ཉོ་འཚོང་གན་རྒྱའི་བཅའ་ཁྲིམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉོ་འཚོང་གན་རྒྱའི་བཅའ་ཁྲིམས།
ཉོ་ཚོང་གན་རྒྱ་ནི་འཚོང་མཁན་གྱིས་དམིགས་བྱའི་དངོས་རྫས་ཀྱི་བདག་དབང་དེ་ཉོ་མཁན་ལ་སྤོ་སྒྱུར་བྱས་ནས་ཉོན་མཁན་གྱིས་དེའི་རིན་སྤྲོད་པའི་གན་རྒྱ་ཡིན། ཉོ་མཁན་གྱིས་རིན་དངུལ་སྐོར་གྱི་གན་རྒྱའི་བཅའ་ཁྲིམས་ནང་ཁ་ཆད་བཞག་པའི་རྒྱུ་ནོར་དེ་དང་བླངས་དང་འབྲེལ་གཏོང་སྤྲོད་བྱ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
买卖合同法
བཀོལ་སྤྱོད་བསླབ་ཚན།
བཅའ་ཁྲིམས།
བཀོལ་སྤྱོད་ཁྱབ་ཁོངས།
གན་རྒྱ།
སྤྱོད་བདེ་བའི་ཁྱབ་ཁོངས་ཀྱི་རྒྱ་ཁྱོན།
དཔལ་འབྱོར།
1       ཉོ་ཚོང་སྐོར་གྱི་གན་རྒྱ།

དོན་ཚན་བརྒྱ་དང་སུམ་ཅུ་པ།    ཉོ་ཚོང་སྐོར་གྱི་གན་རྒྱ་ནི་འཚོང་མཁན་གྱིས་རང་གི་དངོས་རྫས་ཀྱི་བདག་དབང་ཉོ་མཁན་ལ་བསྐོར་ནས་ཉོ་མཁན་གྱིས་དེར་རིན་དངུལ་སྤྲོད་པའི་གན་རྒྱ་ཡིན།

དོན་ཚན་བརྒྱ་དང་སོ་གཅིག་པ།      ཉོ་ཚོང་སྐོར་གྱི་གན་རྒྱའི་ནང་དོན་ནང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གཉིས་པར་གཏན་འབེབས་ལས་གཞན་ད་དུང་ཐུམ་རྒྱག་སྟངས་དང་།   བརྟག་བཤེར་ཚད་གཞི་དང་བྱེད་ཐབས།  མཇུག་རྩིས་རྒྱག་སྟངས།  གན་རྒྱ་འབྲི་བྱེད་ཡིག་རིགས་བཅས་དང་དེའི་བྱེད་ནུས་ལ་སོགས་པའི་དོན་ཚན་ཡང་བཅུག་ཆོག

དོན་ཚན་བརྒྱ་དང་སོ་གཉིས་པ།     འཚོང་རྒྱུའི་དངོས་རྫས་དེ་འཚོང་མཁན་ལ་དབང་བའམ་ཡང་ན་འཚོང་མཁན་ལ་ཐག་གཅོད་བྱེད་དབང་ཡོད་པ་ཞིག་ཡིན་དགོས།

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཞན་ལ་བསྐོར་བ་བཀག་སྡོམ་བྱས་པའམ་ཡང་ན་ཚོད་འཛིན་བྱས་པའི་དངོས་རྫས་རིགས་དེའི་གཏན་འབེབས་ལ་བསྟུན་དགོས།

དོན་ཚན་བརྒྱ་དང་སོ་གསུམ་པ།    དངོས་རྫས་ཀྱི་བདག་དབང་དེ་དངོས་རྫས་དངོས་སུ་སྤྲད་པའི་དུས་ནས་སྤྲོད་དགོས།   འོན་ཀྱང་བཅའ་ཁྲིམས་ནང་གཏན་འབེབས་གཞན་ཡོད་པའམ་ཡང་ན་དོ་བདག་གིས་གྲོས་ཆད་གཞན་བྱས་ཡོད་པའི་རིགས་འདིའི་ཁོངས་སུ་མི་ཚུད།

དོན་ཚན་བརྒྱ་དང་སོ་བཞི་པ།    དོ་བདག་པར་ཉོ་ཚོང་སྐོར་གྱི་གན་རྒྱའི་ནང་ཉོ་མཁན་གྱིས་རིན་དངུལ་མ་སྤྲད་པའམ་ཡང་ན་འོས་འགན་གཞན་དག་མ་བསྒྲུབ་ན་དངོས་རྫས་ཀྱི་བདག་དབང་འཚོང་མཁན་ལ་དབང་བའི་གྲོས་ཆད་བཞག་ཆོག

དོན་ཚན་བརྒྱ་དང་སོ་ལྔ་པ།     འཚོང་མཁན་གྱིས་ཉོ་མཁན་ལ་དངོས་རྫས་སྤྲོད་པའམ་དངོས་རྫས་ལེན་འཛིན་དཔང་ཡིག་སྤྲོད་པ་མ་ཟད་དངོས་རྫས་ཀྱི་བདག་དབང་ཡང་ཉོ་མཁན་སྤོ་རྒྱུར་བྱ་རྒྱུའི་འོས་འགན་བསྒྲུབ་དགོས།

དོན་ཚན་བརྒྱ་དང་སོ་དྲུག་པ།    འཚོང་མཁན་གྱིས་ཁ་ཆད་བཞག་པའམ་ཉོ་ཚོང་གི་གོམས་སྲོལ་ལྟར་ཉོ་མཁན་ལ་དམིགས་བྱའི་དངོས་རྫས་ལེན་བྱེད་ཀྱི་འཛིན་ཤོག་ཕུད་པའི་འབྲེལ་ཡོད་ཀྱི་འཛིན་ཤོག་དང་དཔྱད་གཞིའི་ཡིག་རིགས་སྤྲོད་དགོས།

དོན་ཚན་བརྒྱ་དང་སོ་བདུན་པ།   ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལྡན་པའི་རྩིས་འཁོར་གྱི་མཉེན་ཆས་ལ་སོགས་པའི་དམིགས་བྱའི་དངོས་རྫས་འཚོང་རིགས་བཅའ་ཁྲིམས་ནང་གཏན་འབེབས་གཞན་དག་བྱས་རིགས་སམ་ཡང་ན་དོ་བདག་བར་ཁ་ཆད་གཞན་དག་བཞག་རིགས་ཕུད་དམིགས་བྱའི་དངོས་རྫས་འདིའི་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ཉོ་མཁན་ལ་མི་དབང་། 

དོན་ཚན་བརྒྱ་དང་སོ་བརྒྱད་པ།   འཚོང་མཁན་གྱིས་ཁ་ཆད་བཞག་པའི་དུས་བཀག་ལྟར་དམིགས་བྱའི་དངོས་རྫས་ཉོ་མཁན་ལ་སྤྲོད་དགོས།   དམིགས་བྱའི་དངོས་རྫས་སྤྲོད་རྒྱུའི་དུས་ཚོད་ཁ་ཆད་བཞག་རིགས་འཚོང་མཁན་གྱིས་དུས་ཡུན་དེའི་ནང་ག་དུས་སྤྲད་ནའང་ཆོག  

དོན་ཚན་བརྒྱ་དང་སོ་དགུ་པ།    དོ་བདག་བར་དམིགས་བྱའི་དངོས་རྫས་སྤྲོད་རྒྱུའི་དུས་བཀག་ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་གསལ་བོ་བཞག་མེད་ན།   བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པ་དང་དོན་ཚན་རེ་གཉིས་པའི་ནང་གསེས་དོན་ཚན་བཞི་བའི་གཏན་འབེབས་སྤྱད་འཐུས།

དོན་ཚན་བརྒྱ་དང་བཞི་བཅུ་པ།    དམིགས་བྱའི་དངོས་རྫས་དེ་གན་རྒྱ་མ་བཞག་གོང་ནས་ཉོ་མཁན་གྱིས་བཟུང་ཟིན་པ་ཡིན་ན།   གན་རྒྱར་གོ་ཆོད་པའི་ནུས་པ་ཐོན་པའི་དུས་ཚོད་དེ་དམིགས་བྱའི་དངོས་རྫས་སྤྲོད་པའི་དུས་ཚོད་ནས་བརྩི་དགོས།

དོན་ཚན་བརྒྱ་དང་ཞེ་གཅིག་པ།    འཚོང་མཁན་གྱིས་དོ་བདག་བར་ཁ་ཆད་བཞག་པའི་ས་ཆ་དེར་དམིགས་བྱའི་དངོས་རྫས་སྤྲོད་དགོས།

དོ་བདག་བར་དངོས་རྫས་སྤྲོད་ཡུལ་ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་གསལ་བོ་བཞག་མེད་ཅིང་།   བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པའི་གཏན་འབེབས་གཞིར་བཟུང་ནའང་སྔར་བཞིན་གཏན་ཁེལ་བྱེད་མི་ཐུབ་པ་ཡིན་ན།  གཤམ་གསལ་གྱི་གཏན་འབེབས་སྤྱད་འཐུས།

(གཅིག)དམིགས་བྱའི་དངོས་རྫས་དབོར་འདྲེན་བྱ་དགོས་རིགས་འཚོང་མཁན་གྱིས་དམིགས་བྱའི་དངོས་རྫས་དབོར་འདྲེན་བྱེད་པའི་འགན་འཁུར་མཁན་དང་པོར་རྩིས་སྤྲོད་བྱས་ནས་ཉོ་མཁན་གྱི་ལག་ཏུ་འཕྲོད་ཐབས་བྱ་དགོས་པ་དང་། 

(གཉིས)དམིགས་བྱའི་དངོས་རྫས་དབོར་འདྲེན་བྱ་མི་དགོས་ཤིང་འཚོང་མཁན་དང་ཉོ་མཁན་གྱིས་གན་རྒྱ་འཇོག་སྐབས་དམིགས་བྱའི་དངོས་རྫས་དེ་གང་ན་ཡོད་པ་ཤེས་པ་ཡིན་ན།   འཚོང་མཁན་གྱིས་དམིགས་བྱའི་དངོས་རྫས་དེ་ས་ཆ་དེར་སྤྲོད་དགོས།  དམིགས་བྱའི་དངོས་རྫས་དེ་ཡུལ་གང་ན་ཡོད་པ་མི་ཤེས་པའི་རིགས་འཚོང་མཁན་གྱིས་གན་རྒྱ་འཇོག་སྐབས་ཚོང་གཉེར་བྱེད་ས་དེར་དམིགས་བྱའི་དངོས་རྫས་ཉོ་མཁན་ལ་སྤྲོད་དགོས།

དོན་ཚན་བརྒྱ་དང་ཞེ་གཉིས་པ།     དམིགས་བྱའི་དངོས་རྫས་ཆག་སྐྱོན་བྱུང་བ་དང་རྩ་བརླག་ཏུ་སོང་བའི་ཉེན་འགན་དམིགས་བྱའི་དངོས་རྫས་མ་སྤྲད་གོང་ལ་འཚོང་མཁན་གྱིས་འཁུར་རྒྱུ་དང་།  རྩིས་སྤྲོད་བྱས་པའི་རྗེས་སུ་ཉོ་མཁན་གྱིས་འཁུར་རྒྱུ།  འོན་ཀྱང་བཅའ་ཁྲིམས་ནང་གཏན་འབེབས་གཞན་དག་བྱས་རིགས་སམ་ཡང་ན་དོ་བདག་བར་ཁ་ཆད་གཞན་དག་བཞག་རིགས་འདིར་ཚུད་མེད།

དོན་ཚན་བརྒྱ་དང་ཞེ་གསུམ་པ།   ཉོ་མཁན་གྱི་དབང་གིས་དམིགས་བྱའི་དངོས་རྫས་དེ་ཁ་ཆད་བཞག་པའི་དུས་བཀག་ལྟར་རྩིས་སྤྲོད་བྱེད་མ་ཐུབ་ན།  ཉོ་མཁན་གྱིས་ཁ་ཆད་དང་འགལ་བའི་ཉིན་ནས་དམིགས་བྱའི་དངོས་རྫས་ཆག་སྐྱོན་བྱུང་བ་དང་རྩ་བརླག་ཏུ་སོང་བའི་ཉེན་འགན་འཁུར་དགོས།

དོན་ཚན་བརྒྱ་དང་ཞེ་བཞི་པ།     འཚོང་མཁན་གྱིས་དབོར་འདྲེན་བྱེད་འགན་འཁུར་མཁན་ལ་དབོར་འདྲེན་བྱ་རྒྱུ་སྤྲད་པའི་ལམ་བར་དབོན་འདྲེན་བྱེད་བཞིན་པའི་དམིགས་བྱའི་དངོས་རྫས་ཕྱིར་འཚོང་བྱས་རིགས་དོ་བདག་བར་ཁ་ཆད་གཞན་དག་བཞག་ཡོད་དུས།   ཆག་སྐྱོན་བྱུང་བ་དང་རྩ་བརླག་ཏུ་སོང་བའི་ཉེན་འགན་གན་རྒྱ་འཇོག་པའི་དུས་ནས་བཟུང་ཉོ་མཁན་གྱིས་འཁུར་རྒྱུ།

དོན་ཚན་བརྒྱ་དང་ཞེ་ལྔ་པ།   དོ་བདག་པར་རྩིས་སྤྲོད་བྱ་ཡུལ་ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་གསལ་བོ་བཞག་མེད་པའི་རིགས་བཅའ་ཁྲིམས་འདིའི་དོན་ཚན་བརྒྱ་དང་ཞེ་གཅིག་པའི་ནང་གསེས་དོན་ཚན་གཉིས་པའི་ཚན་པ་དང་པོའི་གཏན་འབེབས་ལྟར་དམིགས་བྱའི་དངོས་རྫས་དབོར་འདྲེན་བྱ་དགོས་རིགས་འཚོང་མཁན་གྱིས་དམིགས་བྱའི་དངོས་རྫས་དེ་དབོར་འདྲེན་བྱེད་འགན་འཁུར་མཁན་དང་པོར་རྩིས་སྤྲོད་བྱས་པའི་རྗེས་དམིགས་བྱའི་དངོས་རྫས་ཆག་སྐྱོན་བྱུང་བ་དང་རྩ་བརླག་ཏུ་སོང་བའི་ཉེན་འགན་ཉོ་མཁན་གྱིས་འཁུར་རྒྱུ།

དོན་ཚན་བརྒྱ་དང་ཞེ་དྲུག་པ།    ཁ་ཆད་བཞག་པའམ་ཡང་ན་བཅའ་ཁྲིམས་འདིའི་དོན་ཚན་བརྒྱ་དང་ཞེ་གཅིག་པའི་ནང་གསེས་དོན་ཚན་གཉིས་པའི་ཡང་ཚན་གཉིས་པའི་གཏན་འབེབས་ལྟར་འཚོང་མཁན་གྱིས་དམིགས་བྱའི་དངོས་རྫས་རྩིས་སྤྲོད་བྱེད་ཡུལ་དུ་བཞག་རུང་ཉོ་མཁན་གྱིས་ཁ་ཆད་བཞག་དོན་དང་འགལ་ནས་རྩིས་ལེན་མ་བྱས་ན།   དམིགས་བྱའི་དངོས་རྫས་ཆག་སྐྱོན་བྱུང་བ་དང་བརླག་ཏུ་སོང་བའི་ཉེན་འགན་ཁ་ཆད་དང་འགལ་བའི་ཉིན་ནས་ཉོ་མཁན་གྱིས་འཁུར་རྒྱུ།

དོན་ཚན་བརྒྱ་དང་ཞེ་བདུན་པ།    འཚོང་མཁན་གྱིས་ཁ་ཆད་བཞག་པ་ལྟར་དམིགས་བྱའི་དངོས་རྫས་དང་འབྲེལ་བའི་འཛིན་ཤོག་དང་དཔྱད་གཞིའི་ཡིག་རིགས་རྩིས་སྤྲོད་མ་བྱས་རིགས།   དམིགས་བྱའི་དངོས་རྫས་ཆག་སྐྱོན་བྱུང་བ་དང་རྩ་བརླག་ཏུ་སོང་བའི་ཉེན་འགན་སྤོ་སྒྱུར་བྱ་རྒྱུའི་འགོག་རྐྱེན་དུ་མི་འགྱུར།

དོན་ཚན་བརྒྱ་དང་ཞེ་བརྒྱད་པ།    དམིགས་བྱའི་དངོས་རྫས་ཀྱི་སྤུས་ཚད་ཚད་ལྡན་མིན་པའི་དབང་གིས་གན་རྒྱའི་དམིགས་ཡུལ་མངོན་འགྱུར་བྱེད་ཐབས་བྲལ་བ་ཡིན་ན། ཉོ་མཁན་གྱིས་དམིགས་བྱའི་དངོས་རྫས་རྩིས་ལེན་བྱེད་པའམ་ཡང་ན་གན་རྒྱ་ཕྱིར་འཐེན་བྱས་ཆོག    ཉོ་མཁན་གྱིས་དམིགས་བྱའི་དངོས་རྫས་རྩིས་ལེན་མི་བྱེད་པའམ་ཡང་ན་གན་རྒྱ་ཕྱིར་འཐེན་བྱས་ཚེ།   དམིགས་བྱའི་དངོས་རྫས་ཆག་སྐྱོན་བྱུང་བ་དང་རྩ་བརླག་ཏུ་སོང་བའི་ཉེན་འགན་འཚོང་མཁན་གྱིས་འཁུར་རྒྱུ།

དོན་ཚན་བརྒྱ་དང་ཞེ་དགུ་པ།   དམིགས་བྱའི་དངོས་རྫས་ཆག་སྐྱོན་བྱུང་བ་དང་རྩ་བརླག་ཏུ་སོང་བའི་ཉེན་འགན་ཉོ་མཁན་གྱིས་འཁུར་རིགས་ནི་འཚོང་མཁན་གྱིས་བུ་ལོན་འཇལ་ཚུལ་ཁ་ཆད་བཞག་དོན་དང་མི་མཐུན་པའི་དབང་གིས་ཉོ་མཁན་གྱིས་དེར་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས་པའི་བླང་བྱ་འདོན་དབང་ལ་མི་གནོད།

དོན་ཚན་བརྒྱ་དང་ལྔ་བཅུ་པ།   འཚོང་མཁན་གྱིས་རྩིས་སྤྲོད་བྱས་པའི་དམིགས་བྱའི་དངོས་རྫས་ཐད་མི་གསུམ་པས་ཉོ་མཁན་ལ་ཁེ་དབང་གང་རུང་ལོངས་སྤྱོད་བྱ་རྒྱུའི་འདོད་ཚུལ་འདོན་དུ་མི་འཇུག་པའི་འགན་ལེན་བྱ་དགོས་པའི་འོས་འགན་ཡོད།   འོན་ཀྱང་བཅའ་ཁྲིམས་ནང་གཏན་འབེབས་གཞན་དག་བྱས་ཡོད་པ་འདིའི་ཁོངས་སུ་མི་ཚུད།

དོན་ཚན་བརྒྱ་དང་ལྔ་གཅིག་པ།     ཉོ་མཁན་གྱི་གན་རྒྱ་འཇོག་སྐབས་མི་གསུམ་པར་ཚོང་བྱེད་པའི་དམིགས་བྱའི་དངོས་རྫས་ལོངས་སུ་སྤྱོད་རྒྱུའི་དབང་ཆ་ཡོད་པ་ཤེས་བའམ་ཡང་ན་ཤེས་དགོས་རིགས་ལ་འཚོང་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་བརྒྱ་དང་ལྔ་བཅུ་པའི་ནང་གཏན་ལ་ཕབ་པའི་འོས་འགན་མི་འཁུར།  

དོན་ཚན་བརྒྱ་དང་ང་གཉིས་པ།   ཉོ་མཁན་ལ་མི་གསུམ་པས་དམིགས་བྱའི་དངོས་རྫས་ཐད་ཁེ་དབང་འཛིན་རྒྱུའི་འདོད་ཚུལ་འདོན་སྲིད་པའི་ར་སྤྲོད་བྱ་རྒྱུའི་དཔང་རྟགས་ཁུངས་བཙུན་ཡོད་ན་བབ་མཚུངས་ཀྱི་རིན་དངུལ་སྤྲོད་མཚམ་བཞག་ཆོག   འོན་ཀྱང་དེར་འཚོང་མཁན་གྱིས་འགན་ལེན་འོས་འཚམས་བྱས་རིགས་འདིའི་ཁོངས་སུ་ཚུད་མེད།

དོན་ཚན་བརྒྱ་དང་ང་གསུམ་པ།    འཚོང་མཁན་གྱིས་ཁ་ཆད་བཞག་པའི་སྤུས་ཚད་ལྟར་དམིགས་བྱའི་དངོས་རྫས་རྩིས་སྤྲོད་བྱ་དགོས།    འཚོང་མཁན་གྱིས་དམིགས་བྱའི་དངོས་རྫས་ཀྱི་སྤུས་ཚད་སྐོར་གྱི་གསལ་བཤད་འདོན་སྤྲོད་བྱས་ཚེ།    རྩིས་སྤྲོད་བྱ་རྒྱུའི་དམིགས་བྱའི་དངོས་རྫས་ཀྱི་སྤུས་ཚད་གསལ་བཤད་འདིའི་ནང་འཁོད་པའི་སྤུས་ཚད་དང་མཐུན་དགོས།

དོན་ཚན་བརྒྱ་དང་ང་བཞི་པ།    དམིགས་བྱའི་དངོས་རྫས་ཀྱི་སྤུས་ཚད་སྐོར་དོ་བདག་བར་ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་གསལ་བོ་བཞག་མེད་ཅིང་། བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པའི་གཏན་འབེབས་གཞིར་བཟུང་ནའང་སྔར་བཞིན་གཏན་ཁེལ་བྱེད་མ་ཐུབ་ན།   བཅའ་ཁྲིམས་འདིའི་དོན་ཚན་རེ་གཉིས་པའི་ཡང་ཚན་དང་པོའི་གཏན་འབེབས་སྤྱད་འཐུས།

དོན་ཚན་བརྒྱ་དང་ང་ལྔ་པ།     འཚོང་མཁན་གྱིས་རྩིས་སྤྲོད་བྱས་པའི་དམིགས་བྱའི་དངོས་རྫས་ཀྱི་སྤུས་ཚད་ཚད་གཞིར་ལོངས་མེད་ན།   ཉོ་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་བརྒྱ་གཅིག་པའི་གཏན་འབེབས་ལྟར་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས་པའི་བླང་བྱ་བཏོན་ཆོག

དོན་ཚན་བརྒྱ་དང་ད་དྲུག་པ།    འཚོང་མཁན་གྱིས་ཁ་ཆད་བཞག་པའི་ཐུན་སྒྲིལ་བྱེད་སྟངས་ལྟར་དམིགས་བྱའི་དངོས་རྫས་རྩིས་སྤྲོད་བྱ་དགོས།    ཐུམ་སྒྲིལ་རྒྱག་སྟངས་སྐོར་ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་གསལ་བོ་བཞག་མེད་ཅིང་།   བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པའི་གཏན་འབེབས་གཞིར་བཟུང་ནའང་ད་དུང་གཏན་ཁེལ་བྱེད་མ་ཐུབ་ན།  རྒྱུན་ལྡན་གྱི་རྒྱག་སྟངས་ལྟར་ཐུམ་སྒྲིལ་རྒྱག་དགོས།   དེའི་ཐད་གལ་ཏེ་རྒྱུན་ལྡན་གྱི་ཐུམ་སྒྲིལ་རྒྱག་སྟངས་ཀྱང་མེད་ན།   དམིགས་བྱའི་དངོས་རྫས་ཆག་གྲུམ་མི་ཡོང་བ་བྱེད་ཐུབ་ངེས་ཡིན་པའི་ཐུམ་སྒྲིལ་རྒྱག་སྟངས་ལག་བསྟར་བྱ་དགོས།

དོན་ཚན་བརྒྱ་དང་ང་བདུན་པ།   ཉོ་མཁན་གྱིས་དམིགས་བྱའི་དངོས་རྫས་འབྱོར་སྐབས་ཁ་ཆད་བཞག་པའི་ཞིབ་བཤེར་བྱ་རྒྱུའི་དུས་ཡུན་ནང་ཞིབ་བཤེར་བྱ་དགོས།  ཞིབ་བཤེར་བྱ་རྒྱུའི་དུས་ཚོད་ཁ་ཆད་བཞག་མེད་རིགས་དུས་ཐོག་ཏུ་ཞིབ་བཤེར་བྱ་དགོས།

དོན་ཚན་བརྒྱ་དང་ང་བརྒྱད་པ།   དོ་བདག་པར་ཞིབ་བཤེར་བྱ་རྒྱུའི་དུས་ཚོད་ཁ་ཆད་བཞག་རིགས།   ཞིབ་བཤེར་བྱ་རྒྱུའི་དུས་ཚོད་ནང་ཉོ་མཁན་གྱིས་དམིགས་བྱའི་དངོས་རྫས་ཀྱི་གྲངས་འབོར་རམ་སྤུས་ཚད་ཁ་ཆད་བཞག་པ་དང་མི་མཐུན་པའི་གནས་ཚུལ་འཚོང་མཁན་ལ་བརྡ་ཐོ་གཏོང་དགོས།    ཉོ་མཁན་གྱིས་བརྡ་ཐོ་གཏོང་རྒྱུ་སྒྱིད་ལུག་བྱས་ན།   དམིགས་བྱའི་དངོས་རྫས་ཀྱི་གྲངས་བྱའི་དངོས་རྫས་ཀྱི་གྲངས་འབོར་རམ་སྤུས་ཚད་ཁ་ཆད་བཞག་པ་དང་མཐུན་པར་བརྩི་རྒྱུ།

དོ་བདག་བར་ཞིབ་བཤེར་བྱ་རྒྱུའི་དུས་ཚོད་ཁ་ཆད་བཞག་མེད་ན།  ཉོ་མཁན་གྱིས་དམིགས་བྱའི་དངོས་རྫས་ཀྱི་གྲངས་འབོར་རམ་སྤུས་ཚད་ཁ་ཆད་དང་མི་མཐུན་པ་ཤེས་པའམ་གཤེས་དགོས་པའི་ལུགས་དང་མཐུན་པའི་དུས་ཚོད་ནང་འཚོང་མཁན་ལ་བརྡ་ཐོ་གཏོང་དགོས།   ཉོ་མཁན་གྱིས་ལུགས་མཐུན་གྱི་དུས་ཚོད་ནང་བརྡ་ཐོ་མ་བཏང་བའམ་ཡང་ན་དམིགས་བྱའི་དངོས་རྫས་འབྱོར་ཉིན་ནས་བཟུང་བའི་དུས་ཚོད་ལོ་གཉིས་ཀྱི་ནང་ཚུན་དུ་འཚོང་མཁན་ལ་བརྡ་ཐོ་མ་བཏང་ན།   དམིགས་བྱའི་དངོས་རྫས་ཀྱི་གྲངས་འབོར་རམ་སྤུས་ཚད་ཁ་ཆད་བཞག་པ་དང་མཐུན་པར་བརྩི་རྒྱུ།   འོན་ཀྱང་དམིགས་བྱའི་དངོས་རྫས་ཀྱི་སྤུས་ཀ་དག་པའི་ཁག་ཐེག་བྱེད་ཡུན་ཡོད་ན།   སྤུས་ཀ་དག་པའི་ཁག་ཐེག་བྱེད་ཡུན་སྤྱད་འཐུས་པ་ལ་ལས་གོང་གསལ་ལོ་གཉིས་ཀྱི་གཏན་འབེབས་འདི་སྤྱོད་མི་འཐུས།

འདོན་སྤྲོད་བྱས་པའི་དམིགས་བྱའི་དངོས་རྫས་དེ་ཁ་ཆད་བཞག་དོན་དང་མི་མཐུན་པ་འཚོང་མཁན་གྱིས་ཤེས་པའམ་ཡང་ན་ཤེས་དགོས་རིགས་ཉོ་མཁན་གྱིས་གོང་གསལ་ནང་གསེས་དོན་ཚན་གཉིས་ནང་གཏན་ལ་ཕབ་པའི་བརྡ་ཐོ་གཏོང་དགོས་པའི་དུས་ཚོད་ཀྱི་ཚོད་འཛིན་དང་ལེན་བྱ་མི་དགོས།

དོན་ཚན་བརྒྱ་དང་ང་དགུ་པ།    ཉོ་མཁན་གྱིས་ཁ་ཆད་བཞག་པའི་གྲངས་ཚད་ལྟར་རིན་དངུལ་སྤྲོད་དགོས།   རིན་དངུལ་སྐོར་ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་གསལ་བོ་བཞག་མེད་རིགས་ལ་བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པ་དང་དོན་ཚན་རེ་གཅིག་པ་དང་དོན་ཚན་རེ་གཉིས་པའི་ཡང་ན་ཚན་གཉིས་པའི་གཏན་འབེབས་སྤྱད་འཐུས།

དོན་ཚན་བརྒྱ་དང་དྲུག་ཅུ་པ།    ཉོ་མཁན་གྱིས་ཁ་ཆད་བཞག་པའི་ས་ཆར་རིན་དངུལ་སྤྲོད་དགོས།   རིན་དངོས་སྤྲོད་ས་ཁད་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་གསལ་བོ་བཞག་མེད་ཅིང་།    བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པའི་གཏན་འབེབས་གཞིར་བཟུང་ནའང་སྔར་བཞིན་གཏན་ཁེལ་བྱེད་མ་ཐུབ་ན།   ཉོ་མཁན་གྱིས་འཚོང་མཁན་གྱི་ཚོང་གཉེར་བྱེད་སར་རིན་དངུལ་སྤྲོད་དགོས།   འོན་ཀྱང་དམིགས་བྱའི་དངོས་རྫས་སྤྲོད་རྒྱུའམ་དམིགས་བྱའི་དངོས་རྫས་ལེན་བྱེད་ཀྱི་འཛིན་ཤོག་སྤྲོད་རྒྱུ།   རིན་དངུལ་སྤྲོད་པའི་ཆ་རྐྱེན་བྱ་རྒྱུའི་ཁ་ཆད་བཞག་རིགས་དམིགས་བྱའི་དངོས་རྫས་སྤྲོད་པའམ་དམིགས་བྱའི་དངོས་རྫས་ལེན་བྱེད་ཀྱི་འཛིན་ཤོག་སྤྲོད་ས་དེར་སྤྲོད་རྒྱུ།

དོན་ཚན་བརྒྱ་དང་རེ་གཅིག་པ།   ཉོ་མཁན་གྱིས་ཁ་ཆད་བཞག་པའི་དུས་ཚོད་ལྟར་རིན་དངུལ་སྤྲོད་དགོས།   རིན་དངོས་སྤྲོད་པའི་དུས་ཚོད་ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་གསལ་བོ་བཞག་མེད་ཅིང་།   བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པའི་གཏན་འབེབས་གཞིར་བཟུང་ནའང་སྔར་བཞིན་གཏན་ཁེལ་བྱེད་མ་ཐུབ་ན།    ཉོ་མཁན་གྱིས་དམིགས་བྱའི་དངོས་རྫས་ལག་འབྱོར་བྱུང་བའམ་ཡང་ན་དམིགས་བྱའི་དངོས་རྫས་ལེན་བྱེད་ཀྱི་འཛིན་ཤོག་ལེན་པ་དང་དུས་མཚུངས་སུ་རིན་དངུལ་སྤྲོད་དགོས།

དོན་ཚན་བརྒྱ་དང་རེ་གཉིས་པ།    འཚོང་མཁན་གྱིས་དམིགས་བྱའི་དངོས་རྫས་འཐོལ་པ་སྤྲད་ན་ཉོ་མཁན་གྱིས་འཐོལ་པ་དེ་བླངས་ན་ཆོག་ལ་མ་བླངས་ནའང་ཆོག    ཉོ་མཁན་གྱིས་འཐོལ་པ་སྤྲད་པ་དེ་བླངས་ན་གན་རྒྱའི་ནང་གཏན་ལ་ཁེལ་བའི་རིན་གོང་ལྟར་རིན་དངུལ་སྤྲོད་དགོས།   ཉོ་མཁན་གྱིས་འཐོལ་པ་དེ་རྣམས་མ་བླངས་ན་འཚོང་མཁན་ལ་དུས་ཐོག་ཏུ་བརྡ་ཐོ་གཏོང་དགོས།  

དོན་ཚན་བརྒྱ་དང་རེ་གསུམ་པ།     དམིགས་བྱའི་དངོས་རྫས་རྩིས་སྤྲོད་མ་བྱས་གོང་དུ་སྐྱེད་འཕེལ་བྱུང་བ་རྣམས་འཚོང་མཁན་ལ་དབང་རྒྱུ།   རྩིས་སྤྲོད་བྱས་རྗེས་སྐྱེད་འཕེལ་བྱུང་བ་རྣམས་ཉོ་མཁན་ལ་དབང་རྒྱུ།

དོན་ཚན་བརྒྱ་དང་རེ་བཞི་པ།    དམིགས་བྱའི་དངོས་རྫས་གཙོ་བོ་ཁ་ཆད་བཞག་དོན་དང་མི་མཐུན་པའི་དདབང་གིས་གན་རྒྱ་ཕྱིར་འཐེན་བྱས་ན།   གན་རྒྱ་ཕྱིར་འཐེན་བྱེད་པའི་ནུས་པ་དང་དངོས་རྫས་ཀྱི་ཆ་ལག་ལ་ཆབས་སྦྲགས་སུ་ཐོན་རྒྱུ།     དམིགས་བྱའི་དངོས་རྫས་ཀྱི་ཆ་ལག་ཁ་ཆད་བཞག་དོན་དང་མི་མཐུན་པའི་དབང་གིས་ཕྱིར་འཐེན་བྱ་ཡུལ་དུ་གྱུར་ན།    ཕྱིར་འཐེན་བྱེད་པའི་ནུས་པ་དམིགས་བྱའི་དངོས་རྫས་གཙོ་བོ་དང་ཆབས་སྦྲགས་སུ་མི་ཐོན་རྒྱུ།

དོན་ཚན་བརྒྱ་དང་རེ་ལྔ་པ།    དམིགས་བྱའི་དངོས་རྫས་ཁ་ཤས་ཡིན་ཞིང་།     དེའི་ནང་དངོས་རྫས་གཅིག་ཁ་ཆད་བཞག་དོན་དང་མཐུན་ན་ཉོ་མཁན་གྱིས་དངོས་རྫས་དེ་ཕྱིར་འཐེན་བྱས་ཆོག    འོན་ཀྱང་དངོས་རྫས་དེ་དངོས་རྫས་གཞན་དག་དང་ཁ་བྲལ་བ་ལས་དམིགས་བྱའི་དངོས་རྫས་ཀྱི་རིན་ཐང་ལ་གནོད་སྐྱོན་མངོན་གསལ་བྱུང་ན།   དོ་བདག་གིས་དངོས་རྫས་ཁ་ཤས་སྐོར་གྱི་གན་རྒྱ་ཕྱིར་འཐེན་བྱས་ཆོག 

དོན་ཚན་བརྒྱ་དང་རེ་དྲུག་པ།    འཚོང་མཁན་གྱིས་དམིགས་བྱའི་དངོས་རྫས་ཁག་བགོས་ཀྱིས་རྩིས་སྤྲོད་བྱེད་རིགས་འཚོང་མཁན་གྱིས་དམིགས་བྱའི་དངོས་རྫས་ནང་ནས་ཁག་གཅིག་རྩིས་སྤྲོད་མི་བྱེད་པའམ་ཡང་ན་རྩིས་སྤྲོད་བྱེད་ཚུལ་ཁ་ཆད་བཞག་པ་དང་མི་མཐུན་པའི་རྐྱེན་གྱིས་དམིགས་བྱའི་དངོས་རྫས་ཁག་དེའི་གན་རྒྱའི་དམིགས་ཡུལ་མངོན་འགྱུར་བྱེད་མི་ཐུབ་པ་ཡིན་ཕྱིན་ཉོ་མཁན་གྱིས་དམིགས་བྱའི་དངོས་རྫས་ཁག་དེ་ཉིད་ཕྱིར་འཐེན་བྱས་ཆོག 

འཚོང་མཁན་གྱིས་དམིགས་བྱའི་དངོས་རྫས་ནང་ནས་ཁག་གཅིག་རྩིས་སྤྲོད་མི་བྱེད་པའམ་ཡང་ན་རྩིས་སྤྲོད་བྱེད་ཚུལ་ཁ་ཆད་བཞག་པ་དང་མི་མཐུན་པའི་དབང་གིས་ཕྱིན་ཆད་དམིགས་བྱའི་དངོས་རྫས་ཁག་གཞན་རྣམས་དང་རྩིས་སྤྲོད་བྱེད་སྐབས་གན་རྒྱའི་དམིགས་ཡུལ་མངོན་འགྱུར་བྱེད་མི་ཐུབ་པ་ཡིན་ཕྱིན་ཉོ་མཁན་གྱིས་དམིགས་བྱའི་དངོས་རྫས་ཁག་དེ་དང་དེ་བཞིན་ཕྱིན་ཆད་གྱི་དམིགས་བྱའི་དངོས་རྫས་ཁག་གཞན་དག་ཚང་མ་ཕྱིར་འཐེན་བྱས་ཆོག

ཉོ་མཁན་གྱིས་གལ་ཏེ་དམིགས་བྱའི་དངོས་རྫས་ནང་ནས་ཁག་གཅིག་ཕྱིར་འཐེན་བྱེད་ཅིང་།   དམིགས་བྱའི་དངོས་རྫས་ཁག་དེ་ཉིད་དང་དམིགས་བྱའི་དངོས་རྫས་ཁག་གཞན་དག་བར་ཕན་ཚུན་བརྟེན་གནས་བྱེད་པ་ཡིན་ན་རྩིས་སྤྲོད་བྱས་ཟིན་པ་དང་རྩིས་སྤྲོད་བྱས་མེད་པའི་དམིགས་བྱའི་དངོས་རྫས་ཁག་རྣམས་ཕྱིར་འཐེན་བྱས་ཆོག

དོན་ཚན་བརྒྱ་དང་རེ་བདུན་པ།     རིན་དངུལ་དུས་བགོས་ཀྱིས་རྩིས་སྤྲོད་བྱེད་པའི་ཉོ་མཁན་གྱིས་དུས་བཀག་ཐིམ་པའི་རིན་དངུལ་རྩིས་སྤྲོད་མ་བྱས་པའི་དངུལ་གྲངས་དེ་རིན་དངུལ་བསྡོམས་འབོར་གྱི་ལྔ་ཆའི་གཅིག་ཟིན་ན།   འཚོང་མཁན་གྱིས་ཉོས་མཁན་ནས་རིན་དངུལ་ཡོངས་རྫོགས་སྤྲོད་རྒྱུའམ་ཡང་ན་གན་རྒྱ་ཕྱིར་འཐེན་བྱ་རྒྱུའི་བླང་བྱ་བཏོན་ཆོག 

འཚོང་མཁན་གྱིས་གན་རྒྱ་ཕྱིར་འཐེན་བྱས་ན།  དམིགས་བྱའི་དངོས་རྫས་དེ་དག་གི་བེད་སྤྱོད་བྱེད་དངུལ་སྤྲོད་རྒྱུའི་བླང་བྱ་ཉོ་མཁན་ལ་བཏོན་ཆོག  

དོན་ཚན་བརྒྱ་དང་རེ་བརྒྱད་པ།     དཔེ་མཚོན་ཐོན་རྫས་ལ་བརྟེན་ནས་ཉོ་ཚོང་བྱེད་མཁན་དོ་བདག་གིས་དཔེ་མཚོན་ཐོན་རྫས་བཀག་སྡོམ་ཉར་ཚགས་བྱ་དགོས་པ་མ་ཟད་དཔེ་མཚན་ཐོན་རྫས་ཀྱི་སྤུས་ཀའི་སྐོར་གསལ་བཤད་བྱས་ཆོག   འཚོང་མཁན་གྱིས་རྩིས་སྤྲོད་བྱེད་པའི་དམིགས་བྱའི་དངོས་རྫས་དེ་དག་དཔེ་མཚོན་ཐོན་རྫས་དང་དེའི་གསལ་བཤད་ཀྱི་སྤུས་ཚད་དང་གཅིག་མཚུངས་ཡིན་དགོས། 

དོན་ཚན་བརྒྱ་དང་རེ་དགུ་པ།   དཔེ་མཚོན་ཐོན་རྫས་ལ་བརྟེན་ནས་ཉོ་ཚོང་བྱེད་མཁན་ཉོ་མཁན་གྱིས་དཔེ་མཚོན་ཐོན་རྫས་ལ་མི་མངོན་པའི་སྐྱོན་ཡོད་པ་མ་ཤེས་ན།   རྩིས་སྤྲོད་བྱས་པའི་དམིགས་བྱའི་དངོས་རྫས་དེ་དཔེ་མཚོན་ཐོན་རྫས་དང་གཅིག་མཚུངས་ཡིན་ནའང་འཚོང་མཁན་གྱིས་རྩིས་སྤྲོད་བྱེད་པའི་དམིགས་བྱའི་དངོས་རྫས་ཀྱི་སྤུས་ཚད་ཀྱང་རིགས་མཚུངས་དངོས་རྫས་ཀྱི་རྒྱུན་ལྡན་ཚད་གཞི་དང་མཐུན་དགོས།

དོན་ཚན་བརྒྱ་དང་བདུན་ཅུ་པ།      ཚོད་སྤྱོད་ཀྱི་ཉོ་ཚོང་བྱེད་མཁན་དོ་བདག་གིས་དམིགས་བྱའི་དངོས་རྫས་ཚོད་སྤྱོད་བྱ་རྒྱུའི་དུས་ཚོད་ཁ་ཆད་བཞག་ཆོག   ཚོད་སྤྱོད་ཀྱི་དུས་ཚོད་ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་ངེས་གསལ་བཞག་མེད་ཅིང་།    བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པའི་གཏན་འབེབས་ལ་གཞིགས་ཀྱང་གཏན་ཁེལ་བྱེད་མ་ཐུབ་ན་འཚོང་མཁན་གྱིས་གཏན་འབེབས་བྱ་རྒྱུ། 

དོན་ཚན་བརྒྱ་དང་དོན་གཅིག་པ།    ཚོད་སྤྱོད་ཀྱི་ཉོ་ཚོང་བྱེད་མཁན་གྱིས་ཚོད་སྤྱོད་བྱེད་ཡུན་ནང་དམིགས་བྱའི་དངོས་རྫས་ཉོ་སྒྲུབ་མ་བྱས་ནའང་འགྲིག    ཚོད་སྤྱོད་དུས་ཡུན་ཟིན་ནས་ཉོ་མཁན་གྱིས་དམིགས་བྱའི་དངོས་རྫས་ཉོ་སྒྲུབ་བྱེད་མིན་མ་བཤད་ན།  ཉོ་སྒྲུབ་བྱས་པར་བརྩི་རྒྱུ། 

དོན་ཚན་བརྒྱ་དང་དོན་གཉིས་པ།   སྒྲུབ་འགན་འཁུར་མཁན་འགུགས་པ་དང་སྒྲུབ་འགན་སྤྲོད་ལེན་ཉོ་ཚོང་བྱེད་མཁན་དོ་བདག་གི་ཁེ་དབང་དང་འོས་འགན་དང་།  

དེ་བཞིན་སྒྲུབ་འགན་འཁུར་འགུགས་པ་དང་སྒྲུབ་འགན་སྤྲོད་ལེན་བྱེད་པའི་གོ་རིམ་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་ལྟར་བྱ་རྒྱུ།

དོན་ཚན་བརྒྱ་དང་དོན་གསུམ་པ།       ཕམ་ཚོང་རྒྱག་མཁན་དོ་བདག་གི་ཁེ་དབང་དང་འོས་འགན་དང་དེ་བཞིན་ཕམ་ཚོང་རྒྱུའི་གོ་རིམ་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་བྱ་རྒྱུ།

དོན་ཚན་བརྒྱ་དང་དོན་བཞི་པ།     རིན་དོད་ཡོད་པའི་གན་རྒྱ་གཞན་པར་བཅའ་ཁྲིམས་ཐོག་གཏན་འབེབས་བྱས་ཡོད་ན།   གཏན་འབེབས་དེ་ལྟར་བྱ་རྒྱུ།   གཏན་འབེབས་བྱས་མེད་ན།   ཉོ་ཚོང་སྐོར་གྱི་གན་རྒྱའི་འབྲེལ་ཡོད་གཏན་འབེབས་དཔྱད་གཞིར་འཛིན་རྒྱུ། 

དོན་ཚན་བརྒྱ་དང་ལྔ་པ།    དོ་བདག་བར་ཚོང་ཟོག་བརྗེ་རེས་ཀྱིས་ཉོ་ཚོང་བྱ་རྒྱུ་དང་།   དམིགས་བྱའི་དངོས་རྫས་ཀྱི་བདག་དབང་སྤོ་སྒྱུར་བྱ་རྒྱུའི་ཁ་ཆད་བཞག་རིགས་ཉོ་ཚོང་སྐོར་གྱི་གན་རྒྱའི་འབྲེལ་ཡོད་གཏན་འབེབས་དཔྱད་གཞིར་འཛིན་རྒྱུ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།