མི་རིགས་རང་སྐྱོང་བཅའ་ཁྲིམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་རིགས་རང་སྐྱོང་བཅའ་ཁྲིམས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་འདི་ནི་རྩ་ཁྲིམས་ནང་གསལ་གཏན་འབེབས་ལྟར་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་ལག་ལེན་དངོས་སུ་བསྟར་བའི་གཞི་རྩའི་བཅའ་ཁྲིམས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国民族区域自治法
ཁྱབ་སྤེལ་སྡེ་ཁག
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
བཟོ་བཅོས་དུས་ཚོད།
སྤྱི་ལོ1984ལོའི་ཟླ5པའི་ཚེས31ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ1984ལོའི་ཟླ10བའི་ཚེས1ཉིན།
1 མི་རིགས་ས་ཁོངས་རང་སྐྱོང་གི་གོ་དོན་མདོར་བསྡུས།

རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་།  ལམ་ལུགས་རྐྱང་པའི་འོག་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་རོགས་ལས་མངོན་འགྱུར་ཡོང་ཆེད་རྒྱལ་ཁབ་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱ་རྒྱུ་དེ་མི་རིགས་ཀྱི་གནད་དོན་དང་མི་རིགས་ཀྱི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་བའི་ཚབ་སྲིད་ཀྱི་ལམ་ལུགས་སུ་བརྩི་བཞིན་ཡོད།    མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་གཅིག་གྱུར་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་ས་རྨང་གཞི་ནས་དེ་མཚུངས་ཀྱི་རང་སྐྱོང་ས་གནས་དང་རང་སྐྱོང་ལས་ཁུངས་བཙུགས་ཏེ་རང་སྐྱོང་བྱེད་དབང་སྤྱད་ནས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་མཁན་ནི་མི་རིགས་དེའི་མི་དམངས་ཡིན་པ་དང་།   ཁཁོ་ཚོེ་རང་ཁྱིམ་རང་བདག་དང་མི་རིགས་ནང་ཁུལ་གྱི་ས་གནས་རང་བཞིན་ལས་ཀར་དོ་དམ་བྱ་རྒྱུའི་དབང་ཆ་མངོན་ཡོད་པ་མ་ཟད།   མི་རིགས་ཁག་གི་རང་སྐྱོང་ས་གནས་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་འབྲལ་མི་རུང་བའི་སའི་ཆ་ཤས་ཡིན།   དེ་ལ་ནང་དོན་གྱི་ཆ་ནས་ཕྱོགས་གསུམ་དུ་དབྱེ་ཆོག  

(1) མི་རིགས་རང་སྐྱོང་ས་གནས་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གི་སྲིད་འཛིན་ས་ཁོངས་དང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་འབྲལ་མི་རུང་བའི་གྲུབ་ཆ་ཡིན་པ་དང་།  མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་འོག་གི་ས་གནས་སྲིད་གཞུང་གི་རིམ་པ་ཞིག་ཡིན།  མི་རིགས་རང་སྐྱོང་ས་གནས་ནི་གཅིག་གྱུར་གྱི་རྒྱལ་ཁབ་མངའ་ཁོངས་ས་ཆའི་ནང་དུ་བཙུགས་པའི་སྲིད་འཛིན་ལས་ཁུངས་ཤིག་དང་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པའི་མི་རིགས་ནི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་གི་ཁོངས་མི་ཞིག་ཡིན་པས་ཀྲུང་དབྱང་གི་གཅིག་གྱུར་མགོ་ཁྲིད་དང་ཁ་བྲལ་ཏེ་རང་བཙན་བྱེད་མི་རུང་།  མི་རིགས་ས་ཁོངས་རང་སྐྱོང་ནི་མེས་རྒྱལ་གོང་བུ་གཅིག་གྱུར་དང་རྒྱལ་ཁབ་མངའ་ཁོངས་ཆ་ཚང་དུ་འགྲོ་སྔོན་འགྲོའི་ཆ་རྐྱེན་ཡིན།

(2)མི་རིགས་ཁོངས་རང་སྐྱོང་བྱ་རྒྱུ་དེ་ངེས་པར་དུ་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་རྨང་གཞི་བྱེད་དགོས། མི་རིགས་རང་སྐྱོང་དེ་མི་རིགས་ས་ཁོངས་རྨང་གཞི་བྱས་པའི་མི་རིགས་རང་སྐྱོང་ཞིག་དང་།  མི་རིགས་རང་སྐྱོང་དང་ས་ཁོངས་རང་སྐྱོང་ཟུང་འབྲེལ་བྱས་པ་ཞིག་ཡིན་པས།   ས་ཁོངས་ངེས་གཏན་ཞིག་དང་ཁ་བྲལ་དེ་མི་རིགས་རིག་གནས་རང་སྐྱོང་བྱེད་པ་དང་གཏན་ནས་མི་འདྲ་ཞིང་།   གྲངས་ཉུང་མི་རིགས་དེ་དང་ཁ་བྲལ་ནས་ས་གནས་རང་སྐྱོང་བྱེད་པ་དང་གཏན་ནས་མི་མཚུངས་པར།   གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་རྨང་གཞི་བྱས་པའི་མི་རིགས་རང་སྐྱོང་བྱེད་པ་དེ་ཡིན།   ཁ་ཐོར་དུ་བསྡད་པའི་གྲངས་ཉུང་མི་རིགས་ལ་རྒྱལ་ཁབ་ཀྱིས་དུས་མཚུངས་སུ་བྱེད་ཐབས་གཞན་སྤྱད་དེ་ཁོ་ཚོའི་འདྲ་མཉམ་གྱི་དབང་ཆར་འགན་སྲུང་བྱེད་ཀྱིན་ཡོད།

(3)མི་རིགས་ས་ཁོངས་རང་སྐྱོང་ནི་གྲངས་ཉུང་མི་རིགས་ལ་རང་ཁྱིམ་རང་བདག་གི་དབང་ཆ་ཡོད་པ་དང་མི་རིགས་ནང་ཁུལ་གྱི་ས་གནས་རང་བཞིན་གྱི་ལས་ཀར་དོ་དམ་བྱེད་པའི་དབང་ཆ་ཡོད་པ་མངོན་འགྱུར་ཡོང་ཆེད་ཡིན།   མི་རིགས་རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པ་ནི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པའི་མཚོན་རྟགས་ཡིན་ཞིང་།  མི་རིགས་རང་སྐྱོང་དབང་ཆ་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་སྲོག་ཤིང་རེད་ཅེས་བཤད་ཆོག     གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་དཔལ་འབྱོར་དང་།  རིག་གནས་སོགས་ཀྱི་ཐད་རྒྱ་རིགས་ས་ཁུལ་དང་བསྡུར་ན་དམིགས་བསལ་གྱི་རང་བཞིན་ངེས་ཅན་ཞིག་ཡོད་ལ།   དོན་དངོས་ཐོག་ཧེ་བག་ངེས་ཅན་ལྡན་ཡོད་སྟབས་རྒྱལ་ཁབ་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་ཏེ་མི་རིགས་རང་སྐྱོང་ལས་ཁུངས་ཀྱིས་སྤྱིར་བཏབ་གི་ས་གནས་དང་རྒྱལ་ཁབ་ཀྱི་ལས་ཁུངས་སོ་སོས་འགན་དབང་ལག་བསྟར་བྱས་པ་ཕུད།   ད་དུང་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་མི་རིགས་རང་སྐྱོང་དབང་ཆ་ལག་བསྟར་བྱས་ཆོག

2 མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་རྩ་ཁྲིམས་དབར་གྱི་འབྲེལ་བ།

རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་ཡིན་པ་དང་རྒྱལ་ཁབ་ཀྱི་སྤྱིའི་སྒྲིག་ཡིག་ཡིན།   རྩ་ཁྲིམས་ཀྱི་ནུས་པ་ནི་རྒྱལ་ཁབ་ཀྱི་འཚོ་བ་དང་སྤྱི་ཚོགས་འཚོ་བའི་རྩ་བའི་ལམ་ལུགས་དང་།  གཞི་རྩའི་རྩ་དོན་བཅས་གཏན་ཁེལ་བྱེད་པ་དེ་ཡིན་པ་དང་།  དེ་རྗེས་སྤྱིར་བཏང་བཅའ་ཁྲིམས་ཀྱིས་རྩ་ཁྲིམས་ཀྱི་གཏན་འབེབས་གཞིར་བཞག་ཞིབ་ཕྲ་ཅན་བཟོས་ཏེ་སྤྱོད་ཚོགས་ཀྱི་དངོས་ཡོད་འཚོ་བའི་ཞིབ་ཕྲ་ཚད་ལྡན་དུ་གྱུར་ཡོད།རྩ་ཁྲིམས་དང་སྤྱིར་བཏང་བཅའ་ཁྲིམས་དབར་གྱི་འབྲེལ་བ་ནི་མ་ཁྲིམས་དང་བུ་ཁྲིམས་ཀྱི་འབྲེལ་བ་ཡིན་པ་དང་།   སྤྱིར་བཏང་གི་བཅའ་ཁྲིམས་དེ་ཚོ་རྩ་ཁྲིམས་ནས་བྱུང་བ་རེད།  དེར་བརྟེན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རྒྱུན་པར་ཁྲིམས་འཛུགས་བྱེད་པའི་ཁྲོད་ངེས་པར་དུ་རྩ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་པ་དང་རྩ་ཁིམས་ཀྱི་གཏན་འབེབས་ཀྱིས་རྨང་གཞི་བྱེད་ཀྱི་ཡོད།  སྤྱིར་བཏང་བཅའ་ཁྲིམས་ཀྱི་གཏན་འབེབས་དེ་རྩ་ཁྲིམས་དང་རྒྱབ་འགལ་བྱུང་ཚེ་ཕན་མེད་དུ་གྱུར་བ་ཡིན།  རྒྱལ་ཁབ་ཁྲིམས་འཛུགས་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་སྤྱིར་བཏང་གི་བཅའ་ཁྲིམས་གང་འདྲ་ཞིག་ཡིན་རུང་ཚང་མར་ཁྲིམས་ལུགས་ཀྱི་ནུས་པ་ཡོད།  འོན་ཏེ་དེའི་སྔོན་འགྲོའི་ཆེ་རྐྱེན་ནི་ངེས་པར་དུ་རྩ་ཁྲིམས་དང་གཅིག་གྱུར་ཡིན་དགོས།  གལ་ཏེ་སྤྱིར་བཏང་གི་བཅའ་ཁྲིམས་ཀྱི་གཏན་འབེབས་དེ་རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་དོན། དོན་སྙིང་བཅས་དང་རྒྱབ་འགལ་བྱས་པའི་ཆ་ཤས་ཕན་མེད་དམ་ཡང་ན་ཚང་མ་ཕན་མེད་དུ་འགྱུར་བ་རེད།  དེས་ན་རྩ་ཁྲིམས་ལས་འགལ་བའི་བཅའ་ཁྲིམས་མིན་པས་བཅའ་ཁྲིམས་ཀྱི་ནུས་པ་མེད་པ་ཁོ་ཐག་ཡིན། དེ་མིན་རྩ་འཛུགས་དང་མི་སྒེར་ཚང་མས་རྩ་ཁྲིམས་ནི་བྱེད་སྒོ་གང་ཞིག་སྤེལ་བའི་གཞི་རྩའི་ཚད་གཞིར་འཛིན་དགོས།  དཔེར་ན་རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་པའི་རྩ་ཁྲིམས་ཀྱི་གླེང་གཞིའི་ནང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་།   རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་སྤྱོད་ལས་ཁུངས་མཐའ་དག    སྲིད་ཏང་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག   ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག་བཅས་ཚང་མས་ངེས་པར་དུ་རྩ་ཁྔརིམས་འདི་བྱེད་སྒོ་གང་ཞིག་སྤེལ་བའི་ཚད་གཞིར་འཛིན་དགོས་པ་ཟད་།  རྩ་ཁྲིམས་ཀྱི་གཟི་རྔམ་སྲུང་འཛིན་དང་རྩ་ཁྲིམས་ལག་ལེན་དངོས་སུ་བསྟར་བར་འགན་ལེན་བྱེད་པའི་འགན་འཁྲིའང་ཡོད་ཅེས་གཏན་འབེབས་བྱས་ཡོད། དེའང་སྤྱི་ནས་བཤད་ན་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་དང་།  ཁྲིམས་སྲོལ།   སྲིད་ཇུས།  བྱེད་ཕྱོགས་སོགས་ཚང་མ་ངེས་པར་དུ་རྩ་ཁྲིམས་དང་མཐུན་དགོས་པ་དང་།  བྱེ་བྲག་ནས་བཤད་ན་དགོན་སྡེ་དང་ལས་ཁུངས་སོ་སོའི་སྒྲིག་སྲོལ་དང་།  ཚད་འཛིན།  སྒྲིག་ཡིག་སོགས་དང་།   དེ་བཞིན་མི་ཚང་མའི་བྱ་སྤྱོད་བཅས་ཚང་མ་རྩ་ཁྲིམས་དང་རྒྱབ་འགལ་བྱེད་མི་རུང་།  དེ་ལྟར་མ་བྱས་ཚེ་རྩ་ཁྲིམས་དང་རྒྱབ་འགལ་བྱས་པའི་བྱ་སྤྱོད་ཅིག་ཡིན།   གོང་གསལ་དེ་དག་ནས་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་ཀྱི་བཅའ་ཁྲིམས་དང་རྩ་ཁྲིམས་ཀྱི་འབྲེལ་བ་ཤེས་རྟོགས་བྱེད་བདེ་པོ་ཡོད།   མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་དོན་ཚན་དང་པོའི་ནང་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱ་བཅའ་ཁྲིམས་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྩ་ཁྲིམས་གཞིར་བཟུང་ནས་གཏན་ལ་ཕབ་པ་ཡིན་ཞེས་གཏན་འབེབས་བྱས་ཡོད།   རྩ་ཁྲིམས་ཀྱི་དོན་ཚན་བཞི་པའི་ནང་གསེས་གསུམ་པའི་ནང་གྲངས་ཉུང་མི་རགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བ་དང་།   རང་སྐྱོང་ལས་ཁུངས་འཛུགས་རྒྱུ།  རང་སྐྱོང་དབང་ཆ་སྤྱོད་རྒྱུ། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་དང་གོང་བུ་གཅིག་ལས་འབྲལ་དུ་མི་རུང་བ་ཞིག་ཡིན་ཞེས་གཏན་འབེབས་བྱས་ཡོད་པ་མ་ཟད།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་བཅའ་ཁྲིམས་ནང་དུའང་གཏན་འབེབས་ཁ་གསལ་གནང་ཡོད།  རྩ་ཁྲིམས་ཀྱི་གཏན་འབེབས་ནི་བཅའ་ཁྲིམས་ཀུན་གྱི་གཞི་རྩ་དང་རྩ་དོན་ཡིན་པ་དང་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནི་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་སྙིང་དོན་རྒྱ་བསྐྱེད་དང་ཞིབ་ཕྲ་ཅན་དུ་འགྱུར་པ་བྱས་ཡོད།

3 བོད་ཁུལ་དུ་མི་རིགས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་རྩ་བའི་རྩ་དོན་གཉིས།

བོད་དང་བོད་ཁུལ་གཞན་དུ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་སྐབས་རྩ་དོན་གཉིས་ཁོང་དུ་ཆུད་དགོས་པ་སྟེ།   དང་པོ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་བྱེད་པའི་རྩ་དོན་དེ་ཡིན་ཞིང་།   རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་པ་མ་ཟད་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་དང་ལེན་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་རྣམས་ས་གནས་དེ་རུ་ལག་བསྟར་ཐུབ་པར་འགན་ལེན་དང་ས་གནས་དེ་གའི་མི་རིགས་ཁག་འདྲ་མཉམ་ཡོང་བར་འགན་སྲུང་བྱེད་དགོས།  གཉིས་ནི་དངོས་ཐོག་བདེན་འཚོལ་གྱིས་སྒོ་ནས།   རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་དབང་ཆ་ལག་བསྟར་བྱེད་སྐབས་ས་ཁུལ་དེའི་ཆབ་སྲིད་དང་།  དཔལ་འབྱོར།  རིག་གནས་བཅས་ཀྱི་ཁྱད་ཆོས་ལ་དོ་སྣང་དང་བསམ་གཞིགས་གང་ལེགས་བྱས་ནས་དགེ་སྤེལ་སྐྱོན་སྤང་གིས་ས་གནས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རང་སྐྱོང་ས་གནས་ཀྱི་དོན་དངོས་དང་མི་རིགས་དེ་གའི་ཁྱད་ཆོས་ཟུང་འབྲེལ་བྱེད་པའི་འཛུགས་སྐྲུན་གྱི་ལམ་བུ་དྲང་མོ་ཞིག་ཏུ་སྐྱོད་དགོས།   ལྷག་པར་དུ་བོད་ཁུལ་གྱི་བརྟན་ལྷིང་འགན་ལེན་ཏན་ཏིག་བྱ་རྒྱུ་དང་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་དོན་ཆེན་གཉིས་དམ་འཛིན་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གི་བྱ་སྤྱོད་མཐའ་དག་ལ་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་གཏོང་དགོས།   སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་དེང་རབས་ཅན་གྱི་འཛུགས་སྐྲུན་མྱུར་དུ་གཏོང་དགོས།

4 རང་རྒྱལ་གྱི་མི་རིགས་རང་སྐྱོང་བཅའ་ཁྲིམས་དང་འབྲེལ་བའི་མི་རིགས་སྲིད་ཇུས་གཙོ་བོ་ངོ་སྤྲོད།

མི་རིགས་སྲིད་ཇུས་ཞེས་པ་ནི་སྲིད་ཏང་རྒྱལ་ཁབ་ཀྱིས་མི་རིགས་ཕན་ཚུན་བར་གྱི་འབྲེལ་བ་ལེགས་སྒྲིག་དང་མི་རིགས་ཀྱི་གནད་དོན་ཐག་གཙོད་པའི་ཆེད་དུ་སྤྱད་པའི་བྱེད་ཐབས་དང་གཏན་ཁེལ་སྤྱི་ལ་ཟེར་ཏེ།   ངོ་བོ་དང་བྱེད་ནུས་ཀྱི་ཆ་ནས་བལྟས་ན་མི་རིགས་སྲིད་ཇུས་ལ་དགེ་སྐྱོན་མི་འདྲ་བ་རིགས་གཉིས་སུ་དབྱེ་ཆོག    དང་པོ་ནི་དཔེར་ན་མི་རིགས་འདྲ་མཉམ་དང་།   མི་རིགས་མཐུན་སྒྲིལ།    མི་རིགས་གོང་འཕེལ་བཅས་ཀྱི་སྲིད་ཇུས་དང་།   ཕྱི་མ་དཔེར་ན་རིགས་རྒྱུད་ལོགས་འབྱེད་དང་རིགས་རྒྱུད་མཐོང་ཆུང་སྲིད་ཇུས་སོགས་ལྟ་བུ་རེད།   ཡང་དེར་སྲིད་ཇུས་ཀྱི་རྩ་དོན་དང་སྲིད་ཇུས་ཀྱི་བྱེད་ཐབས་གཉིས་སུ་དབྱེ་ཆོག་སྟེ།   དཔེར་ན།   རང་རྒྱལ་གྱིས་བསྟར་བྱེད་པའི་མི་རིགས་སྲིད་ཇུས་ཀྱི་རྩ་དོན་ནི་སྤྱི་བཏང་དུ་མི་རིགས་བྱ་བའི་སྤྱིའི་ཁྲོད་དུ་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་ལ་ཟེར་བ་སྟེ།  དཔེར་ན་རང་རྒྱལ་གྱིས་ལག་བསྟར་བྱེད་ཀྱིན་པའི་མི་རིགས་འདྲ་མཉམ་དང་།   མི་རིགས་མཐུན་སྒྲིལ།   མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་སོགས་ལ་བྱ།   མི་རིགས་སྲིད་ཇུས་ཀྱི་བྱེད་ཐབས་བྱེ་བྲག་པ་ནི་སྤྱིར་བཏང་དུ་མི་རིགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་གནད་དོན་གང་ཞིག་གི་ཆེད་དུ་བཟོས་པའི་གཏན་ཁེལ་བྱེ་བྲག་པར་ཟེར།  རང་རེའི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ནི་དོན་དངོས་སུ་མི་རིགས་གྲངས་ཉུང་དང་འབྲེལ་བ་ལྡན་པའི་སྲིད་ཇུས་རེད།  དེ་ནི་མར་ལེ་རིང་ལུགས་ཀྱི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་གཞིར་བཟུང་ཐོག   མི་རིགས་མང་པོ་ཡོད་པའི་རང་རྒྱལ་ཀྱི་གཞི་རྩའི་གནས་ཚུལ་དང་།   མི་རིགས་ཁག་གི་འདྲ་མཉམ་དང་མཐུན་སྒྲིལ།   ཡར་རྒྱས་གོང་འཕེལ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་བར་སྐུལ་འདེད་གཏོང་རྒྱུ་ནི་དེའི་ངོ་བོ་ཡིན་ཞིང་།  དེ་ནི་ང་ཚོས་མི་རིགས་ཀྱི་གནད་དོན་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་པའི་ཚད་གཞི་གལ་ཞིག་དང་།  རང་རྒྱལ་གྱི་སྲིད་ཇུས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད།  རང་རྒྱལ་གྱི་མི་རིགས་སྲིད་ཇུས་ཀྱི་ནང་དོན་གཙོ་བོ་གཤམ་གསལ། 

(1)མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་སྐོར་གྱི་སྲིད་ཇུས། 

(2)མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་སྲིད་ཇུས།

(3)མི་རིགས་གྲངས་ཉུང་གི་ལས་བྱེད་པ་གསོ་སྐྱོང་དང་བདེ་སྤྱོད་ཤུགས་ཆེན་གཏོང་བའི་སྐོར་གྱི་སྲིད་ཇུས།

(4)མི་རིགས་གྲངས་ཉུང་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་སྲིད་ཇུས།

(5)མི་རིགས་གྲངས་ཉུང་གི་སློབ་གསོ་དང་རིག་གནས་ལས་དོན་ལ་འབད་པ་ལྷོད་མེད་དང་གོང་དུ་སྤེལ་བའི་སྐོར་གྱི་སྲིད་ཇུས།

(6)མི་རིགས་ཁག་གི་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་གོང་དུ་སྤེལ་རྒྱུར་འགན་སྲུང་བྱེད་པའི་སྐོར་གྱི་སྲིད་ཇུས།

(7)མི་རིགས་གྲངས་ཉུང་གི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་པའི་སྐོར་གྱི་སྲིད་ཇུས།

(8)མི་རིགས་གྲངས་ཉུང་གི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་བཀུར་བྱེད་པའི་སྐོར་གྱི་སྲིད་ཇུས།

(9)མི་རིགས་གྲངས་ཉུང་གི་མཐོ་རིམ་རྒྱལ་གཅེས་མི་སྣ་དང་འཐབ་ཕྱོགས་གཅིག་གྱུར་ཆགས་པར་བྱེད་པའི་སྲིད་ཇུས། 

(10)སྤྱི་ཚོགས་རིང་ལུགས་ཀྱི་ལེགས་བཅོས་དང་དམངས་གཙོའི་བསྒྱུར་བཅོས་བྱེད་པའི་སྲིད་ཇུས་བཅས་སོ།

5 མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་སྤྱིའི་དོན་ཚན་སྐོར།

དོན་ཚན་དང་པོ།      མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ།      གྲངས་ཉུང་མི་རིགས་སོ་སོ་འདུས་སྡོད་བྱེད་སའི་ས་གནས་ཁག་ཏུ་ས་ཁོངས་རང་སྐྱོང་དངོས་བྱ་རྒྱུ།   མི་རིགས་རང་སྐྱོང་ས་གནས་རྣམས་ལས་རང་སྐྱོང་ལྗོངས་དང་།  རང་སྐྱོང་ཁུལ།  རང་སྐྱོང་རྫོང་བཅས་སུ་དབྱེ་རྒྱུ།  མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་ལས་འབྲལ་དུ་མི་རུང་བ་ཡིན།

དོན་ཚན་གསུམ་པ།      མི་རིགས་རང་སྐྱོང་ས་གནས་སུ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་།  རང་སྐྱོང་ལས་ཁུངས་ནི་ས་གནས་ཀྱི་སྲིད་དབང་འཛིན་པའི་རྒྱལ་ཁབ་གཞུང་གི་ལས་ཁུངས་རིམ་པ་ཞིག་ཡིན།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་ལེན་བསྟར་རྒྱུ།

དོན་ཚན་བཞི་པ།    མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྩ་ཁྲིམས་ནང་འཁོད་ལེའུ་གསུམ་པའི་ཁྲིད་ཚན་ལྔ་པའི་གཏན་ལ་ཕབ་པའི་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་འགན་དབང་སྤྱོད་རྒྱུ་དང་འབྲེལ་རྩ་ཁྲིམས་དང་བཅའ་ཁྲིམས་གཞན་དག་ལས་གཏན་ལ་ཕབ་པའི་འགན་བབ་དབང་མཚམས་ལྟར་རང་སྐྱོང་བྱེད་དབང་སྤྱོད་རྒྱུ་དང་།  ས་གནས་དེ་གའི་གནས་ཚུལ་དངོས་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིང་ཇུས་ལག་ལེན་མཐར་ཕྱིན་བྱ་རྒྱུ། 

རང་སྐྱོང་ཁུལ་གྱི་རུང་སྐྱོང་ལས་ཁུངས་ཀྱི་ཆུས་དང་རྫོང་བཙུགས་ཡོད་པའི་གྲོང་ཁྱེར་གྱིས་ས་གནས་དང་རྒྱལ་ཁབ་གཞུང་གི་འགན་དབང་སྤྱོད་རྒྱུ་དང་འབྲེལ་རང་སྐྱོང་དབང་ཆ་ལོངས་སུ་སྤྱོད་རྒྱུ།

དོན་ཚན་ལྔ་པ།   མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་གོང་བུ་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱ་དགོས་པ་དང་ས་གནས་དེ་གར་རྩ་ཁྲིམས་དང་བཅའ་ཁྲིམས་སྲུང་བ་དང་ལག་ལེན་བསྟར་ཐུབ་པར་ཁག་ཐེག་བྱ་དགོས།

དོན་ཚན་དྲུག་པ།    མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་མི་དམངས་འགོ་ཁྲིད་བྱས་ནས་སྟོབས་ཤུགས་གཅིག་སྡུས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་འཛུགས་སྐྲུན་བྱ་དགོས། 

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་གནས་ཚུལ་གཞིར་བཟུང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་མི་འགལ་བའི་རྩ་དོན་འོག

དམིགས་བསལ་གྱི་སྲིད་ཇུས་དང་བབ་བསྟུན་གྱི་བྱེད་ཐབས་ལག་ལེན་དུ་བསྟར་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་རིག་གནས་འཛུགས་སྤེལ་གྱི་བྱ་གཞག་གོང་འཕེལ་དུ་གཏོང་བའི་དབང་ཆ་ཡོད། 

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འཆར་གཞིའི་ཁྲིད་སྟོན་འོག་དོན་དངོས་གཞིར་བཟུང་སྟེ་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་དང་དཔལ་འབྱོར་ཀྱི་ཕན་ནུས་ཟམ་མི་ཆད་པར་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་བར་བརྟེན་ནས་མི་རིགས་ཁག་གི་དངོས་པོའི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོའི་རིག་གནས་ཐད་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་གོང་འཕེལ་དུ་གཏོང་བ་དང་མི་རིགས་ཁག་གི་མི་དམངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གོ་རྟོགས་དང་ཚན་རིག་དང་རིག་དང་རིག་གནས་ཤེས་ཚད་ཇེ་མཐོར་གཏོང་རྒྱུ།

དོན་ཚན་བདུན་པ།   མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་སྤྱིའི་ཁེ་ཕན་མཆོག་ཏུ་བཀུར་ནས་གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ནས་ལས་འགན་སྤྲད་རིགས་ཧུར་བརྩོན་ཆེན་པོས་བསྒྲུབ་དགོས།

དོན་ཚན་བརྒྱད་པ།  གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་བྱེད་དབང་སྤྱོད་པར་འགན་སྲུང་བྱ་རྒྱུར་མ་ཟད།  མི་རིགས་རང་སྐྱོང་ས་གནས་ཀྱི་ཁྱད་ཆོས་དང་དགོས་མཁོར་གཞིགས་ནས་མི་རིགས་རང་སྐྱོང་ས་གནས་སུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་གོང་དུ་སྤེལ་བར་རོགས་རམ་ཅི་ཐུབ་བྱ་རྒྱུ།

དོན་ཚན་དགུ་པ།      གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་དབར་འདྲ་མཉམ་དང་།   མཐུན་སྒྲིལ་རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བར་སྲུང་སྐྱོང་གང་ལེགས་བྱེད་པ་ལས་གཞན།  མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་མི་ཆོག་པ་དང་།   མི་རིགས་དབར་གྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་དབར་ཁ་ཕྲལ་བའི་བྱ་སྤྱོད་ཅི་རིགས་ལ་བཀག་བསྡོམས་བྱ་རྒྱུ། 

དོན་ཚན་བཅུ་པ།      མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བདེ་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང་།  རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།

དོན་ཚན་བཅུ་གཅིག་པ།     མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་སྤྱི་དམངས་ལ་ཆོས་ལུགས་དད་རང་མོས་ཀྱི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།

རྒྱལ་ཁབ་གཞུང་གི་ལས་ཁུངས་དང་སྤྱི་ཚོགས་པ་གང་རུང་དང་།  སྐྱེ་བོ་སུས་ཀྱང་བཙན་ཐབས་ལ་བརྟེན་ནས་སྤྱི་དམངས་ལ་ཆོས་དད་བྱེད་དུ་འཇུག་པའམ་མི་འཇུག་པའི་རིགས་གང་ཡང་བྱེད་མི་ཆོག་པ་དང་།   ཆོས་དད་ཡོད་པའི་སྤྱི་དམངས་དང་ཆོས་དད་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱས་མི་ཆོག   རྒྱལ་ཁབ་ཀྱིས་ཚུལ་དང་ལྡན་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྲུང་སྐྱོབ་བྱ་རྒྱུ།   སྐྱེ་བོ་སུས་ཀྱང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བརླག་གཏོང་བ་དང་།   སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་སྐྱེལ་བ།   རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགལ་རྐྱེན་བཟོ་བ་བཅས་ཀྱི་བྱ་ངན་བྱས་མི་ཆོག   ཆོས་ལུགས་ཀྱི་ཚོགས་པ་དང་ཆོས་ལུག་ཀྱི་ལས་དོན་ཐོག་ཕྱི་རྒྱལ་སྟོབས་ཤུགས་ཀྱི་བཀོད་པར་ཉན་མི་དགོས། 

6 མི་རིགས་རང་སྐྱོང་ས་གནས་འཛུགས་སྟངས་དང་རང་སྐྱོང་ལས་ཁུངས་འཛུགས་ཕྱོགས་སྐོར།

དོན་ཚན་བཅུ་གཉིས་པ།     གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་གནས་སུ་ས་གནས་དང་དེ་གའི་མི་རིགས་ཀྱི་འབྲེལ་བ་དང་།   དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་སོགས་ཀྱི་ཆ་རྐྱེན་ལ་བལྟ་རྒྱུ་དང་ལོ་རྒྱུས་སྟེང་གི་གནས་གྲངས་ཉུང་མི་རིགས་གཅིག་གམ་ཁ་ཤས་འདུས་སྡོད་བྱེད་ཁུལ་རྨང་གཞིར་བྱས་པའི་རང་སྐྱོང་ས་གནས་བཙུགས་ཆོག

མི་རིགས་རང་སྐྱོང་ས་གནས་མངའ་ཁོངས་སུ་གྲངས་ཉུང་མི་རིགས་གཞན་དག་འདུས་བྱེད་པ་རུ་འོས་འཚམས་ཀྱི་རང་སྐྱོང་ས་གནས་སམ་མི་རིགས་ཤང་འཛུགས་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་ཁོངས་སུ་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ཏེ་རྒྱ་རིགས་སམ་མི་རིགས་གཞན་དག་ཡོད་པའི་སྡོད་དམངས་ཁུལ་དང་།  གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་གཏོགས་པར་བྱས་ཆོག

དོན་ཚན་བཅུ་གསུམ་པ།     མི་རིགས་རང་སྐྱོང་ས་གནས་ཀྱི་མིང་ནི་དམིགས་བསལ་གྱི་གནས་ཚུལ་བྱུང་ན་མ་གཏོགས་ས་གནས་དེ་གའི་ས་མིང་དང་།  མི་རིགས་ཀྱི་མིང་།  སྲིད་འཛིན་གྱི་རིམ་པ་བཅས་ཀྱི་གོ་རིམ་ལྟར་འདོགས་རྒྱུ།

དོན་ཚན་བཅུ་བཞི་པ།       མི་རིགས་རང་སྐྱོང་ས་གནས་འཛུགས་རྒྱུ་དང་།  ས་མཚམས་གཅོད་སྟངས།  ས་མིང་འདོགས་ལུགས་བཅས་ནི་གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་ས་གནས་གཞུང་གི་ལས་ཁུངས།  དེ་འབྲེལ་ས་གནས་མི་རིགས་འཐུས་མི་ཚོགས་ཆེན་དང་གྲོས་མོལ་བརྒྱུད་ནས་འཆར་འགོད་བཟོས་ཐོག   བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་དགོས། 

མི་རིགས་རང་སྐྱོང་ས་གནས་བཙུགས་མཚམས་སུ་ཁྲིམས་འཁོད་གོ་རིམ་མ་བརྒྱུད་ན།  མེད་པར་བཟོ་བའམ་ཟླ་སྒྲིལ་བཏང་མི་ཆོག    མི་རིགས་རང་སྐྱོང་ས ་གནས་ཀྱི་ས་མཚམས་གཏན་ཁེལ་མཚམས་སུ་ཁྲིམས་འཁོད་གོ་རིམ་མ་བརྒྱུད་ན་གང་བྱུང་དུ་བསྒྱུར་བཅོས་བྱས་མི་ཆོག   མེད་པར་བཟོ་དགོས་པ་དང་ཟླ་སྒྲིལ་བྱ་དགོས་པའམ་བསྒྱུར་བཀོད་བྱུང་ཚེ་གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོས་མོལ་བརྒྱུད་ནས་འཆར་འགོད་བཟོ་བ་དང་ཁྲིམས་འཁོད་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་དགོས། 

དོན་ཚན་བཅོ་ལྔ་པ།     མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ལྗོངས་དང་།   རང་སྐྱོང་ཁུལ།   རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ཡིན། 

མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་སྲིད་གཞུང་གིས་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་རང་ལས་རིམ་པ་གཅིག་གིས་མཐོ་བའི་རྒྱལ་ཁབ་སྲིད་གཞུང་ལས་ཁུངས་ལ་འགན་འཁུར་རྒྱུ་དང་འབྲེལ་ལས་དོན་གྱི་སྙན་ཞུའང་འབུལ་དགོས།   རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་མ་འཚོག་པའི་སྔོན་ལ་རིམ་པ་དེའི་སྲིད་གཞུང་དང་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ་དང་དེར་ལས་དོན་གྱི་སྙན་ཞུའང་འབུལ་དགོས།  མི་རིགས་རང་སྐྱོང་ས་གནས་སོ་སོའི་མི་དམངས་སྲིཔད་གཞུང་ཚང་མ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་ཞིག་ཡིན་པས་ཁོ་ཚོ་རྒྱལ་ཁབ་གཞུང་སྲིད་ལས་ཁུངས་ཡིན་པས་ཚང་མས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་པར་ཉན་དགོས། 

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་འཛུགས་ལུགས་དང་དེའི་ལས་དོན་སྒྲུབ་ཕྱོགས་ནི་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་སྟེ་མི་རིགས་རང་སྐྱོང་སྲོལ་ཡིག་གམ་གཅིག་སྤྱོད་སྲོལ་ཡིག་ནང་དུ་གཏན་འབེབས་བྱ་རྒྱུ།  

དོན་ཚན་བཅུ་དྲུག་པ།    མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ནང་གི་འཐུས་མིའི་གྲས་སུ་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་ཀྱི་འཐུས་མི་ཡོད་དགོས་པར་མ་ཟད་སྲིད་འཛིན་ས་ཁོངས་དེདར་གནས་བཅའ་བའི་མི་རིགས་གཞན་དག་གི་འཐུས་མིའི་ཁ་གྲངས་འོས་འཚམ་ཡང་ཡོད་དགོས།

མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ནང་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་ཀྱི་འཐུས་མི་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིས་གནས་དམངས་ཆེན་གྱི་འཐུས་མིའི་ཁ་གྲངས་དང་བསྡུར་ནས་བཅའ་ཁྲིམས་གཏན་ཕབ་ཀྱི་རྩ་དོན་གཞིར་བཟུང་སྟེ།   ཞིང་ཆེན་དང་།  རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་གྲོས་ཐག་བཅད་ཐོག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས། 

མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར་བའི་གྲས་སུ་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྤྱི་དམངས་ཡོད་དགོས།

དོན་ཚན་བཅུ་བདུན་པ།     རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་།  རང་སྐྱོང་ཁུལ་གྱི་འགོ་འཛིན།  རང་སྐྱོང་རྫོང་དཔོན་བཅས་ཀྱི་འགན་ནི་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྤྱི་དམངས་ཀྱིས་འཁུར་དགོས།   རང་སྐྱོང་ལྗོངས་དང་།   རང་སྐྱོང་ཁུལ།  རང་སྐྱོང་རྫོང་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཁོངས་མི་གཞན་དག་གི་ནང་དུ་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་སྐྱེ་བོ་བཀོད་སྒྲིག་འོས་འཚམ་བྱ་དགོས། 

མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་སྲིད་གཞུང་གི་ལས་དོན་རྣམས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་།  རང་སྐྱོང་ཁུལ་གྱི་ཁུལ་དཔོན།  རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་།  རང་སྐྱོང་ཁུལ་གྱི་འགོ་འཛིན།  རང་སྐྱོང་རྫོང་དཔོན་བཅས་ཀྱིས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་ལས་དོན་གཙོ་སྐྱོང་བྱ་རྒྱུ། 

དོན་ཚན་བཅོ་བརྒྱད་པ།    མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་ལས་དོན་སྡེ་ཁག་གི་ལས་བྱེད་པའི་ནང་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་སྐྱེ་བོ་བཀོད་སྒྲིག་འོས་འཚམས་བྱ་རྒྱུ།   

7 མི་རིགས་རང་སྐྱོང་ས་གནས་ཁོངས་ཀྱི་མི་རིགས་བར་གྱི་འབྲེལ་བའི་སྐོར།

དོན་ཚན་ཞེ་བརྒྱད་པ།     མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་གིས་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པར་འགན་སྲུང་བྱ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་ཚོགས་དང་མཐུན་སྒྲིལ་བྱས་ཏེ་དེ་ཚོའི་བརྩོན་སེམས་ལེགས་སྤེལ་གང་ཐུབ་ཀྱིས་ཐུན་མོང་ནས་མི་རིགས་རང་སྐྱོང་གི་ས་གནས་འཛུགས་སྐྲུན་བྱ་རྒྱུ། 

དོན་ཚན་ཞེ་དགུ་པ།     མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་རྣམས་ལ་ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་རེས་བྱ་རྒྱུའི་སློབ་གསོ་གཏོང་རྒྱུ་དང་བསྔགས་བརྗོད་དང་བསྐུལ་སློང་བྱེད་དགོས།   རྒྱ་རིགས་ལས་བྱེད་པས་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་དགོས་ལ།  གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་ཀྱང་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་དགོས་པ་ལས་གཞན་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ཚད་ལྡན་ཅན་ཡང་སྦྱོང་དགོས།  

མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་བྱེད་པའི་གྲས་སུ་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་དང་སྐད་གཉིས་བེད་སྤྱོད་ཐོགས་མེད་བྱེད་ཐུབ་མཁན་ལ་བྱ་དགའ་སྤྲོད་རྒྱུ།  

དོན་ཚན་ལྔ་བཅུ་པ།     མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གར་འདུས་སྡོད་བྱེད་པའི་གྲངས་ཉུང་མི་རིགས་གཞན་པ་ཡོད་ཚེ་ཁོ་ཚོའི་གནས་ཚུལ་དང་འཚམ་པའི་རང་སྐྱོང་ས་གནས་སམ་མི་རིགས་ཞང་འཛུགས་རོགས་བྱ་རྒྱུ། 

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་གིས་དཔལ་འབྱོར་དང་།  སློབ་གསོ།    ཚན་རིག་ལག་རྩལ།  རིག་གནས།   འཕྲོད་བསྟེན།  ལུས་རྩལ་བཅས་ཀྱི་བྱ་གཞག་གོང་དུ་སྤེལ་བར་རོགས་རམ་བྱ་རྒྱུ།   མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གར་ཐར་ཐོར་དུ་གནས་བཅའ་བའི་མི་རིགས་རྣམས་ཀྱི་ཁྱད་ཆོས་དང་གོམས་སྲོལ།   རིག་གནས།   དགོས་མཁོ་བཅས་ལ་ལྟ་རྟོག་བྱ་རྒྱུ། 

དོན་ཚན་ང་གཅིག་པ།    མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ལ་དམིགས་བསལ་གྱི་གནད་དོན་བྱུང་རིགས་ཐག་གཅོད་བྱེད་སྐབས་ངེས་པར་དུ་དེ་ཚོའི་འཐུས་ཚབ་མི་སྣ་དང་གྲོས་མོལ་གཟབ་བྱས་ཏེ་ཁོ་ཚོའི་བསམ་འཆར་ལ་བརྩི་འཇོག་བྱ་དགོས།

དོན་ཚན་ང་གཉིས་པ།     མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་གི་སྤྱི་དམངས་ཚང་མར་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་སྤྱི་དམངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པའི་འགན་སྲུང་བྱ་རྒྱུ་མ་ཟད།  དེ་ཚོར་སྤྱི་དམངས་ཀྱིས་འགན་འཁྲི་གང་ལེགས་བསྒྲུབ་དགོས་པ་མ་ཟད་འོས་འགན་ཀྱང་ཡང་དག་འཁུར་དགོས་པའི་སློབ་གསོ་ཡང་ཡང་གཏོང་རྒྱུ།

དོན་ཚན་ང་གསུམ་པ།   མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མེས་རྒྱལ་ལ་དགའ་བ་དང་།   མི་དམངས་ལ་དགའ་བ།  ངལ་རྩོལ་ལ་དགའ་བ།  ཚན་རིག་ལ་དགའ་བ།   སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་སྤྱིའི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་དང་།   ས་གནས་དེ་གའི་མི་རིགས་ཁག་གི་སྤྱི་དམངས་རྣམས་ལ་རྒྱལ་གཅེས་རིང་ལུགས་དང་།  གུང་ཁྲན་རིང་ལུགས།  མི་རིགས་སྲིད་ཇུས་བཅས་ཐད་ཀྱི་སློབ་གསོ་གཏོང་རྒྱུ།  མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་ཚུན་ཡིད་ཆེས་དང་།  ཕན་ཚུན་སློབ་སྦྱོང་།  ཕན་ཚུན་རོགས་རམ།  ཕན་ཚུན་སོ་སོའི་སྐད་ཡིག་དང་།   ཡུལ་སྲོལ་གོམས་གཤིས།  ཆོས་དད་བཅས་ལ་བརྩི་འཇོག་བྱས་ཏེ་ཐུན་མོང་གིས་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཁག་གི་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་སློབ་གསོ་གཏོང་རྒྱུ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།