ཞལ་ཐིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་བྲིས་ནི་དངོས་བྲིས་ཀྱི་རྨང་གཞིའི་ཐོག་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་དང་། བོད་ལའང་བོན་ཆོས་དང་ནང་བསྟན་གཉིས་ཀྱི་ནང་དོན་དང་འབྲེལ་བའི་ལྷ་བྲིས་ཀྱི་ལོ་རྒྱུས་རིང་བོ་ཞིག་ཡོད། བོད་ཀྱི་ལྷ་རིས་སྒྱུ་རྩལ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཚབ་མཚོན་རང་བཞིན་གྱི་སྒྱུ་རྩལ་ཞིག་ཡིན།
1 མཚམས་སྦྱོར། 

ལྷ་བྲིས་ནི་དངོས་བྲིས་ཀྱི་རྨང་གཞིའི་ཐོག་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་དང་།  བོད་ལའང་བོན་ཆོས་དང་ནང་བསྟན་གཉིས་ཀྱི་ནང་དོན་དང་འབྲེལ་བའི་ལྷ་བྲིས་ཀྱི་ལོ་རྒྱུས་རིང་བོ་ཞིག་ཡོད། བོད་ཀྱི་ལྷ་རིས་སྒྱུ་རྩལ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཚབ་མཚོན་རང་བཞིན་གྱི་སྒྱུ་རྩལ་ཞིག་ཡིན། ནང་བསྟན་ཆོས་ལུགས་བོད་དུ་དར་རྗེས་བོད་ཀྱི་རི་མོ་བས་ཆོས་ལུགས་ནང་དོན་གཙོས་ལོ་རྒྱུས་དང་ཡུལ་སྲོལ། འཚོ་བ། གསོ་རིག སྐར་རྩིས་སོགས་བོད་ཀྱི་རིག་གཞུང་དག་གི་ནང་དོན་མང་བོ་ཞིག་རི་མོའི་རྣམ་པ་བརྒྱུད་ནས་བོད་ཀྱི་སྤྱི་ཚོགས་ལ་ཕན་ནུས་གང་མང་སྒྲུབ་བཞིན་ཡོད། བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་འབྲི་སྟངས་ཐད་ནས་དངོས་བྲིས་རྩ་བར་བརྟེན་ནས་བཟོ་སྐྲུན་གྱི་སྐོར་དང་། ལོ་རྒྱུས་ཀྱི་སྐོར། དམང་སྲོལ་གྱི་སྐོར། མཛད་རྣམ་གྱི་སྐོར། རིག་གཞུང་གི་སྐོར། འགྲོ་བ་སེམས་ཅན་གྱི་སྐོར་སོགས་ཀྱི་འབྲི་ཐབས་སྣ་ཚོགས་ཡོད་པས། བོད་ཀྱི་རི་མོའི་འབྲི་ལུགས་ལ་ཐུན་མིན་གྱི་ཁྱད་ཆོས་མངའ་བ་ཡིན། 

2 ཐིག་རྩ།

ཐིག་རྩ་ཞེས་པ་ནི་དངོས་པོ་ཞིག་གི་གཟུགས་དབྱིབས་དེའི་ཁྱད་ཆོས་ཚད་དང་ལྡན་པ་ཡོང་ཆེད་བྲིས་པའི་དཔེ་རིས་ལ་ཟེར། འཇིག་རྟེན་འདིའི་སྟེང་གི་དངོས་པོ་དང་འགྲོ་བ་དག་ལ་སོ་སོའི་ཁྱད་ཆོས་མི་འདྲ་བ་རེ་རེ་ཡོད་པས་ཐིག་རྩའི་ཆ་ཚད་ནི་ངོས་གཅིག་གི་སྟེང་ནས་ཚད་ལྡན་ཡིན་མིན་བརྗོད་ན་ལེགས་པར་སྙམ་སྟེ།  འགྲོ་བ་མིའི་སྟེང་ནས་བཤད་ན་རྒན་དར་གཞོན་གསུམ་སོགས་ཀྱི་མིའི་ལུས་པོའི་ཆ་ཚད་གཏན་ཁེལ་བྱ་དཀའ། དེ་བཞིན་དུ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱང་འཇིག་རྟེན་འདི་ནས་འཚར་ལོངས་བྱུང་ལ། ཁོང་གི་མཛད་པ་འབྲི་སྐབས་སྤྱིར་འཇིག་རྟེན་གྱི་ཆོས་ཉིད་ལ་བསྟུན་ན་ལེགས་པ་ཡིན། དེ་བཞིན་དུ་གཞན་དག་ཀྱང་དེ་བཞིན་དུ་ཡིན་པའོ། །

3 ཞལ་ཐིག་འདེབས་ཚུལ།

རང་ཅག་ཁ་བ་རི་པའི་ལྷ་རིས་འདི་ཉིད་སྦྱོང་བར་ཐོག་མར་དབུ་ཐིག་དང་དབུ་འབྲི་རྒྱུ་སྦྱངས་དགོས་ཏེ། ཞལ་ཡོངས་རིམ་པ་གསུམ་དུ་བགོ་བ་དང་རིམ་པ་རེ་ལ་སོར་བཞི་རེར་བརྩིས་ན་བསྡོམས་པས་ཞལ་རས་ལ་སོར་མོ་བཅུ་གཉིས་དང་སྐྲ་དཔངས་ལ་སོར་བཞི་དགོས། སོར་གྱི་ཆེ་ཆུང་གཏན་འཁེལ་མེད་པར་འབྲི་དངོས་ཀྱི་ཆེ་ཆུང་ལྟར་གཞལ་དགོས།

(1) སངས་རྒྱས་དང་ལོངས་སྐུ། བྱངས་སེམས་རྣམས་ཀྱི་ཞལ་ཐིག་འདེབས་ཚུལ། སངས་རྒྱས་དང་ལོངས་སྐུ། བྱངས་སེམས་རྣམས་ཀྱི་ཞལ་ཐིག་འདེབས་ཚུལ་ནི་གཅིག་ཏུ་ངེས་པ་ཡིན་ཏེ། ཐོག་མར་ཚངས་ཐིག་དང་མགོ་ཐིག་བཏབ། དེ་ནས་ཚིངས་ཐིག་གཡས་གཡོན་དུ་འགྲམ་ཞེང་སོར་དྲུག སྙན་ཞེང་སོར་དོ། བསྡོམས་པས་དཀྱུས་ཐིག་ལྔའོ། །སྲིད་དུ་ནོར་ཏོག་ལ་སོར་དོ། གཙུག་ཏོར་ལ་སོར་བཞི། སྐྲ་དཔངས་ལ་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་བར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་། སྤྱན་ལ་སོར་གང་། སྤྱན་ནས་ཤངས་ཐིག་བར་སོར་དོ། ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི། བསྡོམས་པས་འཕྲེད་ཐིག་དགུའོ། །ཀོས་ཀོ་དང་ཚངས་ཐིག་འཕྲད་ས་ནས་གཡས་གཡོན་གཉིས་ལ་སོར་དོ་རེ་བཅད་དེ་སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ནས་བཏབ་པས་གྲུ་གསུམ་རྩེ་གྱེན་བསྟན་གྱིས་སྤྱན་གྱིས་བར་དབྲག་དང་། ཤངས་ཀྱི་ཞེང་། ཞལ་གྱི་གྲ་ཟུར་བཅས་ཤེས་དགོས། སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་ནས།  འགྲམ་ཐིག་དང་ཤངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ནས་བཏབ་པས་སྤྱན་གྱི་གྲ་ཟུར་ཤེས་དགོས། སྨིན་ཐིག་དང་འགྲམ་ཐིག་འཕྲད་ས་ནས་གྲུ་གསུམ་རྩེ་གྱེན་བསྟན་གྱི་རྩ་ཐིག་ཀོས་ཀོའི་མཚམ་བར་གཡས་གཡོན་གཉིས་ནས་བཏབ་པས། ཤངས་དང་ཞལ་གྱི་གནས་ས་ཤེས་པ་ཡིན་ནོ། །

QQ截图20151221100309.png

ཐུབ་དབང་གི་དབུ་རིས། 

(2) མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག་འདེབས་ཚུལ། 

མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག་ནི། ཐོག་མར་ཚངས་ཐིག་དང་མགོ་ཐིག་བཏབ། དེ་ནས་ཚངས་ཐིག་གི་གཡས་གཡོན་གཉིས་སུ་འགྲམ་ཞེང་སོར་ལྔ་དང་སྙན་ཞེང་སོར་དོ། བསྡོམས་པས་སོར་བཅུ་སྟེ་གྱེན་ཐིག་ལྔའོ། །དེ་ནས་སྲིད་དུ་ནོར་འཛིན་པ་ཊ་བརྒྱན་པའི་ཐོར་ཅོག་ལ་སོར་དགུ སྐྲ་དཔངས་ལ་སོར་བཞི། སྐར་མཚམས་ནས་སྨིན་མཚམས་བར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར་གང་། སྤྱན་ལ་སོར་གང་། སྤྱན་ནས་ཤངས་ཐིག་བར་སོར་དོ། ཤངས་ཐིག་ནས་ཀོས་ཀོའི་བར་སོར་བཞི་བསྡོམས་པས་འཕྲེད་ཐིག་བཅུའོ། །ཀོས་ཀོ་དང་ཚངས་ཐིག་འཕྲད་ས་ནས་གཡས་གཡོན་དུ་སོར་དོ་གཞལ་ཏེ། སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ནས་བཏབ་པས་གྲུ་གསུམ་རྩེ་གྱེན་བསྟན་གྱིས་སྤྱན་གྱི་བར་དབྲག་དང་ཤངས་ཀྱི་ཞེང་། ཞལ་གྱི་གྲ་ཟུར་བཅས་རྟོགས། སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་ནས་འགྲམ་ཐིག་དང་ཤངས་ཐིག་འཕྲད་ས་བར་གཡས་གཡོན་གཉིས་ནས་བཏབ་པས་སྤྱན་གྱི་གྲ་ཟུར་རྟོགས། སྨིན་ཐིག་དང་འགྲམ་ཐིག་འཕྲད་ས་ནས་གྲུ་གསུམ་རྩེ་གྱེན་བསྟན་གྱི་རྩ་ཐིག་ཀོས་ཀོའི་མཚམས་ནས་གཡས་གཡོན་གཉིས་ནས་བཏབ་པས། ཤངས་དང་ཞལ་གྱི་གནས་ས་ཤེས་པའོ། །

QQ截图20151221100605.png

སྒྲོལ་དཀར་གྱི་དབུ་རིས། 

4 ཁྲོ་བོའི་ཞལ་ཐིག་འདེབས་ཚུལ།

ཁྲོ་བོ་རྣམས་ཀྱི་ཞལ་ཐིག་ནི་ཐོག་མར་ཚངས་ཐིག་དང་མགོ་ཐིག་བཏབ། དེ་ནས་ཚངས་པའི་ཐིག་གཡས་གཡོན་དུ་འགྲམ་ཞེང་སོར་མོ་དྲུག སྙན་ཞེང་སོར་མོ་དོ། བསྡོམས་པས་དཀྱུས་ཐིག་ལྔ། སྲིད་དུ་དབུ་སྐྲ་གྱེན་བརྫེས་ལ་ཞལ་གང་། སྐྲ་དཔངས་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་བར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་མས་ཐིག་བར་སོར་དོ། སྤྱན་ནས་ཤངས་ཐིག་བར་སོར་དོ། ཞལ་གདངས་མཆེ་གཙིགས་ལ་བརྟེན་ཤངས་ཐིག་ཞལ་ཐིག་བར་སོར་བཞི།  དེ་ནས་ཀོས་ཀོ་བར་སོར་བཞི་སྟེ་བསྡོམས་པས་འཕྲེད་ཐིག་བདུན་ནོ། །ཞལ་ཐིག་ཚངས་ཐིག་འཕྲད་ས་ནས་གཡས་གཡོན་དུ་སོར་དོ་རེ་བཅལ་ཏེ། སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་བར་བཏབ་པས་གྲུ་གསུམ་རྩེ་གྱེན་བསྟན་གྱིས་སྤྱན་གྱི་བར་དབྲག་དང་ཤངས་ཀྱི་ཞེང་། ཞལ་གྱི་གྲ་ཟུར་བཅས་རྟོགས། སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་ནས་འགྲམ་ཐིག་དང་ཤངས་ཐིག་འཕྲད་སའི་བར་གཡས་གཡོན་གཉིས་ཀར་བཏབ་པས་སྤྱན་གྱི་གྲ་ཟུར་རྟོགས། སྨིན་ཐིག་དང་འགྲམ་ཐིག་འཕྲད་ས་ནས་གྲུ་གསུམ་རྩེ་གྱེན་བསྟན་གྱིས་རྩ་ཐིག་ཀས་ཀོའི་མཚམས་ནས་གཡས་གཡོན་གཉིས་ནས་བཏབ་པས་ཞལ་གྱི་གནས་ས་ཤེས་སོ། །

QQ截图20151221100824.png

ཁྲོ་བོའི་དབུ་རིས། 

5 ཟུར་ཞལ་འབྲི་ཚུལ། 

QQ截图20151221101123.png

ཁྲོ་ཞི་གཉིས་ཀྱི་ཟུར་ཞལ་འབྲི་ཚུལ། 

6 ཞི་མ་ཁྲོ་དང་དབུ་མང་འབྲི་ཚུལ།

QQ截图20151221101333.png

གོང་གི་དབུ་རིས་མི་འདྲ་བ་འདི་དག་ནི་ལས་དང་པོ་བ་རྣམས་ཀྱིས་ཐོག་མར་སྦྱངས་བྱ་ཡིན་ལ། དེ་ལས་ཐུབ་དབང་གི་དབུ་འབྲི་ཤེས་པ་བྱུང་ན་སངས་རྒྱས་མཐའ་དག་གི་དབུ་རིས་འབྲི་ཤེས་པ་དང་། དེ་བཞིན་དུ་སྒྲོལ་དཀར་ལྗང་གཉིས་ཀྱི་དབུ་རིས་ལས་མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག་འབྲི་ཤེས་པར་འགྱུར། ཁྲོ་བོའི་ཞལ་ཐིག་ལས་ཁྲོ་བོ་གང་རུང་གི་དབུ་ཉམས་དེ་འབྲི་ཤེས་པ་དང་། རྣམ་རྒྱལ་མའི་དབུ་རིས་ལས་ཞི་མ་ཁྲོའི་ལྷ་རིགས་ཀྱི་དབུ་རིས། འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབུ་རིས་ལས་བྱང་སེམས་སྤྱི་དང་དབུ་མང་པོ་ཅན། ཞི་བའི་ཟུར་ཞལ་ལས་བྱང་སེམས་དང་བླ་རྒྱུད་ཀྱི་དབུ་རིས་སོགས་ཤེས་པ་ལ་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་ཡིན་པས་ནན་ཏན་གྱིས་སྦྱངས་པར་བྱ།


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། ཐང་ག ཞལ་ཐིག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-04

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།