བཅའ་ཁྲིམས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བཅའ་ཁྲིམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཁྲིམས་ལུགས། )

བཅའ་ཁྲིམས།
བཅའ་ཁྲིམས་ནི་དབང་སྒྱུར་གྲལ་རིམ་གྱི་འདོད་བློ་མངོན་སྟངས་ཤིག་རེད། རྒྱལ་ཁབ་ཀྱི་དབང་སྒྱུར་ལག་ཆ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
法律
ཕྱི་ཡིག་གི་མིང་།
Law
ངོ་བོ།
མཐོ་རིམ་སློབ་གསོའི་ཁྲོད་ཀྱི་ཆེད་ལས།
ཁོངས་གཏོགས།
ཁྲིམས་འཛུགས་ལས་ཁུངས། སྲིད་འཛིན་ལས་ཁུངས།
1 ཁྲིམས་ཀྱི་བྱུང་བ།

སྤྱིར་ཁྲིམས་ཞེས་པ་ནི་འགྲོ་བ་མིའི་རིགས་འདི་འཇིག་རྟེན་དུ་བྱུང་མ་ཐག་ནས་ཡོད་པ་ཞིག་མིན་པར།   དེ་ནི་སྒེར་འཛིན་གྱི་ལམ་ལུགས་དང་གྲལ་རིམ་བྱུང་བས་དང་སྦྲགས་ནས་བྱུང་བ་ཞིག་ཡིན་ཞིང་། ཡ་ཐོག་གི་གདོད་མའི་སྤྱི་ཚོགས་སུ་ཁྲིམས་མེད་ཀྱང་།  སྐབས་དེའི་མི་རྣམས་ཀྱི་སྤྱོད་པའི་སྒྲིག་སྲོལ་ནི་ཡུན་རིང་དུ་བརྒྱུད་པའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ནས་རང་ཤུགས་སུ་བྱུང་བའི་རུས་ཚོའི་མི་སྣ་ཀུན་གྱི་འདུན་པ་དང་ཁེ་ཕན་ལ་རག་ལས་པའི་གོམས་གཤིས་ཤིག་ཡིན་པ་དང་།   དེ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དར་སྤེལ་བྱུང་བ་དང་བསྟུན་ཏེ་གདོད་མའི་སྤྱི་ཚོགས་ཐོར་ནས་བྲག་གཡོག་ཅན་གྱི་སྤྱི་ཚོགས་རིམ་གྱིས་གྲུབ།   ཐོན་སྐྱེད་ཀྱི་རྒྱུ་ཆ་སྒེར་ལ་དབང་བའི་ལམ་ལུགས་བྱུང་ནས་བྲན་གཡོག་དང་བྲན་བདག་ཅེས་འགལ་ཟླར་གྲུབ་པའི་གྲལ་རིམ་དང་གྲལ་རིམ་ཅན་གྱི་སྤྱི་ཚོགས་བྱུང་བ་དང་།   ཆབ་སྲིད་དང་དཔལ་འབྱོར་ཐད་ནས་དབང་སྒྱུར་མཁན་གྱི་གོ་གནས་ཟིན་པའི་བྲན་བདག་རྣམས་ཀྱིས་རང་ཉིད་ཀྱི་རྩ་བའི་ཁེ་ཕན་དག་འགན་སྲུང་བྱེད་རྒྱུའི་ཆེད་དུ།  ཐུན་མོང་མ་ཡིན་པར་སྤྱོད་པའི་སྒྲིག་སྲོལ་ཞིག་བཙུགས་ནས་དབང་བསྒྱུར་གྱི་ཡུལ་དུ་གྱུར་བའི་བྲན་གཡོག་རྣམས་ལ་བཀག་སྡོམ་དང་བཙན་གནོད་བྱས།   འདི་ལྟ་བུའི་ཐུན་མོང་མ་ཡིན་པར་སྤྱོད་པའི་སྒྲིག་སྲོལ་ལ་ཁྲིམས་ཞེས་པའི་མཚན་སྦྱར།   ཁྲིམས་ཀྱིས་དབང་སྒྱུར་གྲལ་རིམ་གྱི་འདུན་པ་དང་ཁེ་ཕན་མཚོན་ལ།   ཁྲིམས་ནི་དབང་སྒྱུར་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་བྱེད་སྤྱད་ཀྱི་ཡོ་བྱད་ཀྱང་ཡིན།   ཁྲིམས་ཞེས་པ་ནི་གོ་རིམ་མང་ཞིང་དུས་ཡུན་རིང་བོ་ཞིག་བརྒྱུད་ནས་གྲུབ་པ་ཡིན་ལ།   དང་ཐོག་ཡི་གེར་ཕབ་མེད་པའི་གོམས་སྲོལ་གྱི་ཁྲིམས་ནས་རྗེས་སུ་བྱུང་བའི་ཡིག་ཐོག་གི་ཁྲིམས་དང་།   དེ་ནས་ཅུང་ཙམ་འཐུས་སྒོ་ཇེ་ཚང་དུ་སོང་བའི་ཡིག་ཐོག་གི་ཁྲིམས་ལུགས་བཅས་རིམ་བཞིན་ཇེ་བཟང་ཇེ་རྒྱས་སུ་སོང་བ་ཡིན།   ཡིན་ན་ཡང་བཤུ་གཞོག་གྲལ་རིམ་གྱི་བསམ་བློ་མཁན་ཁ་ཤས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་ཁྲིམས་ཀྱི་གྲུབ་ཚུལ་ལ་འཁྱོག་བཤད་གང་མང་བྱས་ཡོད།   དཔེར་ན་ཁྲིམས་ཞེས་པ་ནི་ལྟ་ཞིག་གིས་གསར་བཟོ་བྱས་པ་ཡིན་པ་དང་།   ཡང་ན་སྤྱི་ཚོགས་ཀྱི་ཆིངས་ཡིག་ལས་བྱུང་བ་ཡིན་པ།   ཡང་ན་མི་རིགས་ཤིག་གི་བསམ་བློའི་སྙིང་སྟོབས་མཚོན་པ།   ཡང་ན་སེམས་ཁེམས་ཀྱི་འགྱུར་ལུགས་ཁ་ཤས་ལས་རང་བྱུང་གིས་གྲུབ་པ་སོགས་ལྟ་བ་སྣ་ཚོགས་པ་སོགས་ལྟ་བ་སྣ་ཚོགས་པ་ཞིག་བཤད་དེ།   ཁྲིམས་ཞེས་པས་གྲལ་རིམ་གྱི་ངོ་བོའམ་རང་བཞིན་ངོ་མ་མཚོན་ཡོད་པ་དེ་འགེབ་རྩིས་བྱས་ཡོད།  

གྲལ་རིམ་ཅན་གྱི་སྤྱི་ཚོགས་ནང་དུ།  གྲལ་རིམ་སོ་སོར་རང་རང་གི་འདུན་པ་དང་བླང་བྱ་ཡོད་རུང་།  དབང་སྒྱུར་གྲལ་རིམ་ཁོ་ན་ལས་གྲལ་རིམ་གཞན་པ་དག་གི་འདུན་པ་ནི་ཁྲིམས་གནས་སུ་འཕགས་མི་ནུས།  རྒྱུ་མཚན་ཅི་ཞིག་ཡིན་ཞེ་ན།   ཁྲིམས་ཞེས་པས་དབང་སྒྱུར་གྲལ་རིམ་དང་དབང་བསྒྱུར་བྱེད་ཡུལ་བར་གྱི་ཁེ་ཕན་ནི་རྩ་བའི་ཐོག་ཏུ་འགལ་ཟླར་ལངས་ཡོད་རྐྱེན།  དེ་གཉིས་ཀྱི་འདུན་པ་དུས་མཉམ་དུ་ཁྲིམས་གཅིག་གི་མ་ལག་ཏུ་བསྡུ་ག་ལ་ནུས།  དབང་སྒྱུར་གྲལ་རིམ་ཁོ་ནས་རང་གི་འདུན་པ་དེ་རྒྱལ་ཁབ་ཀྱི་འདུན་པའི་ཚད་དུ་མཐོར་འདེགས་བྱེད་ནུས་པའམ།   ཡང་ན་དེས་རྒྱལ་ཁབ་ཀྱི་དབང་ཆ་ཡོད་པའི་ལས་ཁུངས་བརྒྱུད་ནས་གཏན་འབེབས་བྱེད་རྒྱུའམ་འཐད་པ་བྱུང་དུ་འཇུག་རྒྱུ་མ་ཟད།  རྒྱལ་ཁབ་ཀྱི་བཙན་དབང་ལ་བརྟེན་ནས་ཁྲིམས་དེ་དག་ལག་ལེན་བྱེད་རྒྱུའི་འགན་ཡང་སྲུང་བར་བྱེད།   འབྱོར་ལྡན་གྲལ་རིམ་པའི་ཁྲིམས་སུའང་བཟོ་བ་གྲལ་རིམ་གྱི་ཁེ་ཕན་མཚོན་པའི་ཁྲིམས་ཡིག་ཁ་ཤས་རེ་ཡོད་པ་དཔེར་ན།  འདེམས་བསྐོའི་དབང་ཆ་དང་།  ལས་མཚམས་འཇོག་པའི་དབང་ཆ།  སྤྱི་ཚོགས་ཀྱི་ཕན་བདེའི་དབང་ཆ་བཅས་ཡོད་ཀྱང་།  དེ་དག་ནི་བཟོ་བ་གྲལ་རིམ་གྱིས་འཐབ་རྩོད་བྱས་པའི་འབྲས་བུ་ཡིན་ཞིང་།  འབྱོར་ལྡན་གྲལ་རིམ་གྱིས་ངོ་རྒོལ་བྱེད་པར་མགོ་གནོན་པའི་ཐབས་ཤིག་ཀྱང་ཡིན་པས།   འདིའི་ཐད་ནས་བལྟས་ན་དེའི་སྐོར་གྱི་ཁྲིམས་སུའང་འབྱོར་ལྡན་གྲལ་རིམ་གྱི་འདུན་པ་མཚོན་པ་ཞིག་རེད། 

ཁྲིམས་ཀྱིས་དབང་སྒྱུར་གྲལ་རིམ་གྱི་འདུན་པ་མཚོན་ཡོད་རུང་།   དེ་ནི་དབང་སྒྱུར་གྲལ་རིམ་གྱི་སྤྱིར་བཏང་གི་འདུན་པ་ཞིག་ག་ལ་ཡིན།   དེས་དབང་སྒྱུར་རིམ་གྱི་རྒྱལ་ཁབ་རང་བཞིན་ཅན་གྱི་འདུན་པ་མཚོན་ཡོད་ལ།   དེས་རྒྱལ་ཁབ་ཀྱི་སྲིད་དབང་ལ་བརྟེན་ནས་དབང་བསྒྱུར་གྲལ་རིམ་གྱི་འདུན་པ་མཚོན་ཡོད་པས།   དེ་ནི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཞིག་ཡིན།   སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཞེས་པ་ནི་སྤྱོད་ལམ་གྱི་སྒྲིག་སྲོལ་དང་།  ཆོས་ཀྱི་བཅའ་ཡིག   ཡུལ་སྲོལ་གོམས་གཤིས་སོགས་ལ་གོ་ཆོག་ཀྱང་།  དེ་མིན་མི་རྣམས་ཀྱི་ཕན་ཚུན་བར་གྱི་འབྲེལ་བ་ལེགས་སྒྲིག་ཏུ་ཡོང་ཆེད་གཏན་འབེབས་བྱས་ཡོད་པའི་བཅའ་ཡིག་ལའང་གོ་ཆོག   ཅོན་ཀྱང་དེར་ཁྲིམས་ལྟར་ཡོངས་ཁྱབ་རང་བཞིན་གྱིས་བཀག་སྡོམ་བྱེད་ཐུབ་པའི་ནུས་པ་མེད་ལ།  སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་བྱ་སྤྱོད་ཀྱི་བཅའ་ཡིག་ལྟ་བུའང་མིན་པས།    དབང་འགྱུར་གྲལ་རིམ་གྱིས་རང་ཉིད་ཀྱི་འདུན་པ་དེ་ཁྲིམས་ཀྱི་ལུགས་སུ་ཕབ་སྟེ་རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་ལ་བརྟེན་ནས་གཏན་ལ་ཕབ་པར་བརྟེན་ལག་ལེན་བྱེད་པའི་རྒྱལ་ཁབ་རང་བཞིན་ཅན་གྱི་འདུན་པའི་ཚད་དུ་མཐོར་འདེགས་བྱས་པས།   ཁོ་ཚོའི་འདུན་པ་དེར་ཡོངས་ཁྱབ་ཏུ་བཀག་སྡོམ་ཐུབ་པའི་ནུས་པ་ལྡན།   དེ་བས་ལེ་ཉིན་གྱིས་གལ་སྲིད་འདུན་པ་དེ་རྒྱལ་ཁབ་ཀྱི་འདུན་པ་ཡིན་ན།   དེར་སྲིད་དབང་ལས་ཁུངས་ཀྱིས་གཏན་ལ་ཕབ་ཡོད་པའི་ཁྲིམས་ཀྱི་རྣམ་པ་ཡོད་དགོས།   གལ་ཏེ་མིན་ན་འདུན་པ་ཞེས་པའི་ཡིག་འབྲུ་འདི་གཉིས་ནི་དོན་མེད་དུ་གཡོ་འགུལ་བྱེད་བཞིན་པའི་མཁའ་དབུགས་ལྟ་བུའོ་ཞེས་གསུངས་ཡོད།

2 བཅའ་ཁྲིམས་མ་ལག

རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ནི་རྩ་ཁྲིམས་དང་།    བཅའ་ཁྲིམས།   སྲིད་འཛིན་ཁྲིམས་སྲོལ།   ས་གནས་རང་བཞིན་གྱི་ཁྲིམས་སྲོལ།   སྲིད་འཛིན་སྒྲིག་སྲོལ།   མི་རིགས་རང་སྐྱོང་སྲོལ་ཡིག་རྐྱང་པ།   དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཆིངས་བཅས་ཕྱོགས་བརྒྱད་ལས་གྲུབ་པ་ཞིག་ཡིན།   དེ་དག་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན།  རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དེའི་རྒྱུན་ལས་ཅུ་ཡོན་ལྷན་ཁང་།   རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཆེན་དང་།   རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་།   གྲོང་ཁྱེར་ཆེ་ཙམ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་དང་ཨུ་ཡོན་ལྷན་ཁང་།  ཀྲུང་གོའི་མི་དམངས་དངུལ་ཁང་།   རྩིས་བཤེར་ཧྲུའུ་དང་སྲིད་འཛིན་དོ་དམ་གྱི་འགན་ནུས་ཡོད་པའི་ཐད་སྐྱོང་སྒྲིག་་གཞི།   ཞིང་ཆེན་དང་།   རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར།  གྲོང་ཁྱེར་ཆེ་ཙམ་བཅས་ཀྱི་མི་དམངས་སྲིད་གཞུང་།   མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན།  དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ཨུ་ཡོན།   མཉམ་འབྲེལ་རྒྱལ་ཚོགས་སམ་རྒྱལ་ཁབ་གཉིས་ཀྱི་བར་དུ་འཇོག་པའི་ཆིངས་ཡིག་ཅིག་ཡིན།  

བཅའ་ཁྲིམས་དེ་དག་གི་མ་ལག་རྣམས་བཟོ་མཁན་གྱི་ལས་ཁུངས་དང་ཕན་ནུས་ཀྱི་རིམ་པ་རེ་རེ་བཞིན་བཀོད་ཚེ།  རྩ་ཁྲིམས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པ་ཞིག་ཡིན་ལ།   དེ་ལ་ཆེས་མཐོ་ཤོས་ཀྱི་བཅའ་ཁྲིམས་ཟེར།  རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་རྩ་ཁྲིམས་ཡིན་ལ་ཁྲིམས་ཡིག་གཅིག་མ་གཏོགས་མེད།   ཉེས་ཁྲིམས་དང་དམངས་ཁྲིམས།   གན་རྒྱའི་བཅའ་ཁྲིམས།   གཉེན་སྒྲིག་བཅའ་ཁྲིམས་ལ་སོགས་པའི་བཅའ་ཁྲིམས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པ་ཞིག་ཡིན་ལ།   དེ་ལ་རྩ་ཁྲིམས་འོག་མའི་བཅའ་ཁྲིམས་ཟེར།   བཅའ་ཁྲིམས་དེ་རིགས་ལ་བསྡོམས་པས་ཁག410ལྷག་ཡོད།  ཁེ་ལས་དོ་དམ་གཞུང་ལམ་འཛུགས་སྐྲུན།  ཞིང་ལས་བསྒྱུར་བཀོད།  ཕྱུགས་ལས་སྙོམ་སྒྲིག་ལ་སོགས་པའི་སྐོར་གྱི་སྲིད་འཛིན་ཁྲིམས་སྲོལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པ་ཞིག་ཡིན།  དེ་ལ་བཅའ་ཁྲིམས་འོག་མའི་སྲོལ་ཡིག་ཀྱང་ཟེར། བཅའ་ཁྲིམས་དེའི་རིགས་ལ་བསྡོམས་པས་ཁག850ལྷག་ཡོད།   ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནི་ཞིང་ཆེན་དང་།  རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་།   གྲོང་ཁྱེར་ཆེ་ཙམ་བཅས་ཀྱི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པ་ཞིག་ཡིན་ལ།   དེ་ལ་སྲིད་འཛིན་ཁྲིམས་སྲོལ་འོག་མ་ཟེར།  ཁྲིམས་སྲོལ་དེའི་རིགས་ལ་བསྡོམས་པས་ཁག༨༠༠༠ལྷག་ཡོད།  སྲིད་འཛིན་སྒྲིག་སྲོལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་དང་ཨུ་ཡོན་ལྷན་ཁང་།  ཀྲུང་གོའི་མི་དམངས་དངུལ་ཁང་།  རྩིས་བཤེར་ཧྲུའུ་དང་སྲིད་འཛིན་དོ་དམ་གྱི་འགན་ནུས་ཡོད་པའི་ཐད་སྐྱོང་སྒྲིག་གཞི།   ཞིང་ཆེན་དང་།  རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར།  གྲོང་ཁྱེར་ཆེ་ཙམ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པ་ཞིག་ཡིན་ལ།   དེ་རྣམས་སྡེ་ཁག་དེ་དག་གི་ཁོངས་གཏོགས་སུ་སྤྱོད་པའི་སྒྲིག་སྲོལ་ཞིག་ཡིན།  སྒྲིག་སྲོལ་དེའི་རིགས་ལ་བསྡོམས་པས་ཁག4000ལྷག་ཡོད།  མི་རིགས་རང་སྐྱོང་སྲོལ་ཡིག་ནི་མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པ་ཞིག་ཡིན་ལ།   དེ་མི་རིགས་རང་སྐྱོང་ས་གནས་དེའི་ཁོངས་གཏོགས་ཁོ་ནར་སྤྱོད་པའི་སྲོལ་ཡིག་ཅིག་ཡིན།   མི་རིགས་རང་སྐྱོང་སྲོལ་ཡིག་ཁག126དང་སྲོལ་ཡིག་རྐྱང་བ209ཡོད།  དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ནི་དམགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ཨུ་ཡོན་གྱིས་གཏན་འབེབས་བྱས་པ་ཞིག་ཡིན་ལ།   དེ་ནི་དམིགས་སྲིད་འཛིན་ནང་ཁུལ་ཁོ་ནར་སྤྱོད་པ་ཞིག་ཡིན།  རྒྱལ་སྤྱིའི་སྤྱི་ཆིངས་དང་ཆིངས་ཡིག་ནི་མཉམ་འབྲེལ་རྒྱལ་ཚོགས་སམ་རྒྱལ་ཁབ་གཉིས་ཀྱི་བར་དུ་འཇོག་པའི་ཆིངས་ཡིག་ཅིག་ཡིན་ལ།  དེ་ལ་རྒྱལ་ཡོངས་བཅའ་ཁྲིམས་ཀྱི་ནུས་པ་ལྡན་ནོ། །

3 ཁྲིམས་ལུགས་ཀྱི་ངོ་བོ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྗེས་སུ།   རང་རྒྱལ་གྱི་སྤྱི་ཚོགས་རིམ་གྱིས་དམངས་གཙོ་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་བྱེད་རྒྱུར་མངོན་དུ་གྱུར་ཅིང་།   ཐོན་སྐྱེད་རྒྱུ་ཆས་སྒེར་ལ་དབང་བའི་ལམ་ལུག་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་དངོས་སུ་གྲུབ་པ་དང་།   མིས་མི་ལ་བཤུ་གཞོག་བྱེད་པའི་ལམ་ལུགས་རྩ་མེད་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དངོས་སུ་བཙུགས་ཟིན།   བཟོ་པ་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དེ་དོན་དངོས་སུ་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ཡིན་པ་དེ་སྲ་བརྟན་དང་གོང་སྤེལ།   ཀྲུང་གོ་མི་དམངས་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བཙན་རྒྱལ་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་བཙན་འཛུལ་དང་།   གཏོར་བཤིག   དྲག་པོའི་འཁྲུག་སློང་བཅས་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་ཀྱི་རང་བཙན་དང་བདེ་འཇགས་སྲུང་སྐྱོབ་བྱས་པ་དང་།  རྒྱལ་སྲུང་སྟོབས་ཤུགས་ཆེ་རུ་བཏང་བ་རེད།   དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་གལ་འགངས་ཆེ་བ་ཐོབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་མ་ལག་རང་ཚུགས་ལྡན་ལ་ཅུང་ཆ་ཚང་བ་ཞིག་གཞི་རྩའི་ཐོག་ནས་གྲུབ་ཟིན་པ་དང་།   ཞིང་ལས་ཐོན་སྐྱེད་གསལ་པོར་མཐོར་འདེགས་བྱུང་བ།    སློབ་གསོ་དང་།   ཚན་རིག   རིག་གནས་སོགས་ཀྱི་བྱ་གཞག་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དང་འབྲེལ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་ལའང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ།   རྒྱ་ཆེའི་མི་དམངས་ཀྱི་འཚོ་བ་ལའང་ལེགས་བཅོས་ཆེ་ཙམ་བྱུང་ཡོད།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་གསར་དུ་བསྐྲུན་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་།  འདྲ་མཉམ་དང་།  མཐུན་སྒྲིལ།   རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཚུགས་ཟིན་པར་མ་ཟད།  མུ་མཐུན་དེ་ཤུགས་ཆེ་རུ་འགྲོ་ངེས་ཡིན།  མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ནང་དུ།   མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཏེ།  གཙོ་བོ་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོད་བྱེད་དགོས་ལ། ས་གནས་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱེད་དགོས།   རྒྱལ་ཁབ་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་རྒྱལ་ཡོངས་མི་རུགས་ཁག་ཐུན་མོང་དུ་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བར་ སྐུལ་འདེད་བྱེད་ངེས་ཡིན།

ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་ནི་འཛམ་གླིང་མི་དམངས་ཀྱིས་རྒྱབ་སྐྱོར་བྱས་པ་དང་འབྲལ་དུ་མེད་པ་ཞིག་རེད།   ཀྲུང་གོའི་མདུན་ལམ་ནི་འཛམ་གླིང་གི་མདུན་ལམ་དང་དམ་པོར་འབྲེལ་ཡོད།   ཀྲུང་གོས་རང་ཚུགས་རང་བདག་གི་ཕྱི་ཕྱོགས་སྲིད་ཇུས་མཐའ་འཁྱོངས་དང་།   ཕན་ཚུན་བདག་དབང་དང་མངའ་ཁོངས་ཆ་ཚང་བར་བརྩི་འཇོག་བྱེད་པ་དང་།   ཕན་ཚུན་བཙན་གནོད་མི་བྱེད་པ།   ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ།   འདྲ་མཉམ་གཉིས་ཕན་དང་།   ཞི་བདེ་མཉམ་གནས་བྱེད་པ་བཅས་ཀྱི་རྩ་དོན་ལྔ་པོ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་དང་ཕྱི་འབྲེལ་གྱི་འབྲེལ་བ་དང་།   དཔལ་འབྱོར་དང་རིག་གནས་གོང་དུ་སྤེལ་རྒྱུ་དང་།   བཙན་རྒྱལ་རིང་ལུགས་དང་།   བཙན་དབང་རིང་ལུགས།   མི་སེར་སྤེལ་བའི་རིང་ལུགས་བཅས་ལ་ངོ་རྒོལ་མཐའ་འཁྱོལ་བྱེད་རྒྱུ།   འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཐུན་སྒྲིལ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ།   གཉའ་གནོན་མྱོང་མཁན་མི་རིགས་དང་འཕེལ་བཞིན་པའི་རྒྱལ་ཁབ་ཀྱིས་མི་རིགས་རང་བཙན་དོན་གཉེར་དང་སྲུང་སྐྱོབ་བྱེད་པ་དང་མི་རིགས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་ཐོག    འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་།   མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཆེད་དུ་འབད་བརྩོན་བྱ་རྒྱུ་ཡིན།  

རྩ་ཁྲིམས་འདིས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འཐབ་བྱས་པའི་འབྲས་བུ་གཏན་དུ་ཁེལ་བ་དང་།   རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་རྩ་བའི་ལས་འགན་གཏན་ལ་ཕབ་ཡོད།   འདི་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ཡིན་པས་བཅའ་ཁྲིམས་ཀྱི་ནུས་པ་ཆེ་ཤོས་ཡོད་པར་བརྟེན།   རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་།   རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་པོའི་སྟོབས་ཤུགས་མཐའ་དག    ཏང་སྲིད་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག    ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་འདི་རང་རང་གི་བྱེད་སྒོའི་རྩ་བའི་ཚད་གཞིར་འཛིན་དགོས་པར་མ་ཟད།   རྩ་ཁྲིམས་ཀྱི་གཟི་རྔམ་སྲུང་འཛིན་དང་རྩ་ཁྲིམས་ལག་ལེན་དངོས་སུ་བསྟར་བར་འགན་ལེན་བྱེད་པའི་འགན་འཁྲིའང་ཡོད། 

4 བཅའ་ཁྲིམས་སློབ་པའི་དགོས་པ།

བཅའ་ཁྲིམས་ལ་སློབ་སྦྱོང་བྱས་ཚེ་གཞི་ནས་རང་རྟོགས་ཀྱི་སྒོ་ནས་ཁྲིམས་ལ་བརྩི་སྲུང་བྱེད་ཐུབ།   བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཁྲིམས་སྲུང་སྤྱི་དམངས་ཤིག་བྱེད་པའི་ཐོག་མའི་ཆ་རྐྱེན་ཡིན་པས།   ཁྲིམས་སྲུང་གི་སྤྱི་དམངས་ཤིག་བྱེད་པར་ངེས་པར་དུ་ཁྲིམས་ལ་སློབ་སྦྱོང་དང་།   ཁྲིམས་ཤེས་པ།   ཁྲིམས་སྲུང་བ།   ཁྲིམས་ལྟར་ལས་སྒྲུབ་བཅས་བྱེད་དགོས།   

བཅའ་ཁྲིམས་ལ་སློབ་སྦྱོང་བྱས་ཚེ་གང་ཞིག་ཁྲིམས་འགལ་ཉེས་གསོག་ཡིན་པ་དང་།   བཅའ་ཁྲིམས་ནང་བྱ་སྤྱོད་གང་དག་གཏན་འགོག་བྱ་དགོས་པ།   བྱ་སྤྱོད་གང་དག་ལ་ཆད་པ་ཕོག་པ་བཅས་གཞི་ནས་ཤེས་རྟོགས་བྱུང་སླ་ལ།   བཅའ་ཁྲིམས་ནང་གང་ཞིག་བྱ་ཆོག་པ་དང་།   བཅའ་ཁྲིམས་ཀྱི་བྱ་ཆོག་པའི་ཁྱབ་ཁོངས་ཁྲོད་ལས་ཀ་བྱེད་པ།  གླེན་པའི་ལས་བྱེད་པ་བཅས་གཞི་ནས་ཤེས་ཐུབ་པས།   བཅའ་ཁྲིམས་སློབ་སྦྱོང་བྱེད་པ་དེ་ནད་ཕོག་ན་སྨན་ཟ་བ་དང་སྔོན་འགོག་ཏུ་ཁབ་རྒྱག་པ། ན་ཚ་ཡོད་ན་སྨན་བཅོས་བྱེད་པ། ནད་མེད་ཚེ་སྔོན་འགོག་བྱེད་པ་ལྟ་བུ་ཞིག་ཡིན། 

བཅའ་ཁྲིམས་ལ་སློབ་སྦྱོང་བྱས་ཚེ་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་གཞི་ནས་སྲུང་སྐྱོབ་བྱེད་ཐུབ་པས། ང་ཚོས་ངེས་པར་དུ་བཅའ་ཁྲིམས་ཀྱི་ཤེས་བྱར་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་ཤེས་བྱའི་གྲུབ་ཆ་འཐུས་ཚང་དུ་གཏོང་བ་དང་།   བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་ཤེས་པ་དང་། བཅའ་ཁྲིམས་ཀྱི་དྲག་ཆས་ལ་བརྟེན་ནས་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཤེས་དགོས། 

བཅའ་ཁྲིམས་ལ་སློབ་སྦྱོང་བྱས་ཚེ།  དེ་བས་ལེགས་པའི་སྒོ་ནས་ལས་ཀ་སྒྲུབ་ཤེས་པ་དང་།  འཚོ་བ་རོལ་ཤེས་པ།   བཅའ་ཁྲིམས་ཀྱི་ལྟ་སྟངས་ལ་བརྟེན་ནས་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ།  ཐག་གཅོད་བཅས་བྱེད་ཤེས་པའི་ནུས་པ་ལྡན་ལ།   ཁྲིམས་ལྟར་རང་ཉིད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ནུས་པ་ལྡན་པ་མ་ཟད།  རང་ཉིད་ཀྱི་ཁྲིམས་སྤྱོད་ནུས་པ་ཆེ་རུ་བཏང་ནས་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་འཚོ་བ་སྔར་བས་ཡག་པོ་སྐྱེལ་ཐུབ།

5 ཁྲིམས་དང་དཔལ་འབྱོར་བར་གྱི་འབྲེལ་བ།

ཁྲིམས་ནི་སྟེང་གི་བཀོད་པའི་གྲུབ་ཆ་ཞིག་ཡིན་པས།  འདིའི་རྟེན་གཞི་ནི་དཔལ་འབྱོར་གྱི་རྨང་གཞི་ཡིན་ཞིང་། དཔལ་འབྱོར་གྱི་རྨང་གཞི་ལའང་ཁོ་བོས་ཞབས་འདེགས་ཞུ་བ་ཡིན། མར་ཁེ་སིས“སྲིད་ཁྲིམས་དང་འབངས་ཁྲིམས་གང་བཙུགས་ཀྱང་།དེ་ནི་དཔལ་འབྱོར་གྱི་འབྲེལ་བའི་དགོས་མཁོ་ལས་བྱུང་བ་ཡིན”ཞེས་གསུངས་ཡོད། དབང་བསྒྱུར་གྲལ་རིམ་གྱི་འདོད་པ་ནི་དངོས་པོའི་ཁེ་ཕན་ལ་ཐུག་ཡོད་ཀྱང་། དངོས་པའི་ཁེ་ཕན་ཅི་ལྟ་བུ་ཞིག་ཡོད་རྒྱུའང་དབང་བསྒྱུར་གྲལ་རིམ་འདིས་ཐོན་སྐྱེད་འབྲེལ་བའི་ནང་དུ་ཟིན་པའི་གོ་གནས་ལ་ཐུག་ཡོད། མདོར་ན་སྤྱི་ཚོགས་ངེས་ཅན་ཞིག་གི་ཁྲིམས་ཀྱི་ནང་དོན་ནི་སྤྱི་ཚོགས་ངེས་ཅན་དེའི་ཐོན་སྐྱེད་འབྲེལ་བར་ཐུག་ཡོད། བཤུ་གཞོག་གྲལ་རིམ་ཅན་གྱི་ཁྲིམས་ཀྱིས་བཤུ་གཞོག་གྲལ་རིམ་གྱི་ཐོན་སྐྱེད་འབྲེལ་བ་འདི་མཚོན་ཞིང་། དེས་སྒེར་དབང་ལམ་ལུགས་ཅན་གྱི་ཁྲིམས་ཀྱིས་བཤུ་གཞོག་ལམ་ལུགས་ལ་སྲུང་སྐྱོབ་བྱེད་པ་ཡིན། སྤྱི་ཚོགས་རིང་ལུགས་ཅན་གྱི་ཁྲིམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོན་སྐྱེད་འབྲེལ་བ་མཚོན་ཞིང་།  དེས་ཐོན་སྐྱེད་རྒྱུ་ཆ་སྤྱི་ལ་དབང་བའི་ལམ་ལུགས་ལ་སྲུང་སྐྱོབ་བྱས་ནས་བཤུ་གཞོག་ལམ་ལུགས་ལ་ངོ་རྒོལ་བྱེད་པ་ཡིན། ཁྲིམས་ནི་དཔལ་གྱི་རྨང་གཞི་རྙིང་པ་དེ་བཤིག་རྗེས་སུ། དཔལ་འབྱོར་གྱི་རྨང་གཞི་གཅིག་གི་འཕེལ་རིམ་སོ་སོའི་ཁྲིམས་དཔལ་འབྱོར་གྱི་འགྱུར་ལྡོག་་བཞིན་འགྱུར་ལྡོག་ཡོང་གི་ཡོད་པ་དང་། ཁྲིམས་ཀྱི་རྩ་བ་དཔལ་འབྱོར་གྱི་རྨང་གཞི་ལ་ཐུག་ཡོད་ཀྱང་། ཕྱིར་དཔལ་འབྱོར་གྱི་རྨང་གཞི་ལའང་ནུས་པ་འདོན་སྲིད། ནུས་པ་འདི་ནི། དཔལ་འབྱོར་གྱི་ལམ་ལུགས་རྙིང་པ་མེད་པར་གཏོང་རྒྱུའམ། དཔལ་འབྱོར་གྱི་ལམ་ལུགས་རྙིང་པ་གཏོར་རྒྱུ། དཔལ་འབྱོར་གྱི་ལམ་ལུགས་གསར་པ་ངོས་འཛིན་དང་སྲུང་སྐྱོབ་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་འབྲེལ་བའམ་སྤྱི་ཚོགས་ཀྱི་སྒྲིག་ལམ་གསར་པ་རྒྱུན་སྲུང་བྱེད་རྒྱུ་བཅས་ལྟ་བུ་ཡིན། ཡང་ཐོན་སྐྱེད་ཀྱི་ནུས་ཤུགས་ལ་མཚོན་ན། སྤྱི་ཚོགས་ཀྱི་གནས་སྟངས་དེ་གོང་དུ་འཕེལ་སྐབས་སུ། དེས་ཐོན་སྐྱེད་ཀྱི་ནུས་ཤུགས་ལ་བཀག་འགོག་དང་གཏོར་བརླག་གི་རྐྱེན་ངན་ཐེབས་པ་ཡིན། ཁྲིམས་ཀྱིས་ཐོན་སྐྱེན་ཀྱི་ནུས་ཤུགས་ལ་ཐེབས་པའི་ནུས་པ་ནི་ཐོན་སྐྱེད་ཀྱི་འབྲེལ་བ་ཞེས་པའི་བར་བརྒྱུད་འདི་ལབརྟེན་ནས་མངོན་སུམ་དུ་འགྱུར་བ་ཡིན། དེས་སྤྱི་ཚོགས་ཀྱི་འབྲེལ་བ་ལ་ལེགས་སྡེབ་བྱས་པར་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་ཀྱི་དར་འཕེལ་ལ་སྐུལ་འདེད་དང་བཀག་འགོག་གི་ནུས་པ་བཏོན་པ་རེད། 

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས། ཁྲིམས་ལུགས། བཅའ་ཁྲིམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-04

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།