ས་ཆ་ཐོ་འགོད་བྱེད་ཐབས་སྐོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ཆ་ཐོ་འགོད་བྱེད་ཐབས་སྐོར།
ས་ཆའི་ཐོ་འགོད་བྱེད་ཐབས་དེས་གཙོ་བོ་ས་ཆའི་གོ་དོན་དང་རྩ་དོན། ནུས་མཐུ་དང་རྣམ་པ། ནང་དོན་དང་བྱ་རིམ། དེ་ནས་རིམ་བཞིན་ས་ཆའི་ཐོ་འགོད་ཀྱི་གཞི་རྩའི་ལམ་ལུགས་སོགས་ལ་གཏན་འབེབས་ཁ་གསལ་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土地登记办法
གཏན་འབེབས་གསལ་བོ།
གོ་དོན། རྩ་དོན། ནུས་པ།
དུས་ཚོད།
སྤྱི་ལོ2008ལོའི་ཟླ2པའི་ཚེས1ཉིན།
1 ​ལེའུ་དང་པོ། སྤྱིའི་རྩ་འཛིན།

དོན་ཚན་དང་པོ། ས་ཆ་ཐོ་འགོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། ས་ཆར་ཁེ་དབང་སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱུ་དངོས་བདག་དབང་སྐོར་གྱི་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་ཁང་ས་བདག་ཁོངས་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》 《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དངོས་བསྟར་བྱེད་སྐོར་གྱི་སྲོལ་ཡིག》བཅས་གཞིར་བཟུང་སྟེ་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདི་ལས་ས་ཆ་ཐོ་འགོད་ཅེས་པ་ནི་རྒྱལ་ཁབ་ལ་དབང་བའི་ས་ཞིང་བཀོལ་སྤྱོད་བྱེད་དབང་དང་། ཐུན་མོང་གི་ས་ཆ་བདག་འཛིན་བྱེད་དབང་། ཐུན་མོང་གི་ས་ཆ་བཀོལ་སྤྱོད་བྱེད་དབང་དང་ས་ཆ་གཏའ་མར་འཇོག་དབང་། ས་སྤྱོད་དབང་ཆ་དང་དེ་མིན་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཐོ་འགོད་བྱེད་དགོས་རིགས་ཀྱི་ས་ཆ་གཞན་དག་སྐོར་གྱི་ཁེ་དབང་བཅས་ཐོ་དེབ་སྟེང་བཀོད་དེ་སྤྱི་བསྒྲགས་བྱེད་པའི་བྱ་སྤྱོད་ལ་ཟེར།

གོང་གི་དོན་ཚན་ལས་གཏན་འབེབས་བྱས་པའི་རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་ནང་དུ་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་དང་རྒྱལ་ཁབ་ལ་དབང་ཞིང་སྤྱོད་ས་ཆ་བཀོལ་སྤྱོད་བྱེད་དབང་འདུ་བ་དང་། ཐུན་མོང་གི་ས་ཆ་བཀོད་སྤྱོད་བྱེད་དབང་ནང་དུ་ཐུན་མོང་གི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བཀོད་སྤྱོད་བྱེད་དབང་དང་། ཁང་ས་བཀོལ་སྤྱོད་བྱེད་དབང་། ཐུན་མོང་གི་ཞིང་སྤྱོད་ས་ཆ་བཀོལ་སྤྱོད་བྱེད་དབང(ས་ཆ་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་མི་འདུ)བཅས་འདུ་བ་ཡིན།

དོན་ཚན་གསུམ་པ། ས་ཆ་ཐོ་འགོད་བྱེད་རྒྱུ་ཡིས་ཁོངས་གཏོགས་ས་ཁོངས་སྐོར་གྱི་ཐོ་འགོད་རྩ་དོན་ལག་ལེན་བསྟར་རྒྱུ།

ཐོ་འགོད་ཡོང་རེ་ཞུ་མཁན་ནས་བྱེད་ཐབས་འདི་ཉིད་ལྟར་ས་ཆ་གནས་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ས་ཆ་ཐོ་འགོད་ཡོང་རེ་ཞུ་རྒྱུ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཐོ་གཞུང་བཟོས་ནས་ས་ཆའི་ཁེ་དབང་ལག་ཁྱེར་དཔྱད་སྤྲོད་བྱ་དགོས། ཡིན་ནའང་ས་ཆ་གཏའ་མར་འཇོག་དབང་དང་། ས་སྤྱོད་དབང་ཆ་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ཐོ་འགོད་བྱ་དགོས་ཐོག་ས་ཆའི་གཞན་སྤྱོད་ཁེ་དབང་སྐོར་གྱི་བདེན་དཔང་སྤྲོད་རྒྱུ།

རྫོང་རིམ་པ་ལས་བརྒལ་བའི་སྲིད་འཛིན་ས་ཁོངས་ཀྱིས་བཀོལ་སྤྱོད་བྱེད་རྒྱུའི་ས་ཆ་དེ་ས་ཆ་བརྒལ་ཡོད་སའི་ས་ཁོངས་ཀྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནས་སོ་སོར་དབྱེ་ནས་ཐོ་འགོད་རྒྱུ།

པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་ནས་ས་ཆ་བཀོལ་སྤྱོད་བྱེད་པར《པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་ནས་ས་ཆ་བཀོལ་སྤྱོད་བྱེད་པར་ཐོ་འགོད་བྱེད་སྐོར་གྱི་བྱེད་ཐབས》ཀྱི་གཏན་འབེབས་ལྟར་ལག་བསྟར་བྱེད་རྒྱུ།

དོན་ཚན་བཞི་བ། རྒྱལ་ཁབ་ནས་ས་ཆ་ཐོ་འགོད་བྱེད་མིས་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ལས་གནས་སུ་འགྲོ་རྒྱུའི་ལམ་ལུགས་ལག་ལེན་བསྟར་རྒྱུ། ས་ཁོངས་བདག་དབང་ཞིབ་བཤེར་གཏན་འབེབས་དང་ཞིབ་དཔྱད་བྱེད་པའི་ལས་ཀ་གཉེར་མཁན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་སྤྲད་པའི་ས་ཆ་ཐོ་འགདོ་བྱེད་ཆོག་པའི་ལག་ཁྱེར་ཐོབ་དགོས་རྒྱུ།

2 ལེའུ་གཉིས་པ། གཏན་འབེབས་སྤྱིར་བཏང་བའི་སྐོར།

དོན་ཚན་ལྔ་བ། ས་ཆ་ཐོ་འགོད་བྱེད་རྒྱུ་དེ་ས་ཆའི་བདག་ཁོངས་ཚོད་འཛིན་བྱས་པ་སྡེ་ཚན་བྱས་ཏེ་ཐོ་འགོད་བྱ་རྒྱུ།

དོན་ཚན་དྲུག་པ། ས་ཆ་ཐོ་འགོད་བྱ་རྒྱུ་དེ་རེ་འདུན་ཞུས་པ་ལྟར་སྤེལ་རྒྱུ། ཡིན་ནའང་བཅའ་ཁྲིམས་དང་། ཁྲིམས་སྲོལ། བྱེད་ཐབས་འདི་ཉིད་བཅས་སུ་གཏན་ཁེལ་མི་མཐུན་པ་བྱས་ཡོད་རིགས་ཕུད།

དོན་ཚན་བདུན་པ། ས་ཆ་ཐོ་འགོད་བྱེད་རྒྱུར་དོ་བདག་པས་ཐུན་མོང་དུ་རེ་འདུན་ཞུ་དགོས། ཡིན་ནའང་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཁེར་རྐྱང་དུ་རེ་འདུན་ཞུས་ཆོག

(གཅིག)ས་ཆ་ལ་སྤྱི་ནས་ཐོ་འགོད་བྱེད་པ།

(གཉིས)རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་དང་། ཐུན་མོང་གི་ས་ཆ་བདག་འཛིན་བྱེད་དབང་། ཐུན་མོང་གི་ས་ཆ་བཀོལ་སྤྱོད་བྱེད་དབང་བཅས་ལ་ཐོག་མའི་ཐོ་འགོད་བྱེད་པ།

(གསུམ)ཤུལ་འཛིན་བྱས་པའམ་ཡང་ན་ཁ་ཆེམས་ལྟར་ས་ཆའི་ཁེ་དབང་ཐོབ་པར་ཐོ་འགོད་བྱེད་པ།

(བཞི)མི་དམངས་སྲིད་གཞུང་གི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ཟིན་པའི་ས་ཆའི་བདག་ཁོངས་ཐད་ཀྱི་རྩོད་གཞི་བཀོད་སྒྲིག་བཏང་པའི་ཐག་གཅོད་ལ་བརྟེན་ནས་ས་ཆའི་ཁེ་དབང་ཐོབ་པར་ཐོ་འགོད་བྱེད་པ།

(ལྔ)མི་དམངས་ཁྲིམས་ཁང་དང་། འདུམ་གཅོད་ལས་ཁུངས་ཀྱི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡི་གེར་བརྟེན་ནས་ཐོབ་པའི་ས་ཆའི་ཁེ་དབང་ཐོ་འགོད་བྱེད་པ།

(དྲུག)ནོར་བཅོས་ཀྱི་ཐོ་འགོད་དམ་ཡང་ན་བསམ་འཆར་མི་མཐུན་པའི་ཐོ་འགོད་བྱེད་པ།

(བདུན)མིང་དང་། གནས་ཡུལ་ལམ་ཡང་ན་སྤྱོད་སྒོ་བསྒྱུར་བའི་ཐོ་འགོད་བྱེད་པ།

(བརྒྱད)ས་ཆའི་ཁེ་དབང་འཛིན་སྐོར་གྱི་ལག་ཁྱེར་གསབ་སྤྲོད་དང་བརྗེ་སྤྲོད་བྱེད་པ།

(དགུ)གཏན་འབེབས་ལྟར་དོ་བདག་མིས་ཁེར་རྐྱང་དུ་རེ་འདུན་ཞུ་ཆོག་པའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་བརྒྱད་པ།  མི་གཉིས་ཡན་གྱི་ས་ཆ་བཀོལ་སྤྱོད་བྱེད་དབང་ཡོད་པའི་མིས་ཐུན་མོང་དུ་ས་ཆ་གཅིག་བཀོལ་སྤྱོད་བྱེད་པ་ཡིན་ན། སོ་སོས་ས་ཆ་ཐོ་འགོད་ཡོང་རེ་ཞུས་ཆོག

དོན་ཚན་དགུ་པ། རེ་འདུན་ཞུ་མཁན་ནས་ས་ཆ་ཐོ་འགོད་ཡོང་རེ་ཞུ་སྐབས། ཐོ་འགོད་བྱ་དགོས་པའི་དོན་ཚན་མི་འདྲ་བར་གཞིགས་ནས་གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་རྒྱུ།

(གཅིག)ས་ཆ་ཐོ་འགོད་ཀྱི་རེ་འདུན་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་ཡིག་རིགས།

(གསུམ)ས་ཆའི་བདག་ཁོངས་ཐོབ་ཚུལ་གྱི་བདེན་དཔང་།

(བཞི)ས་ཁོངས་ལ་བརྟག་དཔྱད་བྱས་པའི་རེའུ་མིག་དང་ས་ཆའི་བདག་ཁོངས་ཚོད་འཛིན་བྱས་པའི་དཔེ་རིས། དེ་མིན་ས་ཆའི་བདག་ཁོངས་ཚོད་འཛིན་བྱས་པའི་མཚམས་ཚད་ཀྱི་གནས་ཚད།

(ལྔ)ས་ཐོག་ཟུར་འབྱར་དངོས་རིགས་ཀྱི་བདག་ཁོངས་སྐོར་གྱི་བདེན་དཔང་།

(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་དཔྱ་ཁྲལ་འཇལ་བའམ་ཡང་ན་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་བཏང་པའི་འཛིན་ཡིག

(བདུན)བྱེད་ཐབས་འདིས་གཏན་འབེབས་བྱས་པའི་བདེན་དཔང་ཡིག་རིགས་གཞན་དག་བཅས་སོ། །

དོན་ཚན་བཅུ་བ། ལོ་ན་མ་སོན་པའི་མིའི་ས་ཞིང་ལ་འཛིན་པའི་ཁེ་དབང་ཐོ་འགོད་བྱ་རྒྱུར་ལྟ་སྐྱོང་བྱེད་མིས་དེའི་ཚབ་བྱས་ཏེ་ཐོ་འགོད་ཡོང་རེ་ཞུ་དགོས།

ལོ་ན་མ་སོན་པའི་མི་ཡི་ས་ཆ་ཐོ་འགོད་ཡོང་རེ་ཞུ་སྐབས་བྱེད་ཐབས་འདིའི་དོན་ཚན་དགུ་བར་གཏན་འབེབས་བྱས་པའི་ཡིག་རིགས་འདོན་སྤྲོད་བྱ་དགོས་པ་ལས་གཞན། ད་དུང་ལྟ་སྐྱོང་བྱེད་མིའི་ཐོབ་ཐང་མཚན་བྱེད་ཀྱི་བདེན་དཔང་ཡིག་རིགས་ཀྱང་འདོན་སྤྲོད་བྱ་དགོས།

དོན་ཚན་བཅུ་གཅིག་པ། མངག་བཅོལ་ལས་ཚབ་པས་ས་ཆ་ཐོ་འགོད་ཡོང་རེ་ཞུ་པར་བྱེད་ཐབས་འདིའི་དོན་ཚན་དགུ་བར་གཏན་འབེབས་བྱས་པའི་ཡིག་རིགས་འདོན་སྤྲོད་བྱ་དགོས་པ་ལས་གཞན། ད་དུང་དབང་ཆ་བཅོལ་ཡིག་དང་ལས་ཚབ་པའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་འདོན་དགོས།

མངའ་ཁོངས་ཕྱིའི་རེ་འདུན་ཞུ་མཁན་གྱིས་ས་ཆ་ཐོ་འགོད་ཡོང་རེ་ཞུས་པར་ལས་ཚབ་བྱེད་ན། དབང་ཆ་བཅོལ་ཡིག་དང་ལས་ཚབ་བྱེད་ཡུལ་གྱི་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་ལ་ཁྲིམས་ལྟར་གཞུང་དཔང་བྱེད་རྒྱུའམ་ཡང་ན་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་རྒྱུ།

དོན་ཚན་བཅུ་གཉིས་པ། དོ་བདག་པས་ས་ཆ་ཐོ་འགོད་ཡོང་རེ་ཞུས་པར་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་གཤམ་གསལ་གྱི་གནས་ཚུལ་ལ་གཞིགས་ནས་སོ་སོར་ཐག་གཅོད་རྒྱུ།

(གཅིག) ཐོ་འགོད་ཡོང་རེ་ཞུས་པའི་ས་ཆ་དེ་ཐོ་འགོད་ཀྱི་མངའ་ཁུལ་དེ་རུ་མེད་ན། ས་དེ་ནས་བདག་སྤྲོད་མི་བྱེད་པའི་ཐག་གཅོད་བྱེད་དགོས་ཐོག་རེ་འདུན་ཞུ་མཁན་ལ་བདག་སྤྲོད་བྱེད་མི་བྱེད་པའི་ཐག་གཅོད་བྱེད་དགོས་ཐོག་རེ་འདུན་ཞུ་མཁན་ལ་བདག་སྤྲོད་བྱེད་དབང་ཡོད་པའི་རྒྱལ་ཁབ་ཀྱི་མངས་ཁོངས་དང་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་རེ་འདུན་ཞུ་དགོས་པ་ཤེས་སུ་འཇུག་རྒྱུ།

(གཉིས)རེ་འདུན་ཞུ་སྐོར་གྱི་ཡིག་རིགས་ནང་ས་དེ་ག་རུ་དག་བཅོས་བྱེད་ཆོག་པའི་ནོར་འཆུག་ཡོད་ན། རེ་འདུན་ཞུ་མཁན་ལ་ས་དེ་ག་རུ་དག་བཅོས་བྱེད་དུ་བཅུག་ཆོག 

(གསུམ)རེ་འདུན་ཞུ་སྐོར་གྱི་ཡིག་རིགས་ཆ་མི་ཚང་བའམ་ཡང་ན་ཁྲིམས་བཀོད་ཀྱི་རྣམ་པ་དང་མི་མཐུན་ན། ས་དེ་གའམ་ཡང་ན་ཉིན་ལྔའི་ནང་ཚུན་རེ་འདུན་ཞུ་མཁན་ལ་གསལ་བརྡ་ཐེངས་གཅིག་བཏང་སྟེ་ཁ་གསབ་དག་བཅོས་བྱེད་དགོས་པའི་ནང་དོན་ཡོངས་རྫོགས་ཤེས་སུ་འཇུག་དགོས།

(བཞི)རེ་འདུན་ཞུ་སྐོར་གྱི་ཡིག་རིགས་ཆ་ཚང་བ་དང་ཁྲིམས་བཀོད་རྣམ་པ་དང་མཐུན་པའམ་ཡང་ན་རེ་འདུན་ཞུ་མཁན་གྱིས་བླང་བྱ་ལྟར་ཁ་གསབ་དག་བཅོས་བྱས་པའི་རེ་འདུན་ཞུ་སྐོར་གྱི་ཡིག་རིགས་ཡོངས་རྫོགས་འདོན་སྤྲོད་བྱས་ན། ས་ཆ་ཐོ་འགོད་ཡོང་རེ་ཞུས་པ་དང་ལེན་བྱ་དགོས།

དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ས་ཆ་ཐོ་འགོད་ཡོང་རེ་ཞུས་པ་དང་ལེན་བྱས་རྗེས། དགོས་ངེས་ཡོད་སྙམ་ན་འབྲེལ་ཡོད་ཀྱི་ཐོ་འགོད་དོན་ཚན་རེ་འདུན་ཞུ་མཁན་ལ་འདྲི་ཆོག་པ་དང་། ཐོ་འགོད་ཡོང་རེ་ཞུས་པའི་ས་ཆར་ལྟ་ཞིར་བྱས་ཀྱང་ཆོག

དོན་ཚན་བཅུ་བཞི་བ། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་དང་ལེན་བྱས་པའི་ས་ཆ་ཐོ་འགོད་ཡོང་རེ་ཞུས་པར་ཞིབ་བཤེར་བྱ་དགོས་ཐོག་གཤམ་གསལ་གྱི་གཏན་འབེབས་ལྟར་ཐོ་འགོད་འགྲོ་ལུགས་འགྲིམ་དགོས།

(གཅིག)ས་ཆ་ཐོ་འགོད་ཡོང་རེ་ཞུས་པར་ཞིབ་བཤེར་གཏན་འབེབས་བྱས་པའི་མཇུག་འབྲས་ལ་གཞིགས་ནས། ས་ཆའི་བདག་ཁོངས་ཚོད་འཛིན་བྱས་པ་སྡེ་ཚན་བྱས་ཏེ་ས་ཆ་ཐོ་འགོད་བྱེད་ཐོ་སྐོང་རྒྱུ།

(གཉིས)ས་ཆའི་ཐོ་དེབ་ནང་གི་འབྲེལ་ཡོད་ནང་དོན་ལྟར་ཁེ་དབང་འཛིན་མཁན་སྡེ་ཚན་བྱས་ཏེ་ས་ཆ་དུད་ཁྱིམ་ལ་སྤྲད་པའི་ཡིག་བྱང་སྐོང་རྒྱུ།

(གསུམ)ས་ཆ་ཐོ་འགོད་བྱེད་དེབ་ནང་གི་འབྲེལ་ཡོད་ནང་དོན་ལྟར་ས་ཆའི་བདག་ཁོངས་ཚོད་འཛིན་བྱས་པ་སྡེ་ཚན་བྱས་ཏེ་ས་ཆའི་ཁེ་དབང་ལག་ཁྱེར་སྐོང་རྒྱུ། ས་ཆའི་བདག་ཁོངས་ཚོད་འཛིན་བྱས་པའི་ས་ཆ་གཅིག་མཉམ་དུ་དབང་རིགས་ལ། ཁེ་དབང་འཛིན་མཁན་གཉིས་ཡན་ལ་སོ་སོ་བྱས་ཏེ་ས་ཆའི་ཁེ་དབང་ལག་ཁྱེར་སྐོང་དུ་འཇུག་དགོས།

རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ས་ཆ་བདག་འཛིན་བྱེད་དབང་དང་ས་ཆ་བཀོལ་སྤྱོད་བྱེད་དབང་ཐོ་འགོད་བྱེད་པའི་འགྲོ་ལུགས་འགྲིམ་པའི་སྔོན་ལ་རིམ་པ་མཉམ་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་བཀའ་འཁྲོལ་ཞུ་དགོས། 

དོན་ཚན་བཅོ་ལྔ་བ། ས་ཆ་ཐོ་འགོད་བྱེད་དེབ་ནི་ས་ཆ་ལ་འཛིན་པའི་ཁེ་དབང་གཏོགས་ཁོངས་དང་ནང་དོན་གྱི་གཞི་འཛིན་ས་ཡིན་ཞིང་། ས་ཆ་ཐོ་འགོད་བྱེད་དེབ་ནང་གཤམ་གསལ་གྱི་ནང་དོན་དག་གསལ་བོར་འགོད་རྒྱུ།

(གཅིག)ས་ཆར་ཁེ་དབང་འཛིན་མཁན་གྱི་རུས་མིང་ངམ་ཡང་ན་མིང་དང་། གནས་ཡུལ།

(གཉིས)ས་ཆའི་བདག་ཁོངས་ཀྱི་ངོ་བོ་དང་། བཀོལ་སྤྱོད་བྱེད་དབང་གི་རིགས་སྣ། ས་ཆ་སྤྱོད་དབང་ཐོབ་པའི་དུས་ཚོད་དང་བཀོལ་སྤྱོད་བྱེད་ཡུན། ཁེ་དབང་དང་དེ་མིན་ནང་དོན་ལ་འགྱུར་ལྡོག་བྱུང་བའི་གནས་ཚུལ་བཅས་དང་།

(གསུམ)ས་ཆའི་གནས་ས་དང་མཚམས་ཚད། རྒྱ་ཁྱོན། ས་ཆའི་བདག་ཁོངས་ཚོད་འཛིན་བྱས་པའི་ས་ཆའི་ཨང་རྟགས། སྤྱོད་སྒོ་དང་ཐོབ་ལེན་བྱས་པའི་རིན་གོང་།

(བཞི)ས་ཆའི་ཐོག་གི་ཟུར་འབྱར་དངོས་རིགས་ཀྱི་གནས་ཚུལ།

ས་ཆ་ཐོ་འགོད་བྱེད་དེབ་སྟེང་དུ་མི་དམངས་སྲིད་གཞུང་གི་ཐམ་ཀ་རྒྱག་དགོས།

ས་ཆ་ཐོ་འགོད་བྱེད་སྐབས་གློག་རྡུལ་སྨྱན་རྫས་སྤྱད་རིགས་ནས་ཉིན་རེར་ཉར་འཇོག་ཐེངས་རེ་བྱ་རྒྱུ།

དོན་ཚན་བཅུ་དྲུག་པ། ས་ཆར་ཁེ་དབང་འཛིན་པའི་ལག་ཁྱེར་ནི་ས་ཆར་ཁེ་དབང་འཛིན་མཁན་ལ་ས་ཆར་ཁེ་དབང་འཛིན་དབང་ཡོད་པའི་བདེན་དཔང་ཡིན།

ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་ནང་བཀོད་པའི་དོན་ཚན་དག་ས་ཆ་ཐོ་འགོད་བྱེད་དེབ་དང་གཅིག་གྱུར་ཡིན་དགོས་རྒྱུ། ཐོ་འགོད་བྱས་རིགས་དང་གཅིག་མཐུན་མིན་ན། ས་ཆ་ཐོ་འགོད་བྱེད་དེབ་ལ་དངོས་གནས་ནོར་འཆུག་ཡོད་པར་བདེན་དཔང་ཡོད་པ་ཕུད། ས་ཆ་ཐོ་འགོད་བྱེད་དེབ་གཞིར་འཛིན་དགོས།

དོན་ཚན་བཅུ་བདུན་པ། ས་ཆར་ཁེ་དབང་འཛིན་སྐོར་གྱི་ལག་ཁྱེར་ལ་གཤམ་གསལ་གྱི་རིགས་འདུ་སྟེ།

(གཅིག)རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་ཀྱི་ལག་ཁྱེར།

(གཉིས)ཐུན་མོང་གི་ས་ཆ་བདག་འཛིན་བྱེད་པའི་ལག་ཁྱེར།

(གསུམ)ཐུན་མོང་གི་ས་ཆ་བཀོལ་སྤྱོད་བྱེད་པའི་ལག་ཁྱེར།

(བཞི)ས་ཆར་ཁེ་དབང་གཞན་འཛིན་པའི་དཔང་ཡིག་བཅས་སོ། །

རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་དང་རྒྱལ་ཁབ་ལ་དབང་བའི་ཞིང་སྤྱོད་ས་ཆ་བཀོལ་སྤྱོད་བྱེད་དབང་དེ་རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་ཀྱི་ལག་ཁྱེར་སྟེང་གསལ་བོར་འགོད་རྒྱུ་དང་། ཐུན་མོང་གི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་དང་། ཁང་ས་བཀོལ་སྤྱོད་བྱེད་དབང་། ཐུན་མོང་གི་ཞིང་སྤྱོད་ས་ཆ་བཀོལ་སྤྱོད་བྱེད་དབང་བཅས་ཐུན་མོང་གི་ས་ཆ་བཀོལ་སྤྱོད་བྱེད་པའི་ལག་ཁྱེར་སྟེང་གསལ་བོར་འགོད་རྒྱུ། ས་ཆ་གཏའ་མར་འཇོག་དབང་དང་ས་སྤྱོད་དབང་ཆ་དེ་ས་ཆར་ཁེ་དབང་གཞན་པའི་དཔང་ཡིག་སྟེང་གསལ་བོར་འགོད་རྒྱུ།

ས་ཆར་ཁེ་དབང་འཛིན་སྐོར་གྱི་ལག་ཁྱེར་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་གཅིག་སྡུད་ཀྱིས་ལྟ་ཞིབ་འོག་བཟོ་རྒྱུ།

དོན་ཚན་བཅོ་བརྒྱད་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཐོ་འགོད་མི་བྱེད་རྒྱུ།

(གཅིག)ས་ཆའི་བདག་ཁོངས་ལ་རྩོད་གཞི་ཡོད་རིགས།

(གཉིས)ས་ཆའི་སྐོར་གྱི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཐག་གཅོད་བྱེད་མེད་པའམ་ཡང་ན་ཐག་གཅོད་བྱེད་བཞིན་པའི་རིགས།

(གསུམ)ཁྲིམས་ལྟར་ས་ཆ་རིན་དོན་ཡོད་པར་བེད་སྤྱོད་བྱས་ཡོན་ནམ་ཡང་ན་ཁྲལ་དངུལ་གཞན་དག་ཡོངས་རྫོགས་སུ་མ་སྤྲད་པའི་རིགས།

(བཞི)ཐོ་འགོད་ཡོང་རེ་ཞུས་པའི་ས་ཆར་འཛིན་པའི་ཁེ་དབང་དེ་གཏན་འབེབས་བྱས་པའི་དུས་བཀག་ལས་བརྒལ་བའི་རིགས།

(ལྔ)ཁྲིམས་ལྟར་ཐོ་འགོད་མི་བྱེད་རྒྱུའི་རིགས་གཞན་དག་བཅས་ཡིན།

ཐོ་འགོད་མི་བྱེད་པ་ཡིན་ན་རེ་འདུན་ཞུ་མཁན་ལ་ཡིག་ཐོག་ནས་ཐོ་འགོད་མི་བྱེད་པའི་གནས་ལུགས་སྤྲོད་རྒྱུ།

དོན་ཚན་བཅུ་དགུ་པ། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་སྡེ་ཁག་ནས་ས་ཆ་ཐོ་འགདོ་ཡོང་རེ་ཞུས་ཉིན་ནས་བཟུང་ཉིན་ཉི་ཤུའི་ནང་ས་ཆ་ཐོ་འགོད་ཡོང་རེ་ཞུས་པར་ཞིབ་བཤེར་བྱེད་པའི་འགྲོ་ལུགས་འགྲིམ་ཚར་དགོས།

དམིགས་བསལ་གྱི་གནས་ཚུལ་འོག་དུས་བཅད་ཇེ་རིང་དུ་གཏོང་དགོས་ན། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་འགན་འཁུར་བས་ཆོག་མཆན་བཀོད་རྗེས། ཉིན་བཅུ་ཕྱིར་འགྱངས་བྱས་ཆོག

དོན་ཚན་ཉི་ཤུ་པ། ས་ཆ་ཐོ་འགོད་བྱས་པ་ལས་གྲུབ་པའི་ཡིག་ཆ་དང་དཔྱད་གཞིའི་ཡིག་རིགས་ལ་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དོ་དམ་བྱེད་འགན་འཁུར་དགོས།

ས་ཆ་ཐོ་འགོད་ཡོང་རེ་ཞུ་ཡིག་དང་། ས་ཆ་ཐོ་འགོད་བྱེད་པར་ཞིབ་བཤེར་གྱིས་ཆོག་མཆན་འགོད་པའི་རེའུ་མིག  ས་ཆ་ཐོ་འགོད་བྱས་ཏེ་དུད་ཁྱིམ་ལ་སྤྲད་པའི་ཡིག་བྱང་། ས་ཆ་ཐོ་འགོད་བྱེད་དེབ་ཀྱི་བཟོ་དབྱིབས་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

3 ལེའུ་གསུམ་པ། ས་ཆའི་སྤྱིའི་ཐོ་འགོད་བྱེད་སྐོར།

དོན་ཚན་ཉེར་གཅིག་པ། བྱེད་ཐབས་འདི་ལས་ས་ཆར་སྤྱིའི་ཐོ་འགོད་བྱེད་པ་ཅེས་པ་ནི་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་མངའ་ཁུལ་ནང་གི་ས་ཆ་ཡོངས་རྫོགས་སམ་ཡང་ན་དམིགས་སུ་བཙུགས་པའི་ས་ཁོངས་ནང་གི་ས་ཆར་ཕྱོགས་ཡོངས་ནས་ཐོ་འགོད་བྱེད་པ་ལ་ཟེར།

དོན་ཚན་ཉེར་གཉིས་པ། ས་ཆར་སྤྱིའི་ཐོ་འགོད་བྱེད་སྐབས་བརྡ་ཁྱབ་སྤེལ་རྒྱུ།བརྡ་ཁྱབ་ཀྱི་ནང་དོན་གཙོ་བོ་གཤམ་གསལ་ལྟར།

(གཅིག)ས་ཆ་ཐོ་འགོད་བྱེད་ཁུལ་འབྱེད་པ།

(གཉིས)ས་ཆ་ཐོ་འགོད་བྱེད་པའི་དུས་བཀག

(གསུམ)ས་ཆ་ཐོ་འགོད་བྱེད་སྐོར་གྱི་སྐུར་ཡིག་རྩིས་ལེན་བྱེད་ས།

(བཞི)ས་ཆ་ཐོ་འགོད་རེ་ཞུ་མཁན་ནས་འདོན་སྤྲོད་བྱ་དགོས་པའི་འབྲེལ་ཡོད་ཀྱི་ཡིག་ཆ་དང་དཔྱད་གཞིའི་ཡིག་རིགས།

(ལྔ)བརྡ་ཁྱབ་སྤེལ་དགོས་པའི་བྱ་བ་གཞན་དག་བཅས་སོ། །

དོན་ཚན་ཉེར་དསུམ་པ། སྤྱིའི་ཐོ་འགོད་བྱེད་རྒྱུའི་བླང་བྱ་དང་མཐུན་པའི་ས་ཆ་རྣམས་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་བརྡ་ཁྱབ་སྤེལ་རྒྱུ། བརྡ་ཁྱབ་སྤེལ་རྒྱུའི་ནང་དོན་གཙོ་བོ་གཤམ་གསལ་ལྟར།

(གཅིག)ས་ཆར་ཁེ་དབང་འཛིན་མཁན་གྱི་རུས་མིང་ངམ་ཡང་ན་མིང་དང་། གནས་ཡུལ། 

(གཉིས)ཐོ་འགོད་བྱས་ཆོག་པའི་ས་ཆ་གནས་ཡུལ་དང་། རྒྱ་ཁྱོན། སྤྱོད་སྒོ། བདག་གི་ཁོངས་ཀྱི་ངོ་བོ། བཀོལ་སྤྱོད་བྱེད་དབང་གི་རིགས་དང་བཀོལ་སྤྱོད་བྱེད་རྒྱུའི་དུས་བཀག

(གསུམ)ས་ཆར་ཁེ་དབང་འཛིན་མཁན་དང་ཁེ་གྱོང་གི་འབྲེལ་བར་ཐུག་པའི་མིས་བསམ་འཆར་མི་མཐུན་པ་འདོན་པའི་དུས་བཀག་དང་། ཐབས་ཚུལ། བདག་སྤྲོད་བྱེད་མཁན་གྱི་ལས་ཁུངས།

(བཞི)བརྡ་ཁྱབ་སྤེལ་དགོས་པའི་བྱ་བ་གཞན་དག་བཅས་སོ། །

དོན་ཚན་ཉེར་བཞི་པ། སྤྱི་བསྒྲགས་བྱེད་པའི་དུས་ཡུན་ཐིམ་རྗེས་དོ་བདག་པས་ས་ཆར་སྤྱིའི་ཐོ་འགོད་བྱས་པར་བསམ་འཆར་མི་མཐུན་པ་མེད་པའམ་ཡང་ན་བསམ་འཆར་མི་མཐུན་པ་བཏོན་ཡང་གཞི་ཚུགས་མི་ཐུབ་ན། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་མི་དམངས་སྲིད་གཞུང་ལ་ཕུལ་ཏེ་ཆོག་མཆན་བཀོད་རྗེས་ཐོ་འགོད་བྱ་རྒྱུ།

4 ལེའུ་བཞི་བ། ཐོག་མའི་ཐོ་འགོད་བྱེད་སྐོར།

དོན་ཚན་ཉེར་ལྔ་བ། བྱེད་ཐབས་འདི་ལས་ཐོག་མའི་ཐོ་འགོད་ཅེས་པ་ནི་ས་ཆར་སྤྱིའི་ཐོ་འགོད་ཅེས་པ་ནི་ས་ཆར་སྤྱིའི་ཐོ་འགོད་བྱེད་པ་མ་ཚུད་པར་ཚུགས་པའི་ས་ཆར་ཁེ་དབང་འཛིན་པ་ཐོ་འགོད་བྱེད་པ་ལ་ཟེར།

དོན་ཚན་ཉེར་དྲུག་པ། ཁྲིམས་ལྟར་གཏོང་སྤྲོད་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ཐད་མཁོ་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་ཐོབ་པ་ཡིན་ན། དོ་བདག་པས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་ཆ་བཀོལ་སྤྱོད་བྱེད་རྒྱུར་ཆོག་མཆན་སྤྲད་པའི་ཡིག་ཆ་དང་རྒྱལ་ཁབ་ལ་དབང་བའི་ས་ཆ་གཏོང་སྤྲོད་ཀྱི་ཐག་གཅོད་ཡི་གེ་ལ་སོགས་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་ཁྱེར་ནས་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ཐད་མཁོ་བའི་ས་ཆ་གཏོང་སྤྲོད་བྱས་པར་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་རྒྱུ།

གསར་དུ་ལས་འགོ་ཚུགས་པའི་འཛུགས་སྐྲུན་གྱི་རྣམ་གྲངས་ཆེ་འབྲིང་རིགས་སྤེལ་ཆེད་གཏོང་སྤྲོད་བྱས་པའི་རྒྱལ་ཁབ་ལ་དབང་བའི་ས་ཆ་སྤྱོད་དགོས་ན། འཛུགས་སྐྲུན་གྱི་རྣམ་གྲངས་ལེགས་འགྲུབ་བྱུང་ནས་ཞིབ་བཤེར་རྩིས་ལེན་བྱས་པའི་སྙན་ཞུའང་འདོན་སྤྲོད་བྱ་དགོས།

དོན་ཚན་ཉེར་བདུན་པ། ཁྲིམས་ལྟར་ནང་བཤུག་གཏོང་ཐབས་ལ་བརྟེན་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་གྱི་ས་ཆ་བཀོལ་སྤྱོད་བྱེད་དབང་ཐོབ་པར་དོ་བདག་པས་རྒྱལ་ཁབ་ལ་དབང་བའི་ས་ཆ་གཏོང་སྤྲོད་བཏང་བའི་རིན་དངུལ་གཙང་འཇལ་བྱས་རྗེས། རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་ནང་བཤུག་བཏང་བའི་གན་རྒྱ་དང་ས་ཆ་ནང་བཤུག་བཏང་བའི་རིན་དངུལ་སྤྲད་ཟིན་པའི་འཛིན་ཡིག་ལ་སོགས་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡི་གེ་འཁྱེར་ནས་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་བྱེད་དབང་ནང་བཤུག་བཏང་བའི་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ཉེར་བརྒྱད་པ། གཏོང་སྤྲོད་བཏང་བའི་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་བྱེད་དབང་དེ་ཁྲིམས་ལྟར་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་བྱེད་དབང་ནང་བཤུག་བཏང་བར་བསྒྱུར་ཟིན་ལ། དོ་བདག་པས་དེ་སྔའི་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་ལག་ཁྱེར་དང་། ནང་བཤུག་བཏང་བའི་གན་རྒྱ། ས་ཆ་ནང་བཤུག་བཏང་བའི་རིན་དངུལ་སྤྲད་ཟིན་པའི་འཛིན་ཡིག་ལ་སོགས་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡི་གེ་བཅས་འཁྱེར་ནས་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་བྱེད་དབང་ནང་བཤུག་བཏང་བའི་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ཉེར་དགུ་པ། ཁྲིམས་ལྟར་རྒྱལ་ཁབ་ལ་དབང་བའི་ས་ཆ་བོགས་མར་གཏོང་ལེན་གྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་དབང་བའི་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་བྱེད་དབང་ཐོབ་པར་དོ་བདག་པས་བོགས་མར་གཏོང་ལེན་སྐོར་གྱི་གན་རྒྱུ་དང་བོགས་དངུལ་སྤྲད་ཟིན་པའི་འཛིན་ཡིག་ལ་སོགས་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡི་གེ་འཁྱེར་ནས་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་གྱི་ས་ཆ་བོགས་མར་གཏོང་ལེན་གྱི་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་རྒྱུ།

དོན་ཚན་སུམ་ཅུ་པ། ཁྲིམས་ལྟར་རྒྱལ་ཁབ་ལ་དབང་བའི་ཆར་གོང་ཐག་བཅད་དེ་མ་དངུལ་འཇོག་པའམ་ཡང་ན་མ་རྐང་འཇོག་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་ཐོབ་པར་དོ་བདག་པས་དེ་སྔའི་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་ལག་ཁྱེར་དང་། ས་ཆ་བེད་སྤྱོད་བྱེད་དབང་མ་དངུལ་དུ་འཇོག་པའམ་ཡང་ན་མ་རྐང་དུ་འཇོག་པར་ཆོག་མཆན་བཀོད་པའི་ཡིག་ཆ་དང་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་གཞན་དག་འཁྱེར་ནས་གོང་ཐག་བཅད་དེ་མ་དངུལ་འཇོག་པའམ་ཡང་ན་མ་རྐང་དུ་བཞག་ནས་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་ཐོབ་པར་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་སོ་གཅིག་པ། རྒྱལ་ཁབ་གྱིས་དབང་བཅོལ་བ་ལྟར་གཉེར་སྐྱོང་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་ཐོ་རིགས་ལ་དོ་བདག་པས་དེ་སྔའི་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་ལག་ཁྱེར་དང་། ས་ཆའི་སྐོར་གྱི་རྒྱུ་ནོར་བཀོད་སྒྲིག་གཏོང་བར་ཆོག་མཆན་བཀོད་པའི་ཡིག་ཆ་དང་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་གཞན་དག་འཁྱེར་ནས་དབང་བཅོལ་བ་ལྟར་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་གཉེར་སྐྱོང་བྱེད་པའི་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་རྒྱུ།

དོན་ཚན་སོ་གཉིས་པ། ཞིང་པ་ཐུན་མོང་གི་ས་ཆར་བདག་དབང་འཛིན་མཁན་ནས་ཐུན་མོང་གི་ས་ཆར་བདག་དབང་འཛིན་སྐོར་གྱི་བདེན་དཔང་ཡིག་རིགས་འཁྱེར་ནས་ཐུན་མོང་གི་ས་ཆར་བདག་དབང་འཛིན་སྐོར་གྱི་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་སོ་གསུམ་པ། ཁྲིམས་ལྟར་ཐུན་མོང་གི་ས་ཆ་བེད་སྤྱད་དེ་འཛུགས་སྐྲུན་བྱེད་རིགས་ལ་དོ་བདག་པས་ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ནས་ས་ཆ་བེད་སྤྱོད་པར་ཆོག་མཆན་སྤྲད་པའི་ཡིག་ཆ་འཁྱེར་ནས་ཐུན་མོང་གི་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་བྱེད་དབང་སྐོར་གྱི་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་རྒྱུ།

དོན་ཚན་སོ་བཞི་པ། ཐུན་མོང་གི་ས་ཆར་བདག་དབང་འཛིན་མཁན་ནས་ཁྲིམས་ལྟར་ཐུན་མོང་གི་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་བྱེད་དབང་མ་རྐང་དུ་འཇོག་པ་དང་མཉམ་གཉེར་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས་ཁེ་ལས་གསར་འཛུགས་བྱེད་པར་དོ་བདག་པས་ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་པའི་ཡིག་ཆ་དང་འབྲེལ་ཡོད་ཀྱི་གན་རྒྱ་འཁྱེར་ནས་ཐུན་མོང་གི་འཛུགས་སྐྲུན་གྱི་ས་ཆ་བེད་སྤྱོད་བྱེད་དབང་སྐོར་གྱི་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་སོ་ལྔ་བ། ཁྲིམས་ལྟར་ཐུན་མོང་དེ་ཉིད་ཀྱི་ས་ཆ་བེད་སྤྱད་ནས་ཞིང་ལས་ཐོན་སྐྱེད་གཉེར་རིགས་ལ་དོ་བདག་པས་ཞིང་སྤྱོད་ས་ཆ་བེད་སྤྱོད་བྱེད་སྐོར་གྱི་གན་རྒྱ་འཁྱེར་ནས་ཐུན་མོང་གི་ཞིང་སྤྱོད་ས་ཆ་བེད་སྤྱོད་བྱེད་དབང་སྐོར་གྱི་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་དགོས། 

དོན་ཚན་སོ་དྲུག་པ། ཁྲིམས་ལྟར་ས་ཆ་བེད་སྤྱོད་བྱེད་དབང་གཏའ་མར་འཇོག་རིགས་ལ་གཏའ་མར་འཇོག་དབང་ཡོད་པའི་མི་དང་གཏའ་མར་འཇོག་མཁན་ནས་ས་ཆར་ཁེ་དབང་འཛིན་པའི་ལག་ཁྱེར་དང་། བུན་དབང་དང་བུ་ལོན་གཙོ་བོའི་གན་རྒྱ། གཏའ་མར་འཇོག་པའི་གན་རྒྱ་དང་དེ་མིན་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་བཅས་འཁྱེར་ནས་ས་ཆ་བེད་སྤྱོད་བྱེད་དབང་གཏའ་མར་འཇོག་སྐོར་གྱི་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་དགོས།

ས་ཆ་གཅིག་ཐེངས་མང་པོར་གཏའ་མར་འཇོག་རིགས་ལ་གཏའ་མར་འཇོག་པའི་ཐོ་འགོད་ཡོང་རེ་ཞུས་པའི་སྔ་གཞུག་ལྟར་གཏའ་མར་འཇོག་པའི་ཐོ་འགོད་བྱེད་རྒྱུ།

གཏའ་མར་འཇོག་པའི་ཆ་རྐྱེན་ལྡན་རིགས་ལ་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་གིས་གཏའ་མར་འཇོག་པའི་གན་རྒྱ་རུ་ཁ་ཆད་བྱས་པའི་འབྲེལ་ཡོད་ཀྱི་དོན་ཚན་སོགས་ས་ཆ་ཐོ་འགོད་བྱེད་དེབ་དང་ས་ཆར་ཁེ་དབང་འཛིན་པའི་ལག་ཁྱེར་ནང་དུ་གསལ་བོར་བཀོད་ཐོག་གཏམ་མར་འཇོག་དབང་ཡོད་པའི་མིར་ས་ཆའི་དོན་ཚན་གཞན་ལ་ཁེ་དབང་འཛིན་པའི་ལག་ཁྱེར་སྤྱོད་དགོས། ཐོ་འགོད་ཡོང་རེ་ཞུས་པའི་གཏའ་འཇོག་དེ་ཆེས་མཐོའི་གྲངས་འབོར་གྱི་གཏའ་འཇོག་ཡིན་ན། ཁག་ཐེག་བྱེད་པའི་ཆེས་མཐོའི་བུན་དབང་གི་གྲངས་འབོར་དང་ཆེས་མཐོའི་གྲངས་འབོར་གྱི་གཏའ་འཇོག་གི་དུས་མཚམས་ལ་སོགས་པའི་ནང་དོན་ཐོ་འགོད་བྱ་དགོས།

དོན་ཚན་སོ་བདུན་པ། ས་ཆའི་ཐོག་ས་སྤྱོད་དབང་ཆ་བཙུགས་རྗེས། དོ་བདག་པས་ས་སྤྱོད་དབང་ཆ་ཐོ་འགོད་བྱེད་རེ་ཞུས་པར་བཀོལ་སྤྲོད་ས་ཆའི་ཁེ་དབང་འཛིན་མཁན་དང་བཀོལ་མཁོའི་ས་ཆའི་ཁེ་དབང་འཛིན་མཁན་ནས་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་དང་ས་སྤྱོད་དབང་ཆའི་གན་རྒྱ་ལ་སོགས་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་འདོན་རྒྱུ།

ས་སྤྱོད་དབང་ཆ་ཐོ་འགོད་ཀྱི་ཆ་རྐྱེན་དང་མཐུན་རིགས་ལ་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ས་སྤྱོད་དབང་ཆའི་གན་རྒྱའི་ནང་ཁ་ཆད་བཞག་པའི་འབྲེལ་ཡོད་དོན་ཚན་དག་སོ་སོར་བཀོལ་སྤྲོད་ས་ཆ་དང་བཀོལ་མཁོའི་ས་ཆའི་ས་ཆ་ཐོ་འགོད་བྱེད་དེབ་དང་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་ནང་འགོད་དགོས་ཐོག་ས་སྤྱོད་དབང་ཆའི་གན་རྒྱ་དེ་བཀོལ་སྤྱོད་ས་ཆ་དང་བཀོལ་མཁོའི་ས་ཆའི་ཚགས་ཡིག་ཏུ་ཉར་འཇོག་བྱ་རྒྱུ།

བཀོལ་སྤྱོད་ས་ཆ་དང་བཀོལ་མཁོའི་ས་ཆ་སོ་སོ་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་མི་མཐུན་པའི་བདག་སྐྱོང་བྱེད་ཁོངས་སུ་གཏོགས་ན། དོ་བདག་པས་བཀོལ་སྤྲོད་ས་ཆར་ཐོ་འགོད་བྱེད་པར་འགན་འཁུར་མཁན་གྱི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ས་སྤྱོད་དབང་ཆའི་ཐོ་འགོད་ཡོང་རེ་ཞུ་དགོས། བཀོལ་སྤྲོད་ས་ཆར་ཐོ་འགོད་བྱེད་པར་འགན་འཁུར་མཁན་གྱི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ཐོ་འགོད་བྱས་ཚར་རྗེས། བཀོལ་མཁོའི་ས་ཆར་ཐོ་འགོད་བྱེད་པར་འགན་འཁུར་མཁན་གྱི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་བརྡ་སྦྱར་ཏེ་བཀོལ་མཁོའི་ས་ཆར་ཐོ་འགོད་བྱེད་དེབ་ཏུ་འགོད་དུ་འཇུག་རྒྱུ།

5 ལེའུ་ལྔ་བ། བསྒྱུར་བའི་ཐོ་འགོད་བྱེད་སྐོར།

དོན་ཚན་སོ་བརྒྱད་པ། བྱེད་ཐབས་འདི་ལས་བསྒྱུར་བའི་ཐོ་འགོད་བྱེད་པ་ཅེས་པ་ནི་ས་ཆའི་ཁེ་དབང་འཛིན་མཁན་ལ་འགྱུར་ལྡོག་བྱུང་བའམ་ཡང་ན་ས་ཆའི་ཁེ་དབང་འཛིན་མཁན་གྱི་རུས་མིང་ངམ་མིང་དང་། གནས་ཡུལ་དང་ས་ཆའི་སྤྱོད་སྒོ་བཅས་ལ་སོགས་པའི་ནང་དོན་ལ་འགྱུར་ལྡོག་བྱུང་བའི་དབང་གིས་ཐོ་འགོད་བྱེད་པ་ལ་ཟེར།

དོན་ཚན་སོ་དགུ་པ། ཁྲིམས་ལྟར་ནང་བཤུག་བྱེད་པ་དང་། རྒྱལ་ཁབ་ལ་དབང་བའི་ས་ཆ་བོགས་མར་གཏོང་བའམ་ཡང་ན་མ་རྐང་འཇོག་པ་བཅས་ལ་བརྟེན་ནས་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱེད་དབང་བཤུག་སྤྲོད་བྱེད་པར་དོ་བདག་པས་དེ་སྔའི་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་ལག་ཁྱེར་དང་ས་ཆའི་ཁེ་དབང་ལ་འགྱུར་ལྡོག་བྱུང་བའི་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་འཁྱེར་ནས། རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་བཞི་ཅུ་བ། ས་ཐོག་གི་འཛུགས་སྐྲུན་དངོས་པོ། བཟོ་བཀོད་དངོས་པོ་དང་དེའི་ཞོར་གཏོགས་སྒྲིག་བཀོད་སོགས་ཁྲིམས་ལྟར་ཉོ་འཚོང་དང་། བརྗེ་རེས། སྟེར་བ་བཅས་བྱས་རྐྱེན་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་དགོས་བྱུང་ན། དོ་བདག་པས་དེ་སྔའི་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་དང་། བསྒྱུར་རྗེས་ཀྱི་ཁང་པ་བདག་འཛིན་བྱེད་དབང་ལག་ཁྱེར། དེ་མིན་ས་ཆ་བེད་སྤྱོད་བྱེད་དབང་བཅས་ལ་འགྱུར་ལྡོག་བྱུང་རིགས་ཀྱི་འབྲེལ་ཡོད་ཀྱི་ལག་ཁྱེར་བཅས་འཁྱེར་ནས་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་དགོས། གཏོང་སྤྲོད་བྱས་པའི་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་དགོས་རིགས་ལ། དོ་བདག་པས་ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་ཡིག་ཆའང་འདོན་སྤྲོད་བྱ་དགོས།

དོན་ཚན་ཞེ་གཅིག་པ། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་པ་མཉམ་སྲེ་དང་། ཁ་གྱེས་ཟུར་འཛུགས། ཟླ་སྒྲིལ། མ་རྩ་སྟོངས་པ་བཅས་ཀྱི་དབང་གིས་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་དགོས་རིགས་ལ་དོ་བདག་པས་འབྲེལ་ཡོད་ཀྱི་གྲོས་དོན་དང་། འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་བཀོད་པའི་ཡིག་ཆ། དེ་སྔའི་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་བཅས་ལ་སོགས་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་འཁྱེར་ནས་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་བའི་ཐོ་འགོད་རེ་ཞུ་དགོས།

དོན་ཚན་ཞེ་གཉིས་པ། གཏའ་མར་བཞག་པའི་རྒྱུ་ནོར་ཐག་གཅོད་བྱས་རྐྱེན་ས་ཆ་བེད་སྤྱོད་བྱེད་དབང་ཐོབ་རིགས་ལ་དོ་བདག་པས་གཏའ་མར་བཞག་པའི་རྒྱུ་ནོར་ཐག་གཅོད་བྱས་རྗེས། འབྲེལ་ཡོད་ཀྱི་བདེན་དཔང་ཡིག་ཆ་འཁྱེར་ནས་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ཞེ་གསུམ་པ། ས་ཆ་བེད་སྤྱོད་བྱེད་དབང་གཏའ་མར་བཞག་ཡོད་པའི་རིང་ལ་དེ་ཁྲིམས་ལྟར་བསྒྱུར་དགོས་ན། དོ་བདག་པས་གཏའ་མར་འཇོག་དབང་ཡོད་པའི་མི་བཤུག་སྤྲོད་བྱེད་རྒྱུར་འཐད་པ་བྱུང་བའི་ཡིག་ཐོག་གི་བདེན་དཔང་དང་། བཤུག་སྤྲོད་གན་རྒྱ། འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་བཅས་འཁྱེར་ནས་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་དགོས།

གཏའ་མར་བཞག་ཟིན་པའི་ས་ཆ་བེད་སྤྱོད་བྱེད་དབང་བཤུག་སྤྲོད་བྱས་རྗེས། དོ་བདག་པས་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་དང་ཁེ་དབང་གཞན་པ་འཛིན་པའི་དཔང་ཡིག་འཁྱེར་ནས་ས་ཆ་གཏའ་མར་འཇོག་དབང་བསྒྱུར་བའི་ཐོ་འགོད་བྱེད་རྒྱུ།

དོན་ཚན་ཞེ་བཞི་བ། ཁྲིམས་ལྟར་ཐོ་འགདོ་བྱས་པའི་ས་ཆ་གཏའ་མར་འཇོག་དབང་དེ་བུན་དབང་གཙོ་བོ་བཤུག་སྤྲོད་བྱས་རྐྱེན་བཤུག་སྤྲོད་བྱེད་དགོས་རིགས་ལ་བུན་དབང་གཙོ་བོ་བཤུག་སྤྲོད་བྱེད་མཁན་དང་བཤུག་ལེན་བྱེད་མཁན་ནས་དེ་སྔའི་ས་ཆའི་ཁེ་དབང་གཞན་པ་འཛིན་པའི་དཔང་ཡིག་དང་། བཤུག་སྤྲོད་གྲོས་དོན། བུ་ལོན་འཇལ་མཁན་ལ་བརྡ་སྦྱར་ཟིན་པའི་བདེན་དབང་བཅས་ལ་སོགས་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་འཁྱེར་ནས་ས་ཆ་གཏའ་མར་འཇོག་དབང་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ཞེ་ལྔ་བ། མི་དམངས་ཁྲིམས་ཁང་དང་འདུམ་གཅོད་ལས་ཁུངས་ཀྱི་ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡི་གེའམ་ཡང་ན་ཤུལ་འཛིན་དང་ཁ་ཆེམས་ལྟར་སྤྲོད་རིགས་དང་དུ་བླངས་ནས་རྒྱུ་དངོས་ཐོབ་པར་དོ་བདག་པས་ཐོ་འགོད་བྱེད་རེ་ཞུས་ན། ནུས་པ་ཐོན་ཟིན་པའི་བཅས་ཁྲིམས་ཡི་གེ་འམ་ཡང་ན་ཤི་ཟིན་པའི་བདེན་དཔང་དང་། ཁ་ཆེམས་ལ་སོགས་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་འཁྱེར་ནས་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུས་ཆོག

ཁེ་དབང་འཛིན་མཁན་ནས་ཐོ་འགོད་མ་བྱས་གོང་ལ་སྔོན་ནས་ས་ཆ་བེད་སྤྱོད་བྱེད་དབང་དེ་བཤུག་སྤྲོད་བྱེད་པའམ་ཡང་ན་ས་ཆ་གཏའ་མར་འཇོག་དབང་འཛུགས་ན། བྱེད་ཐབས་འདི་ཉིད་ལྟར་སྔོན་ལ་རང་གི་མིང་ཐོགས་ནས་ས་ཆའི་ཁེ་དབང་འཛིན་པའི་ཐོ་འགོད་ཡོང་རེ་ཞུས་རྗེས། དེ་ནས་ས་ཆའི་ཁེ་དབང་འཛིན་པ་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ཞེ་དྲུག་པ། ས་སྤྱོད་དབང་ཆ་ཚུགས་ཟིན་པའི་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་རྗེས་སུ་དོ་བདག་པས་ཐོ་འགོད་ཡོང་རེ་ཞུས་ན། བཀོལ་སྤྲོད་ས་ཆའི་ཁེ་དབང་འཛིན་མཁན་དང་བཀོལ་མཁོའི་ས་ཆའི་ཁེ་དབང་འཛིན་མཁན་ནས་བསྒྱུར་རྗེས་ཀྱི་ས་སྤྱོད་དབང་ཆའི་གན་རྒྱ་དང་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་ལ་སོགས་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་འཁྱེར་ནས་ས་སྤྱོད་དབང་ཆ་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ཞེ་བདུན་པ། ས་ཆའི་ཁེ་དབང་འཛིན་མཁན་གྱི་རུས་མིང་ངམ་མིང་དང་གནས་ཡུལ་སོགས་ལ་འགྱུར་ལྡོག་བྱུང་ན། དོ་བདག་པས་དེ་སྔའི་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་ལ་སོགས་པའི་བདེན་དཔང་ཡིག་རིགས་འཁྱེར་ནས་རུས་མིང་ངམ་མིང་དང་གནས་ཡུལ་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ཞེ་བརྒྱད་པ། ས་ཆའི་སྤྱོད་སྒོ་བསྒྱུར་དགོས་ན་དོ་བདག་པས་འབྲེལ་ཡོད་ཀྱི་ཆོག་མཆན་བཀོད་ཡིག་དང་དེ་སྔའི་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་འཁྱེར་ནས་ས་ཆའི་སྤྱོད་སྒོ་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུས་དགོས།

ས་ཆའི་སྤྱོད་སྒོ་བསྒྱུར་བར་ཁྲིམས་ལྟར་ས་ཆ་ནང་བཤུག་བྱས་པའི་རིན་དངུལ་སྤྲོད་དགོས་ན། དོ་བདག་པས་ད་རུང་ས་ཆ་ནང་བཤུག་བྱས་པའི་རིན་དངུལ་གསབ་སྤྲོད་བྱས་ཟིན་པའི་ལག་འཛིན་ཡང་སྤྲོད་དགོས།

6 ལེའུ་དྲུག་པ། ཐོ་ཁོངས་ནས་སུབ་པའི་ཐོ་འགོད་བྱེད་སྐོར།

དོན་ཚན་ཞེ་དགུ་པ། བྱེད་ཐབས་འདི་ལས་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་བྱེད་པ་ཅེས་པ་ནི་ས་ཆ་ལ་འཛིན་པའི་ཁེ་དབང་འཇིག་རྐྱེན་ཐོ་འགོད་བྱེད་པ་ལ་ཟེར།

དོན་ཚན་ལྔ་ཅུ་བ། གཤམ་གསལ་གནས་ཚུལ་ལས་རིགས་གཅིག་བྱུང་ན་ཐད་ཀར་དུ་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་བྱས་ཆོག་སྟེ།

(གཅིག)ཁྲིམས་ལྟར་ཕྱིར་བསྡུས་པའི་རྒྱལ་ཁབ་ལ་དབང་བའི་ས་ཆ་དང་།

(གཉིས)ཁྲིམས་ལྟར་བསྡུ་ལེན་བྱས་པའི་ཞིང་པ་ཐུན་མོང་གི་ས་ཆ་དང་།

(གསུམ)མི་དམངས་ཁྲིམས་ཁང་དང་འདུམ་གཅོད་ལས་ཁུངས་ཀྱི་བཅའ་ཁྲིམས་ཡི་གེར་ནུས་པ་ཐོན་རྐྱེན་དེ་སྔའི་ས་ཆའི་ཁེ་དབང་འཇིག་ཡོད་རུང་དོ་བདག་པས་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་མ་བྱས་པའི་རིགས་བཅས་སོ། །

དོན་ཚན་ང་གཅིག་པ། རང་བྱུང་གནོད་འཚེ་ལ་སོགས་ཀྱི་དབང་གིས་ས་ཆའི་ཁེ་དབང་འཇིག་རིགས་ལ་དེ་སྔའི་ས་ཆའི་ཁེ་དབང་འཛིན་མཁན་ནས་དེ་སྔའི་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་དང་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་འཁྱེར་ནས་ས་ཆའི་ཁེ་དབང་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ང་གཉིས་པ། སྡོད་ཁང་མ་ཡིན་པའི་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱེད་དབང་གི་ཡུན་ཚད་ཐིམ་རྗེས། རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱེད་མཁན་ནས་ས་ཆ་མུ་མཐུད་དེ་བེད་སྤྱོད་བྱེད་རེ་མ་ཞུས་པའམ་ཡང་ན་ས་ཆ་མུ་མཐུད་དེ་བེད་སྤྱོད་བྱེད་རེ་ཞུས་ཀྱང་ཆོག་མཆན་མ་བཀོད་ན། དོ་བདག་པས་ས་ཆ་བེད་སྤྱོད་བྱེད་ཡུན་གང་སྔོན་གྱི་ཉིན་བཅོ་ལྔའི་ནང་ས་ཆའི་ཁེ་དབང་ལག་ཁྱེར་འཁྱེར་ཏེ་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ང་གསུམ་པ། ཐོ་འགོད་བྱས་ཟིན་པའི་ས་ཆ་གཏའ་མར་འཇོག་དབང་དང་ས་སྤྱོད་དབང་ཆ་མཇུག་སྒྲིལ་ཚེ། དོ་བདག་པས་ས་ཆ་གཏའ་མར་འཇོག་དབང་དང་ས་སྤྱོད་དབང་ཆ་དེ་མཇུག་སྒྲིལ་ཉིན་ནས་བཟུང་ཉིན་བཅོ་ལྔའི་ནང་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་རིགས་འཁྱེར་ནས་ས་ཆ་གཏའ་མར་འཇོག་དབང་དང་ས་སྤྱོད་དབང་ཆ་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ང་བཞི་པ། དོ་བདག་པས་བྱེད་ཐབས་འདིའི་དོན་ཚན་ང་གཅིག་པ་དང་། དོན་ཚན་ང་གཉིས་པ། དོན་ཚན་ང་གསུམ་པ་བཅས་ཀྱི་གཏན་འབེབས་ལྟར་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་མ་བྱས་ན། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་དོ་བདག་པར་དུས་བཀག་ནང་ཐོ་ཁོངས་ནས་སུབ་པའི་བཀའ་འབེབས་རྒྱུ། དུས་ལས་འགྱངས་རང་དེ་དོན་མི་སྒྲུབ་ན་ཐོ་ཁོངས་ནས་སུབ་རྒྱུ་སྤྱི་བསྒྲགས་བྱེད་རྒྱུ་དང་། སྤྱི་བསྒྲགས་བྱེད་པའི་དུས་ཡུན་ཐིམ་རྗེས་ཐད་ཀར་དུ་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་བྱས་ཆོག

དོན་ཚན་ང་ལྔ་པ། ས་ཆ་གཏའ་མར་བཞག་པའི་དུས་ཡུན་ཐིམ་རྗེས་དོ་བདག་པས་ས་ཆ་བེད་སྤྱོད་བྱེད་དབང་གཏའ་མར་བཞག་པ་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་ཡོང་རེ་མ་ཞུས་ན། གཏའ་མར་འཇོག་དབང་བཙུགས་པའི་ས་ཆ་བེད་སྤྱོད་བྱེད་དབང་གི་ཡུན་ཚད་གང་བ་ཕུད། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ཐད་ཀར་དུ་ས་ཆ་བེད་སྤྱོད་བྱེད་དབང་གཏམ་མར་བཞག་པ་ཐོ་ཁོངས་ནས་སུབ་མི་རུང་།

དོན་ཚན་ང་དྲུག་པ། ས་ཆ་ཐོ་འགོད་བྱས་པ་ཐོ་ཁོངས་ནས་སུབ་རྗེས། ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་ཚུར་བསྡུད་རྒྱུ། དངོས་གནས་ཚུར་བསྡུད་ཐབས་མེད་ན་ས་ཆ་ཐོ་འགོད་བྱེད་དེབ་ཐོག་ཏུ་གསལ་བོར་འགོད་དགོས་ཐོག་སྤྱི་བསྒྲགས་བྱས་རྗེས་མེད་པ་བཟོ་རྒྱུ།

7 ལེའུ་བདུན་པ། གཞན་པའི་ཐོ་འགོད་བྱེད་སྐོར། 

དོན་ཚན་ང་བདུན་པ། བྱེད་ཐབས་འདི་ལས་གཞན་པའི་ཐོ་འགོད་བྱེད་པ་ཅེས་པ་རུ་དག་བཅོས་ཀྱི་ཐོ་འགོད་དང་། བསམ་འཆར་མི་མཐུན་པ་ཡོད་པར་ཐོ་འགོད། སྔོན་བརྡའི་ཐོ་འགོད།  སྒོ་རྒྱ་སྡོམ་པའི་ཐོ་འགོད་བཅས་འདུ་བ་ཡིན།

དོན་ཚན་ང་བརྒྱད་པ། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ས་ཆ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་དོན་ཚན་ལ་དངོས་གནས་ནོར་འཆུག་ཡོད་པ་ཤེས་ན། མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་བཀོད་རྗེས་དག་བཅོས་ཀྱི་ཐོ་འགོད་བྱ་དགོས་ཐོག་དོ་བདག་པར་ཡིག་ཐོག་ནས་བརྡ་སྦྱར་ཏེ་གཏན་འབེབས་བྱས་པའི་དུས་ཡུན་ནང་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་བརྗེ་སྤོར་རམ་ཡང་ན་ཐོ་ཁོངས་ནས་སུབ་པའི་འགྲོ་ལུགས་འགྲིམ་དུ་འཇུག་རྒྱུ། དོ་བདག་པས་དུས་ལས་འགྱངས་རུང་དེ་དོན་མི་སྒྲུབ་ན། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་བཀོད་ཐོག་སྤྱི་བསྒྲགས་ཀྱང་བྱས་མཐར་དེ་སྔའི་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་མེད་པ་བཟོ་རྒྱུ།

དག་བཅོས་ཀྱི་ཐོ་འགོད་བྱ་རྒྱུ་དེ་ས་ཆའི་ཁེ་དབང་གི་བདག་ཁོངས་ཡིན་ན། དག་བཅོས་ཀྱི་ཐོ་འགོད་བྱས་འབྲས་སྤྱི་བསྒྲགས་བྱེད་དགོས།

དོན་ཚན་ང་དགུ་པ། ས་ཆའི་ཁེ་དབང་འཛིན་མཁན་ནས་ས་ཆ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་དོན་ཚན་ལ་ནོར་འཆུག་ཡོད་སྙམ་ན། དེ་སྔའི་ས་ཆའི་ཁེ་དབང་འཛིན་པའི་ལག་ཁྱེར་དང་ཐོ་འགོད་བྱས་པར་ནོར་འཆུག་ཡོད་པར་བདེན་དཔང་གི་ཡིག་རིགས་འཁྱེར་ནས་དག་བཅོས་ཀྱི་ཐོ་འགོད་ཡོང་རེ་ཞུ་དགོས།

ཁེ་གྱོང་གི་འབྲེལ་བར་ཐུག་པའི་མི་ནས་ས་ཆ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་དོན་ཚན་ལ་ནོར་འཆུག་ཡོད་སྙམ་ན། ས་ཆའི་ཁེ་དབང་འཛིན་མཁན་གྱི་ཡིག་ཐོག་གི་དག་བཅོས་བྱ་རྒྱུར་མོས་མཐུན་ཐོབ་པའི་བདེན་དཔང་ཡི་གེ་འཁྱེར་ནས་དག་བཅོས་ཀྱི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་དྲུག་ཅུ་པ། ས་ཆ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་ཁེ་དབང་འཛིན་མཁན་དག་བཅོས་བྱ་རྒྱུར་འཐད་པ་མིན་ན། ཁེ་གྱོང་གི་འབྲེལ་བར་ཐུག་པའི་མིས་བསམ་འཆར་མི་མཐུན་པ་ཡོད་པར་ཐོ་འགོད་ཡོང་རེ་ཞུ་ཆོག

བསམ་འཆར་མི་མཐུན་པ་ཡོད་པར་ཐོ་འགོད་བྱེད་རྒྱུའི་ཆ་རྐྱེན་ལྡན་ན། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་འབྲེལ་ཡོད་ཀྱི་དོན་ཚན་སོགས་ས་ཆ་ཐོ་འགོད་བྱེད་དེབ་ནང་འགོད་དགོས་ཐོག་རེ་འདུན་ཞུ་མཁན་ལ་བསམ་འཆར་མི་མཐུན་པ་ཡོད་པར་ཐོ་འགོད་བྱས་པའི་བདེན་དཔང་ངོ་སྤྲོད་རྒྱུ། དུས་མཚུངས་སུ་ས་ཆ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་ས་ཆའི་ཁེ་དབང་འཛིན་མཁན་ལ་ཡིག་ཐོག་ནས་བརྡ་སྦྱར་རྒྱུ།

བསམ་འཆར་མི་མཐུན་པ་ཡོད་པར་ཐོ་འགོད་བྱེད་ཡུན་ནང་བསམ་འཆར་མི་མཐུན་པ་ཡོད་པར་ཐོ་འགོད་ཁེ་དབང་འཛིན་མཁན་མོས་མཐུན་མ་ཐོབ་པར་ས་ཆའི་ཁེ་དབང་བསྒྱུར་བའི་ཐོ་འགོད་དམ་ཡང་ན་ས་ཆ་གཏའ་མར་འཇོག་དབང་འཛུགས་མི་རུང་།

དོན་ཚན་རེ་གཅིག་པ། གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ན། བསམ་འཆར་མི་མཐུན་ཡོད་པར་ཐོ་འགོད་ཡོང་རེ་ཞུ་མཁན་ནམ་ཡང་ན་ས་ཆ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་ས་ཆའི་ཁེ་དབང་འཛིན་མཁན་ནས་འབྲེལ་ཡོད་ཀྱི་ཡིག་རིགས་འཁྱེར་ཏེ་བསམ་འཆར་མི་མཐུན་པ་ཡོད་པར་ཐོ་འགོད་བྱས་པ་ཐོ་ལས་སུབ་རྒྱུའི་རེ་འདུན་ཞུས་ཆོག

(གཅིག)བསམ་འཆར་མི་མཐུན་པ་ཡོད་པར་ཐོ་འགོད་ཡོང་རེ་ཞུ་མཁན་ནས་བསམ་འཆར་མི་མཐུན་པ་ཡོད་པར་ཐོ་འགོད་བྱས་ཉིན་ནས་བཟུང་ཉིན་བཅོ་ལྔའི་ནང་གཏུག་བཤེར་མ་བྱས་རིགས་དང་།

(གཉིས)མི་དམངས་སྲིད་ཁྲིམས་ཁང་ནས་བསམ་འཆར་མི་མཐུན་པར་ཡོད་པར་ཐོ་འགོད་ཡོང་རེ་ཞུ་མཁན་གྱི་ཁྲིམས་སྦྱོར་ཞུ་འབུལ་ལ་རྒྱབ་སྐྱོར་མི་བྱེད་པའི་རིགས་བཅས་སོ། །

(གསུམ)མི་དམངས་ཁྲིམས་ཁང་ནས་བསམ་འཆར་མི་མཐུན་པ་ཡོད་པར་ཐོ་འགོད་ཡོང་རེ་ཞུ་མཁན་གྱིས་བྱ་བ་གཅིག་པར་སླར་ཡང་བསམ་འཆར་མི་མཐུན་པ་ཡོད་པར་ཐོ་འགོད་ཡོང་རེ་ཞུས་པར་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་དང་ལེན་མི་བྱེད་རྒྱུ།

དོན་ཚན་རེ་གཉིས་པ། དོ་བདག་པས་ས་ཆའི་ཁེ་དབང་བཤུག་སྤྲོད་བྱེད་པའི་གྲོས་མཐུན་བཞག་རྗེས། ཁ་ཆད་བཞག་པ་ལྟར་བཤུག་སྤྲོད་གྲོས་དོན་འཁྱེར་ནས་སྔོན་བརྡའི་ཐོ་འགོད་ཡོང་རེ་ཞུས་ཆོག

སྔོན་བརྡའི་ཐོ་འགོད་བྱེད་པའི་ཆ་རྐྱེན་དང་མཐུན་རིགས་ལ་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་འབྲེལ་ཡོད་ཀྱི་དོན་ཚན་སོགས་ས་ཆ་ཐོ་འགོད་བྱེད་དེབ་ནང་འགོད་དགོས་ཐོག་རེ་འདུན་ཞུ་མཁན་ལ་སྔོན་བརྡའི་ཐོ་འགོད་བྱས་པའི་བདེན་དཔང་སྤྲོད་དགོས།

སྔོན་བརྡའི་ཐོ་འགོད་བྱས་རྗེས། བུན་དབང་མེད་པར་གྱུར་བའམ་ཡང་ན་ས་ས་ཆ་ཐོ་འགོད་བྱས་ཐུབ་ཉིན་ནས་བཟུང་ཟླ་གསུམ་གྱི་ནང་དུ་དོ་བདག་པས་ས་ཆ་ཐོ་འགོད་ཡོང་རེ་མ་ཞུས་ན། སྔོན་བརྡའི་ཐོ་འགོད་བྱས་པ་ནུས་མེད་ཡིན།

སྔོན་བརྡའི་ཐོ་འགོད་བྱེད་ཡུན་ནང་སྔོན་བརྡའི་ཐོ་འགོད་བྱེད་པར་ཁེ་དབང་འཛིན་མཁན་གྱི་མོས་མཐུན་མ་ཐོབ་པར་ས་ཆའི་ཁེ་དབང་བསྒྱུར་བའམ་ཡང་ན་ས་ཆ་གཏའ་མར་འཇོག་དབང་དང་། ས་སྤྱོད་དབང་ཆ་བཅས་ཀྱི་ཐོ་འགོད་བྱེད་མི་རུང་།

དོན་ཚན་རེ་གསུམ་པ། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གནས་མི་དམངས་ཁྲིམས་ཁང་གིས་འདོན་སྤྲོད་བྱས་པའི་སྒོ་རྒྱ་སྡོམ་པའི་བཅད་ཁྲ་དང་ལག་བསྟར་བྱེད་སྒོར་གཞོགས་འདེགས་བྱེད་རྒྱུའི་བརྡ་ཡིག་ལྟར། མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་སྤྲད་རྗེས་སྒོ་རྒྱ་སྡོམ་པའམ་ཡང་ན་སྔོན་ཚུད་ནས་སྒོ་རྒྱ་སྡོམ་པའི་གནས་ཚུལ་དེ་ས་ཆ་ཐོ་འགོད་བྱེད་དེབ་ནང་བཀོད་དགོས།

དོན་ཚན་རེ་བཞི་པ། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་གཙོ་སྐྱོང་སྡེ་ཁག་ནས་མི་དམངས་ཁྲིམས་ཁང་ལ་རམ་འདེགས་ཀྱིས་ས་ཆ་བེད་སྤྱོད་བྱེད་དབང་ལག་བསྟར་བྱེད་སྐབས། ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡི་གེ་དང་ལག་བསྟར་བྱེད་སྒོར་གཞོགས་འདེགས་བྱེད་རྒྱུའི་བརྡ་ཡིག་ལ་དངོས་ཚན་གྱི་ཞིབ་བཤེར་མི་བྱེད་པ་ཡིན། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་མི་དམངས་ཁྲིམས་ཁང་གི་སྒོ་རྒྱ་སྡོམ་པ་དང་སྔོན་ཚུད་ནས་སྒོ་རྒྱ་སྡོམ་རྒྱུའི་བཅད་ཁྲའམ་ཡང་ན་ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡི་གེ་གཞན་དག་ལ་ནོར་འཆུག་ཡོད་སྙམ་ན། མི་དམངས་ཁྲིམས་ཁང་ལ་ཞིབ་བཤེར་བྱེད་རྒྱུའི་གྲོས་འཆམ་བཏོན་ཆོག་མོད། འོན་ཀྱང་ལག་བསྟར་བྱེད་སྒོར་གཞོགས་འདེགས་བྱེད་རྒྱུའི་བྱ་བ་མཚམས་འཇོག་མི་རུང་།

དོན་ཚན་རེ་ལྔ་པ། ཁྲིམས་ཆད་ཕོག་མིར་ཤུལ་འཛིན་དང་། ཁྲུན་ཐག་བཅད་པའམ་ཡང་ན་ཁྲིམས་འདོམས་ལག་བསྟར་བྱས་རྐྱེན་ས་ཆ་བེད་སྤྱོད་བྱེད་དབང་ཐོབ་མོད། འོན་ཀྱང་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་བའི་ཐོ་འགོད་བྱས་མེད་པའི་ས་ཆ་བེད་སྤྱོད་བྱེད་དབང་སྒོ་རྒྱ་སྡོམ་པར་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་སྒོ་རྒྱ་སྡོམ་མཁན་མི་དམངས་ཁྲིམས་ཁང་གིས་འདོན་སྤྲོད་བྱས་པའི་ཁྲིམས་ཆད་ཕོག་མིར་རྒྱུ་ནོར་ཐོབ་པའི་གཞི་འཛིན་སའི་ཤུལ་འཛིན་བྱས་པའི་བདེན་དཔང་དང་། ནུས་པ་ཐོན་ཟིན་པའི་ཁྲིམས་ཐག་བཅད་ཡིག་གམ་ཡང་ན་ལག་བསྟར་བྱེད་རྒྱུའི་བཅད་ཁྲ་དང་དེ་མིན་ལག་བསྟར་བྱེད་སྒོར་གཞོགས་འདེགས་བྱེད་རྒྱུའི་བརྡ་ཡིག་བཅས་གཞིར་བཟུང་ནས་ཐོག་མར་བསྒྱུར་བའི་ཐོ་འགོད་ཀྱི་འགྲོ་ལུགས་འགྲིམ་རྗེས། དེ་ནས་སྒོ་རྒྱ་སྡོམ་པའི་ཐོ་འགོད་བྱེད་རྒྱུ།

དོན་ཚན་རེ་དྲུག་པ། ས་ཆ་བེད་སྤྱོད་བྱེད་དབང་ལ་སྔོན་ཚུད་ནས་སྒོ་རྒྱ་སྡོམ་པའི་དུས་ཡུན་ནང་ཁྲིམས་ཆད་ཕོག་མིའི་མིང་ཐོག་ཏུ་ཐོ་འགོད་བྱས་ཡོད་ན། སྔོན་ཚུད་ནས་སྒོ་རྒྱ་སྡོམ་པའི་ཐོ་འགོད་བྱས་རིགས་དེ་རང་ཤུགས་སུ་སྒོ་རྒྱ་སྡོམ་པའི་ཐོ་འགོད་བསྒྱུར་ཡོད་པ་ཡིན།

དོན་ཚན་རེ་བདུན་པ། མི་དམངས་ཁྲིམས་ཁང་གཉིས་ཡན་གྱིས་ས་ཆ་གཅིག་པར་སྒོ་རྒྱ་སྡོམ་པར་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ཐོག་མར་ལག་བསྟར་བྱེད་སྒོར་གཞོགས་འདེགས་བྱེད་རྒྱུའི་བརྡ་ཡིག་སྐྱེལ་བའི་མི་དམངས་ཁྲིམས་ཁང་ལ་སྒོ་རྒྱ་སྡོམ་པའི་ཐོ་འགོད་འགྲོ་ལུགས་འགྲིམ་རྒྱུ། རྗེས་ནས་ལག་བསྟར་བྱེད་སྒོར་གཞོགས་འདེགས་བྱེད་རྒྱུའི་བརྡ་ཡིག་སྐྱེལ་བའི་མི་དམངས་ཁྲིམས་ཁང་ལ་སྒོ་རྒྱ་སྡོམ་པར་སྒུག་པའི་ཐོ་འགོད་བྱ་རྒྱུ།

སྒོ་རྒྱ་སྡོམ་པར་སྒུག་པའི་ཐོ་འགོད་བྱེད་རྒྱུའི་གོ་རིམ་དེ་མི་དམངས་ཁྲིམས་ཁང་གིས་ལག་བསྟར་བྱེད་སྒོར་གཞོགས་འདེགས་བྱེད་རྒྱུའི་བརྡ་ཡིག་སྐྱེལ་བའི་དུས་ཚོད་ཀྱི་སྔ་གཞུག་ལྟར་སྒྲིག་རྒྱུ། སྒོ་རྒྱ་སྡོམ་པའི་ཁྲིམས་ཁང་གིས་ཁྲིམས་ལྟར་སྒོ་རྒྱ་སྡོམ་པ་གྲོལ་བའི་རིགས་རྣམས་སྔོན་ལ་སྒྲིག་ནས་སྒོ་རྒྱ་སྡོམ་པར་སྒུག་པ་དེ་རང་ཤུགས་སུ་སྒོ་རྒྱ་སྡོམ་པར་བསྒྱུར་ཡོད། སྒོ་རྒྱ་སྡོམ་མཁན་ཁྲིམས་ཁང་ནང་སྒོ་རྒྱ་སྡོམ་པའི་ས་ཆ་བེད་སྤྱོད་བྱེད་དབང་ཡོངས་རྫོགས་ཐག་གཅོད་བྱས་རིགས་རྣམས་གཞུག་ལ་སྒྲིག་ནས་སྒོ་རྒྱ་སྡོམ་པར་སྒུག་པ་དེ་གོ་མི་ཆོད་པར་གྱུར་ཡོད། སྒོ་རྒྱ་སྡོམ་མཁན་ཁྲིམས་ཁང་ནས་སྒོ་རྒྱ་སྡོམ་པའི་ས་ཆ་བེད་སྤྱོད་བྱེད་དབང་ཆ་ཤས་ཐག་གཅོད་བྱས་རིགས་རྣམས་ལྷག་མའི་ཆ་ཤས་ལ་གཞུག་ལ་སྒྲིག་ནས་སྒོ་རྒྱ་སྡོམ་པར་སྒུག་པ་དེ་རང་ཤུགས་སུ་སྒོ་རྒྱ་སྡོམ་པར་བསྒྱུར་ཡོད།

དོན་ཚན་རེ་བརྒྱད་པ། སྒོ་རྒྱ་སྡོམ་པ་དང་སྔོན་ཚུད་ནས་སྒོ་རྒྱ་སྡོམ་པའི་དུས་བཀག་གང་བའམ་ཡང་ན་མི་དམངས་ཁྲིམས་ཁང་གིས་སྒོ་རྒྱ་སྡོམ་པ་ཕྱིར་འཐེན་བྱས་ཚེ། སྒོ་རྒྱ་སྡོམ་པ་དང་སྔོན་ཚུད་ནས་སྒོ་རྒྱ་སྡོམ་པའི་ཐོ་འགོད་བྱས་པའི་འདོམས་ནུས་རྫོགས་ཡོད་པས། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་སྒོ་རྒྱ་སྡོམ་པ་དང་སྔོན་ཚུད་ནས་སྒོ་རྒྱ་སྡོམ་པའི་ཐོ་འགོད་བྱས་པ་ཐོ་ཁོངས་ནས་སུབ་རྒྱུ།

དོན་ཚན་རེ་དགུ་པ། སྒོ་རྒྱ་སྡོམ་མཁན་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ས་ཆ་བེད་སྤྱོད་བེད་དབང་ལ་སྒོ་རྒྱ་སྡོམ་པ་དང་སྔོན་ཚུད་ནས་སྒོ་རྒྱ་སྡོམ་པར། སྒོ་རྒྱ་སྡོམ་པ་དང་སྔོན་ཚུད་ནས་སྒོ་རྒྱ་སྡོམ་པའི་དུས་ཡུན་ནང་། ས་ཆའི་ཁེ་དབང་བསྒྱུར་བའི་ཐོ་འགོད་དམ་ཡང་ན་ས་ཆ་གཏའ་མར་འཇོག་དབང་དང་ས་སྤྱོད་དབང་ཆ་ཐོ་འགོད་མི་བྱེད་རྒྱུ།

8 ལེའུ་བརྒྱད་པ།   ས་ཆའི་ཁེ་དབང་སྲུང་སྐྱོང་བྱེད་སྐོར། 

དོན་ཚན་བདུན་ཅུ་བ། ཁྲིམས་ལྟར་ཐོ་འགོད་བྱས་པའི་རྒྱལ་ཁབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱེད་དབང་དང་། ཐུན་མོང་གི་ས་ཆའི་བདག་དབང་། ཐུན་མོང་གི་ས་ཆ་བེད་སྤྱོད་བྱེད་དབང་། ས་ཆ་གཏའ་མར་འཇོག་དབང་། ས་སྤྱོད་དབང་ཆ་བཅས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པས་སྡེ་ཚན་གང་དང་མི་སུས་ཀྱང་དེར་བཙན་གནོད་བྱས་མི་ཆོག

དོན་ཚན་དོན་གཅིག་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ས་ཆར་ཐོ་འགོད་བྱས་འབྲས་ཀྱི་ཆ་འཕྲིན་མ་ལག་དང་གཞི་གྲངས་ཀྱི་མཛོད་འཛུགས་རྒྱུར་ཤུགས་བསྣན་ཏེ། རྒྱལ་ཁབ་དང་ས་ཆར་ཐོ་འགོད་བྱས་འབྲས་ཀྱི་ཆ་འཕྲིན་མཉམ་སྤྱོད་དང་ཡུལ་གཞན་ནས་འདྲི་རྩད་བྱེད་ཐུབ་པ་རྒྱུ།

དོན་ཚན་དོན་གཉིས་པ། རྒྱལ་ཁབ་ནས་ས་ཆ་ཐོ་འགོད་བྱས་སྐོར་གྱི་དཔྱད་གཞིའི་ཡིག་རིགས་ལ་མངོན་གསལ་དུ་འདྲི་རྩད་བྱེད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ། ས་ཆའི་ཁེ་དབང་འཛིན་མཁན་དང་ཁེ་གྱོང་གི་འབྲེལ་བར་ཐུག་པའི་མིས་ས་ཆ་ཐོ་འགོད་བྱས་སྐོར་གྱི་དཔྱད་གཞིའི་ཡིག་རིགས་ལ་འདྲི་རྩད་བྱེད་རྒྱུའི་རེ་འདུན་ཞུས་ཆོག་ཅིང་། རྒྱལ་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་ས་ཆ་ཐོ་འགོད་བྱས་སྐོར་གྱི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱེད་དགོས།

ས་ཆ་ཐོ་འགོད་བྱས་སྐོར་གྱི་དཔྱད་གཞིའི་ཡིག་རིགས་འདྲི་རྩད་བྱེད་སྐབས། «ས་ཆ་ཐོ་འགོད་བྱས་སྐོར་གྱི་དཔྱད་གཞིའི་ཡིག་རིགས་ལ་མངོན་གསལ་དུ་འདྲི་རྩད་བྱེད་སྐོར་གྱི་བྱེད་ཐབས»ཀྱི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

9 ལེའུ་དགུ་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་དོན་གསུམ་པ།  དོ་བདག་པས་ས་ཆའི་ཁེ་དབང་ལག་ཁྱེར་རྫུན་བཟོ་བྱས་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱལ་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་རྫུན་བཟོ་བྱས་པའི་ས་ཆའི་ཁེ་དབང་ལག་ཁྱེར་ཁྲིམས་ལྟར་གཞུང་བཞེས་བྱ་རྒྱུ། ཉེས་ཚབས་ཆེ་ཞིང་ནག་ཉེས་སུ་གྱུར་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ།

དོན་ཚན་དོན་བཞི་བ། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ལས་སྒྲུབ་པས་ས་ཆ་ཐོ་འགོད་བྱེད་པའི་ལས་ཀའི་ཁྲོད་ནས་ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ་དང་། འགན་དབང་གང་དགར་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ།

10 ལེའུ་བཅུ་པ། ཞར་བྱུང་དོན་ཚན།

དོན་ཚན་དོན་ལྔ་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་ཁེལ་བྱས་ཏེ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སྡེ་ཁག་ཞིག་གིས་ས་ཆ་དང་སྡོད་ཁང་ཐོ་འགོད་ཀྱི་ལས་ཀར་གཅིག་སྡུད་ཀྱིས་འགང་འཁུར་རིགས་ལ། དེ་ཁང་ས་བདག་ཁོངས་ཐོ་འགོད་བྱེད་སྐབས་ས་ཆ་ཐོ་འགོད་བྱེད་པའི་འབྲེལ་ཡོད་ཀྱི་ནང་དོན་སོགས་བྱེད་ཐབས་འདིའི་གཏན་འབེབས་དང་མཐུན་དགོས་རྒྱུ། དེའི་ཁང་ས་བདག་ཁོངས་ལག་ཁྱེར་གྱི་ནང་དོན་དང་བཟོ་དབྱིབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུས་ཏར་ཞིབ་བཤེར་ཆོག་མཆན་འདོན་དགོས།

དོན་ཚན་དོན་དྲུག་པ།  ས་ཆ་ཐོ་འགོད་བྱེད་སྐབས་བྱེད་ཐབས་འདིའི་གཏན་འབེབས་ལྟར་སྤྱི་བསྒྲགས་བྱེད་དགོས་ན། མི་དམངས་སྲིད་གཞུང་ངམ་ཡང་ན་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་དྲ་ཚུགས་ཐོག་ནས་སྤྱི་བསྒྲགས་བྱེད་དགོས།

དོན་ཚན་དོན་བདུན་པ། ས་ཆའི་ཁེ་དབང་ལག་ཁྱེར་ཡལ་བ་དང་བོར་རིགས་ལ་ས་ཆའི་ཁེ་དབང་འཛིན་མཁན་ནས་དམིགས་སུ་བཙུགས་པའི་སྨྱན་བྱེད་ཐོག་ཏུ་བཀོད་དེ་ཡལ་བ་དང་བོར་བ་གསལ་བསྒྲགས་བྱས་རྗེས། གཞི་ནས་གསབ་སྤྲོད་ཡོང་རེ་ཞུས་ཆོག  གསབ་སྤྲོད་བྱས་པའི་ས་ཆའི་ཁེ་དབང་ལག་ཁྱེར་དེར“གསབ་སྤྲོད”ཅེས་པའི་ཡིག་གེ་གསལ་བོར་འགོད་དགོས།

དོན་ཚན་དོན་བརྒྱད་པ། བྱེད་ཐབས་འདི2008ལོའི་ཟླ2ཚེས1ཉིན་ནས་ལག་ལེན་བསྟར་བ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-23

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།