ཟློས་གར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཟློས་གར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རྩོམ་རིག་གཞུང་ལུགས། )

ཟློས་གར།
བོད་ཀྱི་ཟློས་གར་ནི་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་ཚང་མས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་ཞིག་ལགས། དེ་ནི་བོད་རིགས་མི་དམངས་ཀྱི་རིན་ཐང་བྲལ་བའི་རིག་གནས་གྱ་ནོམ་པ་ཞིག་ཡིན།
1 གོ་དོན།

སྤྱིར་ཟློས་གར་ཞེས་པ་ནི་ལུས་ཀྱི་ཉམས་འགྱུར་དང་། རྐང་ལག་གི་སྟངས་སྟབས། ངག་གི་སྨྲ་བརྗོད་དུ་མ་ཡང་ཡང་ཟློས་ཤིང་གར་བྱེད་པའམ། ཡང་ན་གར་སྟེགས་ཀྱི་བརྙན་བརྐོ་བཟོ་བྱེད་རྒྱུ་དམིགས་ཡུལ་དུ་བྱེད་ཅིང་། འཁྲབ་སྟོན་པའི་འཁྲབ་བསྒྱུར་དཀྱིལ་སྙིང་དུ་གྱུར་བའི་རྩོམ་རིག་དང་འཁྲབ་སྟོན། རོལ་དབྱངས། བྲོ་གར། མཛེས་རིས་སོགས་རྣམ་པ་མང་པོ་ལས་གྲུབ་པའི་སྣ་འཛོམས་ཀྱི་སྒྱུ་རྩལ་ཞིག་ལ་ཟེར།

མི་སྣ་དང་དོན་རྐྱེན། དུས་ཚོད། གནས་ཡུལ་རྣམས་གཅིག་ཆེས་གཅིག་བསྡུས་ཀྱི་ངང་ནས། ཚད་བཀག་ཡོད་པའི་གར་སྟེགས་དང་འཁྲབ་སྟོན་དུས་ཚོད་ཀྱི་ནང་དུ་མི་སྣའི་བྱ་བྱེད་ཉམས་འགྱུར་དང་སྐད་ཆ། མི་སྣའི་གཤིས་ཀ་འབུར་དོད། དོན་གྱི་བྱུང་རིམ་སོགས་ཟློས་གར་གྱི་འཕེལ་བ་སོགས་ཟློས་གར་གྱི་འཕེལ་འགྲོས་མགྱོགས་ཤིང་། རྣོ་ངར་ལྡན་ལ་ཛ་དྲག་ཆེ་བའི་འགལ་བ་ཁ་འཐབ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མངོན་པར་མཚོན་ཞིང་། མི་རྣམས་ཀྱི་ཚོར་བ་ལ་གཡོ་འགུལ་བྱས་ཏེ་ལེགས་ཉེས་སྤང་བླང་གི་ཆར་གོ་བསྐོན་བློ་འགུགས་ཀྱི་སློབ་གསོའི་ནུས་པ་ཐོན་ནུས་པ་ཞིག་ལ་བཤད་པའམ། ཡང་ན་སྔོན་བྱུང་གཏམ་རྒྱུད་དང་ལོ་རྒྱུས་སོགས་ཀྱི་སྒོ་ནས་གླུ་བླངས་པ་དང་བསམ་པའི་རྣམ་འགྱུར་སྣ་ཚོགས་ཡང་ནས་ཡང་དུ་ཟློས་ཤིང་གར་བྱེད་པ་ཞིག་ཡིན།

2 ལོ་རྒྱུས་ཀྱི་བྱུང་བ།

བོད་ཀྱི་རིག་གནས་ཆུང་བ་ལྔའི་ཡ་གྱལ་དུ་བགྲངས་པའི་ཟློས་གར་རིག་པ་ནི། འཇིག་རྟེན་ཐོག་དར་སྔ་བའི་རིག་པའི་གནས་སམ་རིག་གཞུང་ཞིག་ཡིན་ལ། གནའ་བོའི་རྒྱ་གར་དུའང་ཟློས་གར་དར་ཧ་ཅང་སྔ་ཞིང་། ངག་རྒྱུན་ལྟར་ན། ཐོག་མར་ལྷའི་ཡུལ་དུ་ཟློས་གར་དར་བ་ལ་ལྷ་རྣམས་ཀྱིས་ཚངས་པ་ཆེན་པོར་རྫོགས་ལྡན་གྱི་བསྐལ་པ་རྫོགས་རྐྱེན་སྐྱེ་བོ་དཔག་ཏུ་མེད་པ་སྡུག་བསྔལ་གྱིས་མནར་བས། དེ་རྣམས་ཀྱི་ཡིད་ཀྱི་མུན་པ་སེལ་བ་དང་། སྤྲོ་བ་རྒྱས་པའི་ཐབས་ཟབ་མོ་ཞིག་བསྟན་དུ་གསོལ་ཞུས་པ་ལ། རིག་བྱེད་བཞི་ལས་སྲིད་སྲུང་གི་རིག་བྱེད་ནས་གཏམ་རྒྱུད་དང་། སྙན་ཚིག་གི་རིག་བྱེད་ནས་རྟ་དབྱངས། མཆོད་སྦྱིན་གྱི་རིག་བྱེད་ནས་ལུས་ཀྱི་རྣམ་འགྱུར་བྱེད་སྟངས་དང་གར་གྱི་རོལ་སྟངས། ངེས་བརྗོད་ཀྱི་རིག་བྱེད་ནས་རོའམ་ཉམས་བཅས་བླངས་ཏེ་ཟློས་གར་གྱི་རིག་བྱེད་ཅེས་པ་གསར་དུ་གཏོད་པར་མཛད་ཅེས་པའོ། །གང་ལྟར་ལྷའི་ཡུལ་དུ་ཟློས་གར་གྱི་རིག་བྱེད་ཅེས་པ་ཞིག་བྱུང་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། དོན་དུ་ཟློས་གར་གྱི་རིག་གཞུང་འདི་འཇིག་རྟེན་ཐོག་ཧ་ཅང་སྔ་དུས་སུ་དར་ཡོད་པ་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད།

དེ་ཡང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་ནས་བོན་སྒྲུང་ལྡེའུ་གསུམ་བྱུང་ཞིང་། བོད་ལ་དུས་སྔ་མོ་ཞིག་ནས་གར་འཁྲབ་པའི་སྲོལ་དར་ཡོད། དུས་རབས་བདུན་པའི་ནང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་ཆེན་ཐོན་མི་སམ་བྷོ་ཊ་རྒྱ་གར་ཡུལ་དུ་སཾ་སྐྲི་ཏའི་སྒྲ་སློབ་པར་བརྫངས་པ་ལྟར་ཁོང་གིས་ཀྱང་དཀའ་ངལ་ཁྱད་དུ་བསད་དེ་ཕྱི་རོལ་པའི་སློབ་དཔོན་བྲམ་ཟེ་ལི་བྱིན་ཀ་ར་དང་། ནང་པའི་སློབ་དཔོན་ལྷ་རིག་པའི་སེང་གེ་སོགས་ཚད་ལྡན་གྱི་སློབ་དཔོན་མང་དུ་བསྟེན་ནས་ཡིག་རིགས་སྣ་ཚོགས་པ་ཐུགས་སུ་ཆུད་པར་མཛད་དེ་གངས་ཅན་བོད་ཡུལ་དུ་ཕྱིར་ལོག་ཕེབས། ཡི་གེ་དག་ལས་ལེགས་ཆ་བླངས་ཏེ་བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་གསར་གཏོད་མཛད་པ་དང་། ཡིག་རིགས་དེ་དག་ལ་བརྟེན་ནས་སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རྣམས་ཀྱིས་སཾ་སྐྲི་ཏའི་སྐད་ནས་བཀའ་དང་བསྟན་བཅོས་མཐའ་ཡས་པ་ཞིག་བོད་སྐད་དུ་བསྒྱུར་པ་ལས་ཟློས་གར་ཞེས་པའི་ཐ་སྙད་འདི་ཐོག་མར་བོད་ལ་དར། བོད་རང་ལ་མཚོན་ན་ཁྲི་སྲོང་ལྡེའུ་བཙན་སྐབས་བསམ་ཡས་བཞེངས་གྲུབ་ཀྱི་དགའ་སྟོན་དུ། གར་འཆམ་འབག་འཆམ་སོགས་ཤིན་ཏུ་དར་བའི་ལོ་རྒྱུས་ཡོད་ནའང་། ཟློས་གར་གྱི་གཞུང་དང་དེའི་འཁྲབ་རྩལ་སྐོར་གྱི་ལོ་རྒྱུས་ཡིག་རིགས་ནི་ད་ཕན་མ་མཐོང་།

དུས་རབས་བཅུ་གཉིས་པའི་ནང་དུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས་སྙན་ངག་མེ་ལོང་མའི་རྒྱན་དུ་མ་ཞིག་མཁས་འཇུག་ནང་དུ་བསྒྱུར་པར་མཛད་ནས་དེ་དག་གི་རྣམ་བཤད་ཀྱང་མཛད། དེ་བཞིན་ཟློས་གར་རབ་དགའི་འཇུག་པ་གསར་རྩོམ་གནང་བ་དེ་ནི་གངས་ཅན་བོད་ཀྱི་མཁས་པས་བརྩམས་པའི་ཟློས་གར་གྱི་བསྟན་བཅོས་ཐོག་མ་ཡིན་པར་ངེས་ཞེས་ཞོལ་པང་བསོད་ནམས་དར་རྒྱས་མཆོག་གི་གླུ་གར་ཚངས་པའི་ཆབ་རྒྱུན་དུ་གསུངས། སྤྱིར་ཟློས་གར་ལ་ཉན་བྱའི་ཟློས་གར་དང་བལྟ་བྱའི་ཟློས་གར་གཉིས་ཡོད་པ་ལས།

རང་རེ་བོད་ལ་ཆ་མཚོན་ན་གོང་དུ་ལུས་པའི་རྒྱ་དཔེ་བོད་འགྱུར་གྱི་གཏམ་རྒྱུད་ཟློས་གར་དེ་དག་ཙམ་མ་ཟད། གཙོ་བོ་མཛོད་བརྒྱ་དཔག་བསམ་འཁྲི་ཤིང་ལ་སོགས་པ་སངས་རྒྱས་ཀྱི་རྣམ་ཐར་དག་ཡིན་ནོ། །དེ་བཞིན་ཐང་སྟོང་རྒྱལ་པོའི་གོང་དུ་གངས་ཅན་ལྗོངས་སུ་གཏམ་རྒྱུད་གསར་རྩོམ་དང་། དམངས་ཁྲོད་དུའང་སྒྲུང་གཏམ་མང་པོ་ཡོད་ཀྱང་དེ་དག་དཔེ་ཆ་དང་ཡང་ན་ངག་རྒྱུན་ལས་བཤད་པའམ། ཡང་ན་ཐང་ག་དང་ལྡེབས་རིས་སུ་འབྲི་བ་ལས་ཟློས་གར་དུ་འཁྲབ་པ་ནི་མེད། སྔར་དབུས་གཙང་ཡུལ་གྱི་རྒྱལ་རྩེ་རྫོང་དང་། རིན་སྤུངས་ཁོངས་ཀྱི་དགོན་སྡེ་རྣམས་ལ་བླ་མ་མ་ཎི་བ་ཞེས་རྒྱབ་ཏུ་ཐང་ག་ཁུར་ནས་བོད་ཟླ་བཞི་བའི་ནང་ལྷ་སར་ཡོང་མཁན་སྐོར་ཞིག་ཡོད་པར། ཁོ་ཚོས་བར་སྐོར་ཕྱི་ནང་དང་། གླིང་སྐོར་ལམ་རྒྱུད། ཁྱིམ་ཚང་སོ་སོའི་སྒོ་འགྲམ་སོགས་ལ་ཐང་ག་བཀྲམ་ནས་གཏམ་རྒྱུད་ཀྱི་ཟློས་གར་ཤོད་ཀྱི་ཡོད་ཟེར། དེ་བས་ཐང་སྟོང་རྒྱལ་པོས་ཨ་ལྕེ་ལྷ་མོ་ཞེས་པ་གསར་གཏོད་མ་གནང་གོང་ཐང་ག་ནས་ཉན་བྱའི་གཏམ་རྒྱུད་ཟློས་གར་དར་བ་ཙམ་མ་གཏོགས་འཁྲབ་བྱའི་གཏམ་རྒྱུད་ཟློས་གར་མེད། ཅིའི་དོན་དུ་ཞེ་ན། ས་སྐྱ་པཎྜི་ཏའི《རོལ་མོའི་བསྟན་བཅོས》ལས། དབུས་འགྱུར་ཚལ་ན་གཏམ་རྒྱུད་ཀྱི། །ཟློས་གར་བྱེད་པ་ཐམས་ཅད་སྦྱོར། །མཐའ་འཁོབ་འདི་ན་དེ་ལྟ་བུ། །བྱེད་པ་ལྟ་ཞོག་ཐོས་པའང་དཀོན། །ཞེས་གསུངས་པ་ལྟར་སྐབས་དེར་ཐང་ག་བཀྲམ་ནས་གཏམ་རྒྱུད་ཀྱི་ཟློས་གར་ཤོད་རྒྱུན་མ་གཏོགས་གཏམ་རྒྱུད་ཟློས་གར་འཁྲབ་རྒྱུ་མེད་པ་ལྟར་སྣང་ཞིང་། དེ་ལ་མཉན་བྱའི་ཟློས་གར་ཟེར། མི་སྣ་གང་ཞིག་གཟུགས་ཀྱི་རྣམ་པར་བཀོད་པ་སྟེ་ཆས་སྤྲས་པའམ་རྣམ་འགྱུར་སོགས་དེ་དང་འདྲ་བར་སྟོན་པ་ན་གཟུགས་ཅན་གྱི་ཟློས་གར་ཞེས་བྱའོ། །དེ་ཡང་ཟློས་གར་འཁྲབ་དུས་ཟློས་གར་གྱི་སྣོད་སུ་འདྲ་ཞིག་ཡིན་རུང་སྐྱེ་བོ་གཞན་ཏེ་རྒྱལ་པོ། བཙུན་མོ། བློན་པོ། རྒན་རྒོན་ནམ། གཞོན་ནུ་སོགས་ཀྱི་རྣམ་འགྱུར་རམ་ལད་མོ་བྱས་ནས་རང་ཉིད་གོང་གསལ་དེ་དག་གི་གཟུགས་སུ་བཀོད་དེ་འཁྲབ་དགོས་པ་དེ་ཡིན་ནོ། །

3 ཟློས་གར་གྱི་རྩ་བའི་རྒྱུ་རྐྱེན་བཞི།
3_1 གར་མཁན།

ཟློས་གར་ནི་སྒྱུ་རྩལ་དུ་མ་མཉམ་འདུས་དང་རྒྱུ་རྐྱེན་སྣ་ཚོགས་སྒྲིག་གཞིར་གྱུར་པ་ལས་གྲུབ་པ་ཞིག་ཡིན་པས་ན་རྒྱུ་ཆ་གཅིག་ཀྱང་ཆད་མི་རུང་། ཡིན་ནའང་། ཆེས་རྩ་བའི་རྒྱུ་ཆ་ནི་གར་མཁན་ཡིན། གདོད་མའི་ཟློས་གར་དང་དེང་རབས་ཟློས་གར་གང་ཡིན་རུང་གར་མཁན་ནི་གཙོ་བོ་ཡིན་ལ། འཁྲབ་སྟོན་པ་མེད་ཚེ་ཟློས་གར་བྱ་བ་ཡང་མེད་དེ། ཟློས་གར་ནི་གར་མཁན་གྱིས་རང་གི་ཉམས་འགྱུར་དང་སྐད་ཆར་བརྟེན་ནས་སནང་བརྙན་གསར་སྐྲུན་བྱས་པ་ཞིག་ཡིན། དེ་ནི་སྒྱུ་རྩལ་འཁྲབ་སྟོན་གྱི་གོ་རིམ་ཁྲོད་རང་རྟོགས་མ་ཡིན་པའི་སྒོ་ནས་རྒྱུ་ཆ་དང་ལག་ཆར་གྱུར་ནའང་། ཟློས་གར་ཁྲོད་དུ་ཁོ་རང་འཁྲབ་སྟོན་གྱི་འཕྲུལ་འཁོར་ལྟ་བུར་འགྱུར་མི་མི་སྲིད་ལ་ནམ་ཡང་མི་གསོན་པོ་ཞིག་ཡིན། ཟློས་གར་གྱི་མགོ་མཇུག་བར་གསུམ་དུ། གར་མཁན་ལ་ཉམས་འགྱུར་དང་འཁྲབ་རྩལ་ཡོད་ཚེ་ད་གཟོད་ཟློས་གར་རྩོམ་རིག་ནི་དོན་སྙིང་ངེས་ཅན་ལྡན་པའི་ཟློས་གར་ཞིག་དང་། ལྟ་མཁན་རྣམས་གཞི་ནས་ཤ་འོད་རྒྱུགས་པ་ལྟར་གར་ཁང་དུ་འཚངས་ནས་དེ་ལྟ་བུའི་ཤ་ཁྲག་གི་ཕུང་བོ་བར་གྱི་བརྩེ་དུངས་བརྗེ་རེས་ལ་གཟིགས་ཐུབ་པ་འདི་ནི། ཟློས་གར་ཉིད་གློག་བརྙན་དང་བརྙན་འཕྲིན་ལས་ཁྱད་དུ་འཕགས་པའི་གནས་ཉག་གཅིག་ཡིན་པ་བསྟན་ཡོད།

3_2 འཁྲབ་གཞུང་།

ཟློས་གར་ནི་དམའ་རིམ་ནས་མཐོ་རིམ་དུ་འཕར་རྗེས་ད་གཟོད་འཁྲབ་གཞུང་ཞེས་པའི་རྩོམ་ལུས་འདི་ཐོན་པ་དང་། དེས་ཡི་གེའི་གཟུགས་ལ་བརྟེན་ནས་ཟློས་གར་རང་བཞིན་གྱི་བྱུང་རིམ་ཞིག་གཏན་ཁེལ་བགྱིས་ཏེ། ཁ་བརྡ་གྲུབ་ཆ་གཙོ་བོ་བྱས་པའི་གར་ལྗོངས་དང་། མི་སྣའི་འགུལ་སྟངས། མི་སྣ་བརྗེས་སྤོར་གྱི་འཁྲབ་སྟོན་དུས་ཚོད། གནས་ཡུལ་སོགས་ཀྱང་གཏན་ཕབ་བྱེད་དགོས། ཟློས་གར་ལ་འཁྲབ་གཞུང་ཡོད་པ་ནས་བཟུང་ཆེས་དམའ་བའི་གདོད་མའི་དུས་རིམ་དང་ཁ་གྱེས་ཏེ་ངོ་བོའི་སྟེང་རྣམ་པ་གསར་བ་ཅིག་ཏུ་བསྒྱུར་ཅིང་དངོས་དོན་གྱི་ཟློས་གར་ཞིག་ཏུ་གྱུར་པ་རེད། དུས་དེར་ཟློས་གར་ལ་གཞི་ནས་གཏིང་ཟབ་པའི་བསམ་བློ་རང་བཞིན་དང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རང་བཞིན་ལྡན་ཐུབ་ན། ད་གཟོད་བརྩམས་བྱའི་བརྩེ་དུངས་ཀྱི་མོས་པ་དང་། སྒྱུ་རྩལ་གྱི་བློས་བསླངས་གཉིས་ཕྱིར་མངོན་ཐུབ།

3_3 ལྟ་མཁན།

ལྟ་མཁན་སྟོང་ཕྲག་མང་པོ་གར་ཁང་དུ་སོང་ནས་མི་ཚེ་ལ་ཤེས་རྟོགས་དང་བསམ་པའི་འདོད་བློ་འཚོལ་སྙེག་བྱེད་སྐབས་སུ་ལྟ་མཁན་ནི་ཟློས་གར་གྱི་ཞབས་འདེགས་ཞུ་ཡུལ་ཡིན།

3_4 འཁྲབ་ར།

ཟློས་གར་ནི་ཡུལ་དུས་སྒྱུ་རྩལ་གྱི་མཉམ་འབྲེལ་ཞིག་ཡིན་པ་དང་། གར་མཁན་གྱིས་ངེས་གཏན་གྱི་བར་སྣང་དུ་གཏམ་རྒྱུད་ཅིག་འཁྲབ་སྟོན་བྱེད་པར་ཟློས་གར་ཞེས་པའང་འབྱུང་ངོ་།། ཟློས་གར་ལ་འཁྲབ་སྟོན་དོ་ར་མེད་མི་རུང་ལ། ཟློས་གར་འབྲི་སྐབས་སུ“འཁྲབ་ར་རང་བཞིན”ལ་ཅིས་ཀྱང་བརྩི་འཇོག་བྱེད་དགོས། ངེས་པར་དུ་ངེས་གཏན་གྱི་ཡུལ་དུས་ལ་གཞིགས་ཏེ་གར་གཞུང་འཁྲབ་སྟོན་བྱེད་ཐུབ་མིན་དང་། གར་མཁན་དང་འོས་འཚམ་ཡིན་མིན། བལྟས་པ་ཙམ་གྱིས་མིག་དབང་འཕྲོག་པ་དང་རྣ་བར་འཇེབས་ལ། ཡིད་དབང་འཕྲོག་པའི་ཁྱད་མཚར་གྱི་གྲུབ་འབྲས་ཤིག་ལོན་ཐུབ་མིན་ལ་བལྟ་དགོས། ཚད་ཡོད་པ་ནི་ཡུལ་དུས་ཁྲོད་མཐའ་ཡས་པའི་མི་ཚེ་ཞིག་ཚུར་སྣང་བྱེད་པ་ལ། ཟློས་གར་ཆེད་གཉེར་བ་རྣམས་ཀྱིས་རྒྱུན་དུ་གར་སྟེགས་ནི་ཡུལ་དུས་གུ་དོག་མིན་ལ་སེམས་ཁྲེལ་བྱེད་ཀྱིན་འདུག


4 དབྱེ་བ།

ཟློས་གར་རྩོམ་རིག་གི་ནང་གསེས་དབྱེ་ཚུལ་ལ་སྣ་ཚོགས་ཡོད་དེ། འདུ་རྒྱ་ཆེ་ཆུང་གི་སྟེང་ནས་ཡོལ་གཅིག་ཟློས་གར་དང་ཡོལ་མང་ཟློས་གར་གཉིས་ཡོད། ཡོལ་གཅིག་ཟློས་གར་ལ་གནས་ཡུལ་མི་འགྱུར་བ་དང་། དུས་ཚོད་ཐུང་བ། བྱུང་རིམ་སྡུད་ཆེ་བ། འགལ་བ་ཐག་གཅོད་བྱེད་པ་མྱུར་བ་བཅས་ཀྱི་ཁྱད་ཆོས་ཡོད། ཡོལ་མང་ཟློས་གར་ནི། གནས་ཡུལ་གྱི་འགྱུར་ལྡོག་ལ་བརྟེན་ནས་དུས་ཚོད་དང་ཡུལ་གྱི་བརྗེ་སྤོར་མཚོན་པ་དང་། བརྗོད་བྱ་རྒྱ་ཆེ་བ།  བྱུང་རིམ་དང་མི་སྣ་མང་ཞིང་རྙོག་འཛིང་ཡིན་པའི་ཁྱད་ཆོས་ཡོད། མཚོན་བྱེད་ཀྱི་རྣམ་པ་མི་འདྲ་བའི་སྟེང་ནས། ཟློས་གར་རྩོམ་རིག་ལ་གཏམ་བརྗོད་ཟློས་གར་དང་གླུ་གར་གཉིས་ཡོད། གཏམ་བརྗོད་ཟློས་གར་ནི་སྐད་ཆ་གཙོ་བོ་ཡིན་ཞིང་། གླུ་གར་ནི་གླུ་དང་རོལ་དབྱངས་གཉིས་ཟུང་འབྲེལ་བྱས་ཏེ་གྲུབ་པའི་ཟློས་གར་གྱི་རྣམ་པ་ཞིག་ཡིན་ཞིང་། གཙོ་ཆེར་གླུའི་ཚུལ་དུ་ལེན་པ་དང་། འཁྲབ་ཚིག་ཀྱང་སྙན་ངག་ཤ་སྟག་ཡིན། འདི་ལས་ཀྱང་ཁ་བརྡ་ཡོད་མོད། ཟིན་ཚད་ཧ་ཅང་ཉུང་། ངོ་བོ་དང་མཚོན་སྟངས་ཀྱི་ཆ་ནས། ཟློས་གར་རྩོམ་རིག་ལ་སྐྱོ་གར་དང་དགོད་གར། འདྲེས་མའི་ཟློས་གར་གསུམ་ཡོད།  

སྐྱོ་གར་ནི་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་མི་ཚེའི་སྡུག་བསྔལ་བརྗོད་པའི་ཟློས་གར་ཡོངས་རྫོགས་ལ་གོ་བ་དང་། སྒྲ་དོག་འཇུག་གི་དབང་དུ་བྱས་པའི་སྐྱོ་གར་ནི། ནང་དོན་ལ་གཟབ་ནན་ཆེ་ཞིང་དྲང་ཕྱོགས་ཀྱི་མི་སྣ་གཙོ་བོ་ངེས་པར་དུ་བླ་ན་མ་མཆིས་པ་ཞིག་ཡིན་དགོས། ཉམས་ཉེས་སུ་གྱུར་པའི་བརྗོད་བྱ་ཅན་ལ་ཟེར།

སྐྱོ་གར་གྱི་ཁྱད་ཆོས་ལ་ཕྱོགས་གཉིས་ཀྱི་སྟེང་ནས་གོ་བ་ལེན་དགོས་ཏེ། གཅིག་ནི་འཔགལ་འཐབ་ཀྱི་ངོ་བོ་ཡིན། སྐྱོ་གར་གྱི་འགལ་འཐབ་ཀྱིས་མཚོན་པ་ནི་མི་སྣའི་ཉམས་ཉེས་དང་བར་ཆད་ཡིན་མོད། འོན་ཀྱང་ཉམས་ཉེས་དང་བར་ཆད་ཡོད་ཚད་སྐྱོ་གར་གྱི་འགལ་འཐབ་ཏུ་འགྱུར་བའི་ངེས་པ་མེད། དེ་ཡང་དྲང་ཕྱོགས་ཀྱི་མི་སྣ་གཙོ་བོ་དེ་བཤོལ་ཐབས་བྲལ་བའི་ཆག་སྒོ་དང་ཕྲད་པའམ། ཡང་ན་དེ་ལ་བཟློག་ཐབས་མེད་པའི་ནོར་འཁྲུལ་ཞིག་བྱུང་ཚེ་ད་གཟོད་སྐྱོ་གར་གྱི་འགལ་འཐབ་ཏུ་འགྱུར་བ་ཡིན། གལ་ཏེ་དྲང་ཕྱོགས་ཀྱི་མི་སྣ་ཞིག་མིན་པར་ངན་དགུ་ཚང་བའི་མི་ཞིག་ཡིན་ན། ཁོའི་ཉམས་ཉེས་ནི་རང་སྡུག་རང་གིས་ཉོས་པ་ཡིན་ཞིང་། ཡང་མི་སྣ་གཙོ་བོའི་ཉམས་ཉེས་དེ་རྐྱེན་གཞན་དང་འབྲེལ་བའམ་ཡང་ན་སྟེས་དབང་ཞིག་གིས་བྱུང་བ་ཡིན་ན་དེའང་སྐྱོ་གར་གྱི་འགལ་འཐབ་ཏུ་འགྱུར་མི་སྲིད་དོ། །

ཅིག་ཤོས་ནི་ལྟ་མཁན་གྱི་སེམས་སུ་བསྩལ་པའི་འགྱུར་བ་སྟེ། སྐྱོ་གར་ལ་དཔེར་ན།   དཔའ་བོའི་སྐྱོ་གར་དང་། འཇིགས་པ་བསྐྱེད་པའི་སྐྱོ་གར། ཁྱིམ་གཞིས་སྐྱོ་གར་སོགས་རིགས་མང་ལ། དེ་དག་ལས་འགའ་ཞིག་སྐྱོ་གར་དེ་ཉིད་ལ་བལྟས་པའི་སྟོབས་ཀྱིས་ནང་དུ་སྙིང་རྗེ་འཕེལ་བ་དང་། འགའ་ཞིག་སྐྱོ་བ་འཕེལ་བ། འགའ་ཞིག་སྡང་སེམས་དང་འགའ་ཞིག་སྐྱོ་བ་འཕེལ་བ། འགའ་ཞིག་སྡང་སེམས་དང་འགའ་ཞིག་འཇིགས་པ་འཕེལ་བ། འོན་ཀྱང་མདོར་བསྡུས་ནས་བཤད་ན། སྐྱོ་གར་གྱིས་བསྩལ་པའི་འགྱུར་བ་ནི་གཟབ་ནན་གྱི་རང་བཞིན་ལྡན་ཞིང་བླ་མེད་ཀྱི་མཛེས་པ་ལ་གཞོལ་བར་མ་ཟད། མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་རྣམ་འགྱུར་དང་ཀུན་སྤྱོད་ཆུ་ཚད་ལས་བརྒལ་ཏེ། དྲང་བདེན་གྱི་ཕྱོགས་ལ་གཞོལ་འདོད་ཀྱི་ཚོར་བ་ཞིག་སྟེར། གལ་ཏེ་བླ་མེད་ཀྱི་ཉམས་དང་མི་ལྡན་ན། སྐྱོ་གར་དེར་རིན་ཐང་ཆེན་པོ་མི་ལྡན་པའི་བྱུང་རིམ་ཟློས་གར་རམ་ཡང་ན་བྱ་ངན་ཟློས་གར་དུ་འགྱུར་རོ། ། 

དགོད་གར་ལ་རིགས་སྣ་ཚོགས་མཆིས་ཏེ། དཔེར་ན། ཟུར་ཟའི་དགོད་གར་དང་།   རྩེད་མཚར་དགོད་གར། ཡིད་འགྱུར་མཚོན་པའི་དགོད་གར་སོགས་ཡོད། དགོད་གར་གྱི་སྤྱིར་བཏང་གི་ཁྱད་ཆོས་ཀྱང་གཅིག་ནས་དེའི་འགལ་འཐབ་ཀྱི་འགོད་གར་རང་བཞིན་ཏེ།    འགའ་ཞིག་སྒྲོ་འདོགས་དང་རིགས་འདྲའི་རྣམ་པ་ལ་བརྟེན་ནས་སྤྱི་ཚོགས་སྟེང་གི་སྐྱོན་མཚང་དང་མི་གཤིས་ལ་བསྟོད་བསྔགས་བྱེད་པ་དང་། འགའ་ཞིག་བཞད་གད་དང་རྩེད་མཚར་གྱི་བྱེད་ཐབས་ལ་བརྟེན་ནས་དགོད་སློང་བར་བྱེད། མདོར་ན། དགོད་གར་རང་བཞིན་ནི་དགའ་ཞིང་དགོད་བྲོ་བ་སྟེ། མི་དང་མིའི་བར་གྱི་འགལ་འཐབ་ཀྱང་ཡ་ང་བའི་འཐབ་རྩོད་ཀྱིས་མི་མཚོན་པར། བློ་རིག་དང་མི་གཤིས་གཉིས་བསྡུར་བ་ལ་བརྟེན་ནས་དྲང་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་རྒྱལ་ཁ་ལེན་པ་ཡིན། ཅིག་ཤོས་ཀྱི་ཁྱད་ཆོས་ནི་ལྟ་མཁན་གྱི་ཡིད་ལ་བསྩལ་པའི་འགྱུར་བའི་ཁྱད་ཆོས་ཏེ། སྦྱིར་དགོད་གར་གྱིས་དགོད་བྲོ་སློང་ནའང་།   དགོད་བྲོ་བ་ལའང་ཟུར་ཟའི་དགོད་བྲོ་དང་རྩེད་མཚར་གྱིད་དགོད་བྲོ། བཞད་གད་ཀྱི་དགོད་བྲོ། བསྟོད་བསྔགས་ཀྱི་དགོད་བྲོ་སོགས་ཉམས་མི་འདྲ་བ་མང་ལ། དགོད་པའི་ཉམས་མི་འདྲ་བ་དག་གིས་འགྱུར་བའང་སྣ་ཚོགས་འཕེལ་བར་བྱེད་མོད། འོན་ཀྱང་དེ་དག་གི་ཐུན་མོང་ནུས་པ་འདོན་པ་ཡིན། སྤྱི་ཚོགས་ཀྱི་དོན་སྙིང་ཅུང་ཆེན་པོ་ལྡན་པའི་དགོད་གར་གྱིས་མི་རྣམས་ལ་དགོད་བྲོ་སློང་བ་དང་མཉམ་དུ། བློ་རིག་དང་ཀུན་སྤྱོད། མཛེས་པའི་སྟོབས་ཤུགས་སོགས་རྟོགས་པར་འཇུག་པ་མ་ཟད། ད་དུང་མི་རྣམས་ཀྱིས་སྤྱི་ཚོགས་བསྒྱུར་བཅོས་དང་ཕུགས་བསམ་ལ་རེ་སྙེག་བྱེད་པར་སྐུལ་འདེད་ཀྱི་ནུས་པ་འདོན། གལ་ཏེ། ཁྱད་ཆོས་འདི་དག་མི་ལྡན་ན་དེ་ལ་ཆེད་དམིགས་དགོད་གར་འདྲེས་མའི་ཟློས་གར་ལ་གཟབ་ནན་གྱི་ཟློས་གར་ཡང་ཟེར། འདི་ལའང་རིགས་སྣ་ཚོགས་ཡོད་དེ། ལ་ལར་སྐྱོ་བའི་ཉམས་ལྡན་པས་མཆི་མ་དང་འདྲེས་པའི་དགོད་གར་རམ་དགོད་སྐྱོ་ཟློས་གར་ཟེར་བ་དང་། འགའ་ཞིག་གིས་གཙོ་བོ་སྤྱི་ཚོགས་སྟེང་གི་གནད་དོན་ལ་སུན་འབྱིན་བྱེད་པས་གནད་དོན་ཟློས་གར་ཡང་ཟེར། བོད་ཀྱི་ཟློས་གར་མང་ཆེ་བ་ནི་འདྲེས་མའི་ཟློས་གར་གྱི་ཁོངས་སུ་གཏོགས། དེ་ཡང་མདོར་བསྡུས་ནས་བཤད་ན། འདྲེས་མའི་ཟློས་གར་ལ་སྐྱོ་གར་དང་དགོད་གར་གཉིས་ཀའི་ཁྱད་ཆོས་ལྡན་ནའང་དེ་གཉིས་དང་འདྲ་མཚུངས་མིན། འདྲེས་མའི་ཟློས་གར་གྱི་འགལ་འཐབ་དེ་སྤྱིར་བཏང་དུ་གཟབ་ནན་ཆེ་བའི་དངོས་ཡོད་སྤྱི་ཚོགས་ཀྱི་གནད་དོན་ནམ་ཡང་ན་མི་ཆོས་ཀུན་སྤྱོད་ཀྱི་གནད་དོན་ཡིན་པས་སྤྱིར་བཏང་གི་དགོད་གར་དང་མཚུངས་ལ།   ཡང་མཇུག་འབྲས་ནི་དྲང་ཕྱོགས་ཀྱིས་རྒྱལ་ཁ་བླངས་པ་ལ་བརྟེན་ནས་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་མཇུག་སྒྲིལ་བ་ཡིན་པས་སྐྱོ་གར་དང་ཡང་མི་མཚུངས་སོ། །

5 ཁྱད་ཆོས།

དེ་ཡང་མི་སྣ་སོ་སོའི་བསམ་པའི་འགྱུར་བ་སྐྱོ་བ་དང་། དགའ་བ་དང་། འཇིགས་པ་སོགས་དགུ་བོ་རྣམས་མཚོན་པའི་ལུས་ཀྱི་ཉམས་འགྱུར་དང་ངག་གི་གདངས་མི་འདྲ་བའི་སྒོ་ནས་མཚོན་པར་བྱེད་པའི་གར་འཁྲབ་པ་དང་ཆབས་ཅིག་དེ་དང་བསྟུན་པའི་རོལ་མོ་རིགས་བཞི་ལ་སོགས་པའི་རམ་འདེགས་བྱས་པ་ཞིག་དང་། ཟློས་གར་གྱི་ཡན་ལག་ལྔའི་ཆ་རྐྱེན་ཚང་བ་ཞིག་ཡིན།

བོད་ཀྱི་འཁྲབ་གཞུང་།

བོད་ཀྱི་ཟློས་གར་ལ་རོལ་ཆའི་རམ་འདེགས་ཉུང་ཞིང་སྟེགས་ལྗོངས་མེད་ལ།  ཕལ་ཆེར་གང་དུ་ས་བདེ་བ་དེར་འཁྲབ་སྟོན་བྱས་ཆོག  འོན་ཀྱང་ཟློས་གར་གྱི་འཁྲབ་སྟོན་སྒྲིག་གཞི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་དེ།  གཏམ་རྒྱུད་ཇི་ལྟ་བུ་ཞིག་འཁྲབ་སྟོན་བྱེད་ཀྱང་།  “འདོན”  དང་།  “གཞུང”  “བཀྲ་ཤིས”བཅས་གོ་རིམ་གསུམ་ཚང་ལ་མ་ནོར་བར་བྱེད།  “འདོན”ཞེས་པ་ནི་སྐབས་བབ་གང་འཁྲབ་སྟོན་བྱ་རྒྱུའི་ཟློས་གར་གྱི་གཏམ་རྒྱུད་དངོས་དང་བཀྲ་ཤིས་ནི་མཇུག་བསྡུ་བའི་རིམ་པའོ། ། འཁྲབ་སྟོན་གྱི་སྒྲིག་གཞི་འདིའི་སྟེང་ནས་བོད་ཀྱི་ཟློས་གར་གྱི་མི་རིགས་ཁྱད་ཆོས་དང་བོད་མི་དམངས་ཀྱི་མཛེས་དཔྱོད་ཕུགས་བསམ་དེ་གཅིག་བསྡུས་ཀྱིས་མཚོན་ཡོད། 

ཟློས་གར་རྩོམ་རིག་ནི་ཟློས་གར་སྒྱུ་རྩལ་གྱི་བྱུང་བ་ལས་ཀྱང་འཕྱི་སྟེ།  བསྟན་པ་སྔ་དར་གྱི་དུས་སུ་བོད་རང་གི་མཁས་པས་མཛད་པའི་ཟློས་གར་གྱི་བསྟན་བཅོས་ལྟ་ཅི།  རྒྱ་གར་གྱི་མཁས་པས་མཛད་པའི་ཟློས་གར་གྱི་བསྟན་བཅོས་བོད་ལ་འགྱུར་བའང་མེད་དོ ། །     དུས་རབས་བཅུ་གསུམ་པའི་ནང་ལ་ད་བཟོད་རྒྱ་གར་གྱི་བསྟན་བཅོས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་གཉིས་བོད་སྐད་དུ་འགྱུར་བ་ཡིན།  འོན་ཀྱང་བསྟན་བཅོས་ཀྱི་གྲངས་ཉུང་བ་དང་།  འཆད་ཉན་སོགས་ཆེར་མེད་པ།  ཐར་བ་དོན་དུ་གཉེར་བ་ལ་ཆེར་མི་མཁོ་བ།  འཁྲབ་སྟོན་གྱི་སྟབས་མ་འགྲིག་པ་སོགས་ཀྱི་དབང་གིས་འཕགས་ཡུལ་དུ་རིག་པ་འདི་དར་ཆེ་ཞིང་རིག་གནས་ཆུང་བ་ལྔའི་ཡ་གྱལ་དུ་བགྲང་བར་བྱེད་མོད།  བོད་དུ་ནི་གྲངས་འདྲེན་ཙམ་ཡོད་པ་ལས་ཤུགས་རྐྱེན་ཟབ་མོ་ཞིག་བཟོ་མ་ནུས། 

ཐང་སྟོང་རྒྱལ་པོས་ཟློས་གར་སྒྱུ་རྩལ་གསར་གཏོད་མཛད་སྐབས་འཁྲབ་པའི་ཟློས་གར་དེ་དག་ལ་འཁྲབ་གཞུང་ངམ་ཟློས་གར་རྩོམ་རིག་ཡོད་མེད་མི་ཤེས་ཀྱང་།  ད་ལྟའི་ཤེས་ཚོད་ལྟར་ན།  བོད་ཀྱི་ཟློས་གར་གྱི་འཁྲབ་གཞུང་ཐོག་མ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རིང་ལ་ཕོ་བྲང་ཕོ་ཏ་ལ་སླར་བཞེངས་ཀྱི་འགྲུབ་སྟོན་དུ་ཐོག་དང་པོར་དཔག་བསམ་འཁྲི་ཤིང་ཁྲོད་ཀྱི་ནོར་བཟང་གི་སྐྱེས་རབས་ལེའུ་དེ་བོད་ཀྱི་ཟློས་གར་དུ་བཅོས་ཏེ་འཁྲབ་སྟོན་བྱས་པར་གྲགས་ཤིང་།  རས་ཆུང་དབུས་ཕེབས་ཞེས་པའང་ཟློས་གར་གྱི་འཁྲབ་གཞུང་སྔ་ཤོས་སུ་བརྩི་ལ།  དེ་དག་གི་རྗེས་སུ་རིམ་བཞིན་ཡོངས་གྲགས་སུ་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་དུ་འབོད་པ་ལས་ཆོས་རྒྱལ་ནོར་བཟང་ཕུད་པ་ལས་གཞན་པ་བདུན་པོ་དང་།  རྒྱལ་བུ་སྤྲིན་གྱི་བཞོན་པ་རྒྱལ་བུ་དད་པ་བརྟན་པ་རཱ་མ་ཎ། བཟོད་པའི་དབང་ཕྱུག སྦྱིན་པ་ཆེན་པོ་སོགས་ཟློས་གར་གྱི་འཁྲབ་གཞུང་འགའ་རེ་བྱུང་། 

6 གྲུབ་ཆ།
6_1 མདོ་འཛིན་པ།

མདོ་འཛིན་པ་ནི་ཟློས་གར་དེར་བཀོད་འདོམས་བྱེད་པ་པོ་སྟེ། ཕྲེང་བ་སྐུད་པར་བརྒྱུས་པའི་སྣེ་མོར་སྤྱི་ལ་ཁྱབ་པའི་ཕྲེང་རྡོག་ཆེ་བ་གཅིག་ཡོད་པ་དེར་བརྒྱ་དཔོན་ནམ་མདོ་འཛིན་པ་ཞེ་པ་དང་འདྲ་ཞིང་། དེས་ནི་ཟློས་གར་ཅི་ཞིག་འཁྲབ་པ་དང་འཁྲབ་བྱའི་ནང་དོན་སོགས་ལྟད་མོ་བ་རྣམས་ལ་ངོ་སྤྲོད་ཀྱི་ཚུལ་དུ་ཟློས་གར་མ་འཁྲབ་པའི་སྔོན་ལ་མཚམས་སྦྱོར་བྱེད་པ་ཡིན་ལ། མདོ་འཛིན་པ་དེ་མེད་ན་ཟློས་གར་དེར་གོ་རིམ་མེད་པ་དང་སྒྲིག་ཁྲིམས་མེད་པར་འགྱུར་ངེས་པ་ཡིན་ནོ། །

6_2  རོལ་མོ་བ།

རོལ་མོ་བ་ནི་རོལ་ཆས་དང་སྦྲགས་ནས་གདངས་དབྱངས་འགུག་སྐོར་ལ་གདངས་ཡིག་དང་། གདངས་ཡིག་བཟོ་ཚུལ་གྱི་གཞུང་ལུགས་ཡོད་པ། དེ་ཡང་ས་སྐྱ་པཎྚི་ཏས་མཛད་པའི་རོལ་མོའི་བསྟན་བཅོས་དང་དེ་མིན་གྱི་གདངས་དབྱངས་ཀྱི་གཞུངས་ལུགས་སྣ་ཚོགས་ཡོད་པ་དག་ལས་ཤེས་པར་བྱ་དགོས་ལ། འདིར་མདོར་བསྡུས་ཙམ་སྟོན་པ་ལ། རོལ་མོའི་བསྟན་བཅོས་ལས། དེ་ལ་ལྷན་ཅིག་སྐྱེས་པ་ཡི། །ང་རོ་རྣམ་པ་བཞི་ཡིན་ཏེ། །འདྲེན་པ་དང་ནི་བཀུག་པ་དང་། །བསྒྱུར་བ་དང་ནི་ལྟེངས་ཉིད་དོ། །འདི་དག་སོ་སོའི་ང་རོའི་འདྲེན་ཚུལ་གྱི་ཁྱད་ཆོས་ནི།

འདྲེན་པའི་ཁྱད་ཆོས་ནི། དྲང་པོར་བསྒྲེང་དང་བཀུག་པ་དང་། །བསྟོད་དང་སྨད་པའི་ངོ་རོའི་དྲངས་ཞེས་པའོ། །

བཀུག་པའི་ཁྱད་ཆོས་ནི། ཁུག་ལ་རྐྱང་དང་བརྩེགས་པ་སྟེ། །དེ་ལ་གཉིས་གསུམ་བཞི་སོགས་སོ་ཞེས་གསུངས་སོ། །

བསྒྱུར་བའི་ཁྱད་ཆོས་ནི། བསྒྱུར་ལ་མགྲིན་ལྕེ་སྣ་ལྡན་ཏེ། །དེ་ལ་རིང་དང་ཐུང་གཉིས་སྦྱར། །

ལྟེངས་ཀའི་ཁྱད་ཆོས་ནི། ལྟེངས་ལ་རིང་དང་ཐུང་བ་སྟེ། །དེ་ལ་ཁྱད་པར་ཐིག་མཐའ་རགས། །ཞེས་པའམ། ཡང་ན་རིག་པའི་གཞུང་ལུགས་ནས་བརྗོད་པ་ལྟར་ན། འདྲེན་པ་དཔག་བསམ་ལྗོན་ཤིང་འདྲ། །བཀུག་པ་མེ་ཏོག་འཁྲི་ཤིང་འདྲ། །དབུས་ཞན་ཆུ་ཀླུང་དལ་འགྲོ་འདྲ། །རྦ་རླབས་རྒྱ་མཚོའི་ཟླ་བར་བཞད། །ཅེས་པ་ལྟ་བུ་སོགས་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་དོ། །

6_3  ཆས་སུ་ཞུགས་པ།

དེ་ནི་མཚོན་བྱའི་མི་སྣ་མི་འདྲ་བ་སོ་སོའི་ཆས་སུ་ཞུགས་ནས་གར་ཁྲབ་མཁན་ཏེ། དེ་ལ་མི་སྣ་གཙོ་དང་། ཕལ་བ། རམ་འདེགས་མི་སྣ་བཅས་གསུམ་ཡོད་པ་སོ་སོར་དྲང་ཕྱོགས་མི་སྣ་དང་། ཟློག་ཕྱོགས་ཀྱི་མི་སྣ། བར་གནས་མི་སྣ་བཅས་གང་ལ་འཁྲབ་ཀྱང་མཚོ་བྱའི་མི་སྣ་དེའི་བསམ་བློ་དང་ཞ ལུས་ཀྱི་རྣམ་འགྱུར། ངག་གི་གདངས་བཅས་ལེགས་པར་མཚོན་ཐུབ་མིན་ལ་བརྟེན་ནས། ལྟད་མོ་བ་ཚོར་ཉམས་འགྱུར་ཐོན་པའི་ནུས་པ་ཆེ་ཆུང་མི་འདྲ་བ་ཡོད་པ་དེ་ཡིན། དཔེར་ན་ཟློས་གར་མཁན་འགའ་ཞིག་གིས་དྲང་ཕྱོགས་མི་སྣ་མཚོན་མཁས་པོ་ཡོད་ཀྱང་གཞན་དག་མཚོན་མཁས་པོ་མེད་པ་སོགས་ཡོད།

6_4 བཞད་གད་པ།

དེ་ནི་ཟློས་གར་གྱི་སྐབས་ལོ་རྒྱུས་རིང་བོའི་ནང་དོན་དུ་བྱས་ནས་འཁྲབ་ཚེ་སྐབས་སྐབས་སུ་དགོད་བྲོ་བའི་གཏམ་ཤོད་མཁན་ཏེ། དེ་ཡང་ཟློས་གར་གྱི་སྐབས་ཅུང་ཟད་བྱ་དཀའ་བའི་ངག་གི་སྒྱུ་རྩལ་ཞིག་ཡིན། དེ་ཡང་དྲང་ཕྱོགས་ཀྱི་མི་སྣ་དང་། ལྡོག་ཕྱོགས་ཀྱི་མི་སྣ། བར་གནས་ཀྱི་མི་སྣ་བཅས་གསུམ་ཀས་བྱས་ཆོག་ཀྱང་བོད་དུ་ལྷ་མོ་འཁྲབ་སྐབས་ལྡོག་ཕྱོགས་ཀྱི་མི་སྣས་བྱས་པ་མང་ཞིང་། སྐབས་རེར་བར་གནས་ཀྱི་མིས་བྱས་པའང་ཡོད་དོ།།

6_5 ཟློས་གར་བ།

དེ་ནི་ཟློས་གར་ཀྱི་སྐབས་རམ་འདེགས་མི་སྣ་སྟེ། མི་སྣ་གཙོ་བོ་ཁག་གསུམ་ལ་རམ་འདེགས་བྱས་ཏེ་གླུ་ལེན་པ་དང་། ལོ་རྒྱུས་འཆད་པ། ཆས་གཡོགས་པ་སོགས་བྱེད་མཁན་རྣམས་ཡིན། བོད་དུ་ཟློས་གར་ནི་གནའ་རབས་རྒྱལ་བོ་སྲོང་བཙན་སྒམ་པོའི་སྔོན་དུས་ནས་ཡོད་པར་ངེས་ཏེ་རྒྱལ་བོ་སྲོང་བཙན་སྒམ་པོས་བལ་བཟའ་དང་། རྒྱ་བཟའ་བཙུན་མོར་ལེན་སྐབས་བོད་རྒྱལ་བློན་འབངས་དང་བཅས་པས་བསུ་བ་དང་། དགའ་སྟོན་གྱི་ཟློས་གར་རྒྱ་ཆེན་པོ་བཀོད་པ་གཙུག་ལག་ཁང་དང་པོ་ཏ་ལའི་ལྡེབས་རིས་སུ་སྣང་པ་དེ་རིགས་ལས་ཀྱང་ཆ་རྐྱེན་དེ་དག་ཕལ་ཆེར་མཐོང་ཐུབ་ངེས་རེད་དོ།། 


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། ཟློས་གར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-02

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།