུང་གི་དགེ་རྒན་ཞིག་བྱས་ཏེ་ཡང་བསྐྱར་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་མགོ་བརྩམས།        བར་སྐབས་དེར་མོས་མ་བསམ་ས་ནས་རྒྱང་རིང་ན་གནས་ཤིང་ངོ་ཐུག་མ་མྱོང་བའི་ཨ་ཁུ་དེས་མོར་ཤུལ་ནོར་ཞིག་བཞག་ཡོད་པ་དེའང་ལག་ཏུ་འབྱོར།      ལོ་ན་གཞོན་ཞིང་ཆོས་ལུགས་ལ་དད་མོས་ཆེ་བའི་ཧྲིན་ཡོ་ཧན་ཞུན་གྱིས་མོར་གཉེན་བསླངས་ཏེ།       མཉམ་དུ་ཧིན་རྡུར་ཆོས་སྤེལ་དུ་འགྲོ་བར་རེ་བ་འདོན་དུས་མོས་ད་གཟོད་རང་ཉིད་ཀྱི་སེམས་ད་དུང་ལའོ་ཆེ་སི་ཐིག་ལ་ཆགས་ཡོད་པ་གཞི་ནས་ཚོར།       བརྩེ་དུངས་ཀྱིས་འབོད་སྐུལ་འོག་མོས་ཕྱིར་སང་ཧྥེ་ཨར་ཏིག་ལ་ལོག་པར་སེམས་ཐག་བཅད་མོད།      འོན་ཀྱང་ཆ་ཡོད་ཀྱི་གནས་དེར་ཕྱིར་བསླེབས་དུས་མོར་བསུ་མཁན་ནི་ཞིག་རལ་དུ་གྱུར་པའི་མཁར་ཤུལ་ཙམ་ལས་མེད།       ཡིན་རྒྱུ་ནི་བུད་མེད་སྨྱོན་པ་དེས་གཞིས་ཀ་སྲེག་ཟའི་ཁ་རུ་སྦྱིན་པར་མ་ཟད་རང་ཉིད་ཀྱང་ཁང་ཐོག་ནས་མར་ལྷུང་སྟེ་རང་སྲོག་བཅད།      ལའོ་ཆེ་སི་ཐིག་གིས་མོ་སྐྱོབ་སླད་མིག་ཡ་གཅིག་ཀྱང་རྨས་ཏེ་ཅི་ཡང་མི་མཐོང་བར་གྱུར།        དེ་ལྟར་ཡིན་རུང་ཅན·ཨའེ་ཡིས་རང་གི་ལས་དབང་དེ་ལའོ་ཆེ་སི་ཐིག་དང་སྦྲེལ་ཏེ་འགྱོད་པ་མེད་པར་ཁོ་དང་གཉེན་བསྒྲིགས།       ཁོ་གཉིས་ཀའི་བྱིས་པ་ཐོག་མ་དེ་མི་ཡུལ་འདིར་བསླེབས་དུས་ལའོ་ཆེ་སི་ཐིག་གི་མིག་སྐྱོན་ཅན་དེས་ཡང་བསྐྱར་འཇིག་རྟེན་མཐོང་ཞིང་།      དེ་ནས་བཟུང་ཁྱིམ་གང་བོས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏོ།  །

4 དཔྱད་བརྗོད།

《ཅན·ཨའེ》ཡིས་ང་རང་སེམས་འགུལ་ཐེབས་སུ་བཅུག         ངའི་ཚབ་བྱས་ནས་རྩོམ་མཁན་ལ་གུས་འདུད་བྱེད་རོགས།      མོའི་སྒྲུང་གཏམ་ནི་ངས་ཉིན་གང་མང་བཀོལ་ནས་བལྟས་པའི་དབྱིན་ཇིའི་སྒྲུང་གཏམ་ཐོག་མ་ཡིན།

—ས་ཁི་ལེས་སྒྲུང་གཏམ་པར་སྐྲུན་ཁེ་ལས་ལ་སྤྲིངས་པའི་འཕྲིན་ཡིག་ལས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-08

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།