བརྡ་ཐོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྡ་ཐོ།
བརྡ་ཐོ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་གོང་རིམ་གྱིས་གཤམ་རིམ་དང་། སྒྲིག་འཛུགས་ཀྱིས་མི་སྒེར་ལ་ལས་དོན་གང་ཞིག་བཀོད་སྒྲིག་བྱ་རྒྱུ་སྟེ། དོན་དག་གང་ཞིག་བརྡ་སྤྲོད་དང་། ཚོགས་འདུ་སྐོང་འཚོག བགོ་འགྲེམས། བོར་དངོས། སྤོ་བཤུག ཟོག་དངོས་ཉོ་ཚོང་། དེ་བཞིན་སློབ་མ་དང་ལས་མི་བསྡུ་བ་སོགས་ཀྱི་སྐབས་སུ་འབྲེལ་ཡོད་ལ་སྔོན་ཚུད་ནས་བརྡ་སྤྲོད་བྱེད་པའི་ཡིག་རིགས་ཤིག་ཡིན། བརྡ་ཁྱབ་བྱེད་ཚུལ་ནི། བང་མི་མངགས་ནས་ཁུངས་སུ་སྐྱེལ་བ་དང་། རྩིག་ལྡེབས་སུ་སྦྱར་འགྲེམས་བྱེད་པ། ཡང་ན་ནག་པང་ཐོག་བྲིས་ནས་མཐོང་བདེ་སར་འགེལ་བ་སོགས་གང་རུང་བྱང་ཆོག་ཀྱང་གཙོ་བོ་འབྲེལ་ཡོད་མི་སྣ་སོ་སོའི་སྡོད་གནས་ཉེ་རྒྱང་སོགས་ཡུལ་དུས་ཀྱི་གནས་ཚུལ་ལ་གཞིགས་ཏེ་བྱ་ཐབས་གང་བདེ་ལག་ལེན་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
通知
རིགས་དབྱེ།
ཁྱབ་བསྒྲགས་རང་བཞིན་གྱི་བརྡ་ཐོ།
1 གོ་དོན།

བརྡ་ཐོ་ནི་གོང་རིམ་གྱིས་འོག་རིམ་དང་།    སྒྲིག་འཛུགས་ཀྱིས་མི་སྒེར་ལ་ལས་དོན་གང་ཞིག་བཀོད་སྒྲིག་བྱ་རྒྱུ་སྟེ།   དོན་དག་གང་ཞིག་བརྡ་སྤྲོད་དང་།  ཚོགས་འདུ་སྐོང་འཚོག   བགོ་འགྲེམས།   བོར་དངོས།   སྤོ་བཤུག  ཟོག་དངོས་ཉོ་ཚོང་།  དེ་བཞིན་སློབ་མ་དང་ལས་མི་བསྡུ་བ་སོགས་ཀྱི་སྐབས་སུ་འབྲེལ་ཡོད་ལ་སྔོན་ཚུད་ནས་བརྡ་སྤྲོད་བྱེད་པའི་ཡིག་རིགས་ཤིག་ཡིན།   

བརྡ་ཁྱབ་བྱེད་ཚུལ་ནི།   བང་མི་མངགས་ནས་ཁུངས་སུ་སྐྱེལ་བ་དང་། རྩིག་ལྡེབས་སུ་སྦྱར་འགྲེམས་བྱེད་པ།  ཡང་ན་ནག་པང་ཐོག་བྲིས་ནས་མཐོང་བདེ་སར་འགེལ་བ་སོགས་གང་རུང་བྱང་ཆོག་ཀྱང་གཙོ་བོ་འབྲེལ་ཡོད་མི་སྣ་སོ་སོའི་སྡོད་གནས་ཉེ་རྒྱང་སོགས་ཡུལ་དུས་ཀྱི་གནས་ཚུལ་ལ་གཞིགས་ཏེ་བྱ་ཐབས་གང་བདེ་ལག་ལེན་བྱེད་དགོས། 

2 རེ་འདུན།

བརྡ་ཐོ་སོགས་ཡིག་རིགས་འབྲི་སྐབས་རང་རང་སོ་སོའི་གནས་ཚུལ་མི་འདྲ་བར་གཞིགས་ནས་ནང་དོན་ཁ་བྱང་ཡི་གེ་ཅུང་ཆེ་བ་ཞིག་འགོ་ཐོད་དཀྱིལ་དབུས་སུ་བྲི་དགོས་པ་དང་། དེ་རྗེས་བརྡ་སྤྲོད་བྱ་ཡུལ་གང་དང་སུ་ཡིན་པ། བརྡ་སྤྲོད་བྱ་རྒྱུའི་ནང་དོན་གང་ཡིན་པ་བཅས་ཚིག་ཉོག་མེད་པར་དོན་གསལ་ལ་གོ་བདེ་བ་ཞིག་བྲི་དགོས། སྤྱིར་ན་བརྡ་ཐོ་སོགས་ཡིག་རིགས་དེ་རྣམས་ཀྱི་ཞིབ་ཕྲའི་འབྲི་སྟངས་དང་། འགྲོ་ལུགས། ཁྱད་ཆོས་བཅས་གཅིག་མཚུངས་ཡིན་ནའང་གོ་རིམ་མི་འཁྲུག་པ་དང་ཞིབ་གསལ་ཡོང་རྒྱུར་དམིགས་ཏེ་གཤམ་དུ་ནང་གསེས་སོ་སོའི་རྣམ་གཞག་དཔེ་གཞི་དང་བཅས་པ་བཀོད་ཡོད། 

3 ཆ་རྐྱེན།

1.ཐོག་མར་བརྡ་ཐོ་ཞེས་ཡི་གེ་ཅུང་ཆེ་བ་ཞིག་འགོ་ཐོད་དཀྱིལ་དབུས་སུ་བྲི་དགོས་པ་དང་། གལ་ཏེ་ལས་དོན་ཛ་དྲག་ཆེ་རིགས་ཀྱི་བརྡ་ཐོ་ཡིན་ན་ཛ་དྲག་བརྡ་ཐོ་ཞེས་བྲི་དགོས།  གཞན་ཡང་བརྡ་ཐོའི་ནང་དོན་གྱི་སྙིང་པོ་མཚོན་པའི་ཚིག་འབྲུ་འགའ་རེ་བརྡ་ཐོ་ཞེས་པའི་ཡིག་འབྲུ་དེ་གཉིས་ཀྱི་མདུན་དུ་བྲི་དགོས། 

2.བརྡ་ཐོ་གཏོང་ཡུལ་གྱི་ཚན་པའམ་མིའི་མིང་བྲི་དགོས། 

3.བརྡ་ཐོའི་ནང་དོན་རྣམས་ཁ་གསལ་མདོར་བསྡུས་ཀྱིས་བྲི་དགོས།

4.བརྡ་ཐོ་གཏོང་མཁན་གྱི་ཚན་པའམ་མིའི་མིང་།  ལོ་ཟླ་ཚེས་གྲངས་བཅས་བྲིས་ཏེ་རྟགས་ཐམ་རྒྱག་དགོས། 

4 དབྱེ་བ།

བརྡ་ཐོ་ལ་ནང་དོན་གྱི་དབང་གིས་དབྱེ་བ་མི་འདྲ་བ་རེད་འགའ་ཡོད་དེ། ཚོགས་འདུའི་བརྡ་ཐོ་དང་ལས་བཀོད་བརྡ་ཐོ། སློབ་བསྡུའི་བརྡ་ཐོ། བགོ་འགྲེམས་བརྡ་ཐོ་སོགས་ཡོད།

5 དཔེ་གཞི།
5_1 ཚོགས་འདུའི་བརྡ་ཐོ།

གོང་རིམ་གྱི་གྲོས་ཆོད་ཁག་རིམ་བརྒྱུད་ཀྱིས་བརྒྱུད་བསྒྲགས་དང་རྩ་འཛུགས་ཀྱི་བྱེད་སྒོ་གསར་པ་གང་ཞིག་སྤེལ་རྒྱུའི་སྐོར་སོགས་ནང་དོན་མི་འདྲ་བ་སོ་སོར་ཚོགས་འདུ་སྐོང་འཚོག་བྱས་ནས་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། བསམ་འཆར་བསྡུ་ལེན། གནས་ཚུལ་དབྱེ་ཞིབ། ཉམས་མྱོང་སྤེལ་རེས།   གནད་དོན་ཐག་གཅོད་བཅས་བྱེད་དགོས་པའི་སྐབས་སུ་སྔོན་བརྡའི་ཡི་གེ་སྦྱར་འགྲེམས་བྱས་པ་རྣམས་ཚོགས་འདུའི་བརྡ་ཐོའི་ཁོངས་སུ་གཏོགས་པ་ཡིན།

QQ截图20151217172720.png

5_2 ལས་བཀོད་བརྡ་ཐོ།

ལས་བཀོད་བརྡ་ཐོ་ནི་གོང་རིམ་གྱིས་གཤམ་རིམ་ལ་ལས་དོན་གང་ཞིག་བཀོད་སྒྲིག་བྱེད་པའི་ཡིག་རིགས་ཤིག་ཡིན།  དེར་ཇུས་འགོད་དང་འཆར་གཞིའི་རང་བཞིན་ལྡན་པས་བརྡ་སྤྲོད་བྱ་ཡུལ་གྱི་ཁྱབ་རྒྱ་ཆེ་ཆུང་ལ་གཞིགས་ཏེ་ནང་དོན་གླེང་བརྗོད་དང་།  བརྗོད་བྱ་གསལ་ལ་རྗོད་བྱེད་ཚིག་ཉོག་མེད་པ། གོ་རིམ་གསལ་བ་བཅས་ཀྱི་ནུས་པ་ལྡན་དགོས། བརྡ་ཐོ་འབྲི་སྐབས་བརྡ་ཐོ་གཏོང་ཡུལ་གྱི་ཚན་པའམ་མིའི་མིང་དང་། ལས་དོན་གང་ཞིག་བསྒྲུབ་དགོས་པ། ལས་དོན་དེ་སྒྲུབ་པའི་དགོས་པ། དུས་བཀག  བརྡ་ཐོ་གཏོང་མཁན་གྱི་ཚན་པའམ་མིའི་མིང་། ལོ་ཟླ་ཚེས་གྲངས་བཅས་པ་ཞིབ་གསལ་བྲི་དགོས།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དཔྱིད་དུས་ཀྱི་ཞིང་འབྲོག་ཐོན་སྐྱེད་ལེགས་པོ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ།

(1988ལོའི་ཟླ3ཚེས4ཉིན།   ཡིག་ཆ་ཟུར་དུ་སྤེལ་གྱི་མིན)

དཔྱིད་དུས་ཀྱི་ཞིང་འབྲོག་ཐོན་སྐྱེད་འགོ་ཚུགས་ཉེར་ཡོད་པས་རིམ་པ་ཁག་གི་སྲིད་གཞུང་དང་ཞིང་ལས་སྡེ་ཚན་གྱིས་ཛ་དྲག་གི་བྱ་སྤྱོད་སྤེལ་ནས་འཕྲལ་དུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་སྐུལ་སློང་གིས་དཔྱིད་དུས་ཀྱི་ཞིང་འབྲོག་ཐོན་སྐྱེད་དེ་དེང་སྐབས་ལས་དོན་ཁག་གི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས། གནམ་གཤིས་ལས་ཁུངས་ཀྱི་གནམ་གཤིས་སྔོན་བརྡ་ལྟར་ན་འདི་ལོར་དཔྱིད་ཐན་དང་དཔྱིད་གྲང་སྟོན་སྲིད་པར་བརྟེན་འདི་ལོའི་ཞིང་འབྲོག་ཐོན་སྐྱེད་ལ་ཕྱོགས་ཡོངས་ནས་ཐོན་ལེགས་ཡོང་དགོས་ན་ད་དུང་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱེད་དགོས།

གཅིག  ཞིང་པ་རྣམས་ཀྱིས་གནམ་གཤིས་སྔོན་བརྡའི་དྲོ་གྲང་དང་བསྟུན་ནས་དཔྱིད་རྨོད་ཐོན་སྐྱེད་བདེ་བླག་ངང་སྒྲུབ་ཐུབ་པ་བྱེད་དགོས། དང་ཐོག་འདྲེན་ཤུགས་སྒྲིག་འཛུགས་ཀྱིས་སོན་རྩ་དང་། རྫས་ལུད། ཞིང་སྨན། ཁྲའེ་ཡིའུ་སྣུམ་སོགས་ཐོན་སྐྱེད་རྒྱུ་ཆས་དབོར་འདྲེན་དང་མཁོ་སྤྲོད་ཀྱི་ལས་ཀ་ཡག་པོ་བྱེད་དགོས་པ་དང་།  ས་གནས་ཁག་གིས་ཟླ་3ཚེས་15ཉིན་གྱི་སྔོན་དུ་གྲོང་གསེབ་བམ་ཡང་ན་ཞིང་འབྲོག་མང་ཚོགས་ཀྱི་ལག་ནང་དུ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས།   གཉིས། སོན་བཟང་ལེགས་འདེམས་དང་གྲ་སྒྲིག་ལྡང་ངེས་བྱེད་པ་དང་འབྲེལ་སོན་བཟང་ཁྱབ་སྤེལ་དང་འདེབས་ཁྱོན་རྒྱ་ཆེར་གཏོང་དགོས། རྩྭ་ངན་བཏོགས་ཏེ་ལྗང་པ་སྲུང་སྐྱོང་གིས་སྐྱེ་དངོས་ཁྱབ་ཚུལ་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་འབྲུ་རིགས་འདེབས་ཁྱོན་འོས་འཚམས་ཆེ་རུ་བཏང་ནས་འབྲུ་རིགས་ཀྱི་ཐོན་ཚད་བརྟན་པོ་དང་འཕར་སྣོན་ཡོང་བ་བྱེད་དགོས།  གསུམ།   མང་ཚོགས་ལ་རྫས་ལུད་དང་ཁྱིམ་ལུད་བེད་སྤྱོད་བྱེད་ཚད་མཐོ་རུ་བཏང་སྟེ་ས་ཞིང་མུའུ་རེར་རྫས་ལུད་རྒྱ་མ་བཅུ་གསུམ་དང་ཁྱིམ་ལུད་སྤྱི་རྒྱ་ཉིས་སྟོང་བདུན་བརྒྱ་རྒྱག་ཐུབ་པའི་བརྩོན་ལེན་བྱེད་དགོས་པ་དང་། སྔ་ལུད་འདེབས་འཛུགས་བྱེད་ཁྱོན་ཆེ་རུ་གཏོང་བ་དང་དབྱར་མ་བཞག་སྟེ་འདེབས་རྒྱུ་དང་གསོ་རྒྱུ་ཟུང་འབྲེལ་བྱེད་དགོས་པའི་ཁྲིད་སྟོན་བྱེད་དགོས།  བཞི། ཞིང་འཕྲུལ་དང་ཕྱུགས་ཤུགས་སྒྲིག་འཛུགས་བྱས་ཏེ་དཔྱིད་རྨོད་དང་ས་ཁོད་སྙོམ་རྒྱུའི་ལས་ཀའི་ནང་ཞུགས་དགོས་པ་དང་།  ཞིང་འཕྲུལ་སྡེ་ཚན་གྱིས་མང་ཚོགས་ལ་ཞིང་འཕྲུལ་ཡོ་བྱད་ཆུང་གྲས་དང་ལྷུ་ལག་མཁོ་འདོན་གྱི་ལས་ཀ་ཡག་པོ་བྱེད་དགོས།  ལྔ། དགུན་འདེབས་སྐྱེ་དངོས་ཀྱི་སྔོ་གསོའི་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་དངོས་མི་འདྲ་བ་དང་ལྗང་པའི་འཚར་ཚུལ་མི་འདྲ་བར་གཞིགས་ནས་ཁ་ལུད་རྒྱག་རྒྱུ་དང་།   ཞིང་ཆུ་གཏོང་རྒྱུ།  རྩྭ་ངན་མེད་པ་བཟོ་རྒྱུ།  འབུ་སྐྱོན་འགོག་རྒྱུ་སོགས་ཀྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་སྔོ་གསོ་ཡོང་བ་དང་ལྗང་པ་ཧྲག་པོ་ཡོང་རྒྱུར་སྐུལ་མ་བཏང་ནས་འབད་བརྩོན་ཆེན་པོས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་དགོས་ལ།  ལྗང་པ་ཆད་སར་དུས་ཐོག་ཏུ་དཔྱིད་འདེབས་སྐྱེ་དངོས་གསབ་འདེབས་ཀྱང་བྱེད་དགོས།  དྲུག ལག་རྩལ་མི་སྣ་སྒྲིག་འཛུགས་ཀྱིས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་བཏང་ནས་ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་པ་དང་།   ཐོན་སྐྱེད་ཀྱི་གནས་འཕྲིན་མཁོ་འདོན་བྱེད་པ།  ལག་རྩལ་མི་སྣ་གསོ་སྐྱོང་བྱེད་པ།  མང་ཚོགས་ལ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ཀ་བྱེད་རོགས་དང་དེར་མཛུབ་ཁྲིད་བྱེད་པ། ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཐད་དེང་སྐབས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་གྱིས་ད་ཡོད་ཀྱི་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཉམས་གསོ་བྱས་ཏེ་ཕན་ནུས་འདོན་ཐུབ་པའི་འགན་ལེན་བྱེད་དགོས།  འདི་ལོ་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་ཐད་མི་ཤུགས་དང་དངོས་ཤུགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ལས་གྲྭ་དངོས་ཀྱི་རྣམ་གྲངས་དམ་འཛིན་བྱེད་པ་དང་གན་རྒྱ་ལྟར་བྱ་བ་ནན་པོ་བསྒྲུབས་ཏེ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལེགས་གྲུབ་བྱེད་དགོས།

གཉིས་པ།  དཔྱིད་དུས་འབྲོག་ལས་ཐོན་སྐྱེད་ཐད་གེགས་འགོག་གི་དངོས་རྫས་ཁག་མུ་མཐུད་གྲ་སྒྲིག་ཡག་པོ་བྱས་ནས་གེགས་འགོག་ཕྱུགས་སྲུང་གི་ལས་ཀ་ཡག་པོ་བྱེད་དགོས་པ་དང་། ར་ལུག་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་ཀྱི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ར་ལུག་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་ཀྱི་རྩྭ་ར་བེད་སྤྱོད་དང་དོ་དམ། སྟེང་ཁེབ་ཅན་གྱི་ཕྱུགས་ཚང་དང་ཁང་པ་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་ཕྱུགས་ཕྲུག་གསོན་ཚད་མཐོ་རུ་གཏོང་དགོས་པ། ཕྱུགས་འཚོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱུ་བགོས་ཕྱུགས་འཚོ་ལག་བསྟར་བྱེད་པ་དང་། གཟུགས་སྟོབས་སྐྱོ་བའི་མངལ་འཁོར་མོ་ཕྱུགས་གསོ་ཚགས་བྱེད་མཁན་ཉམས་མྱོང་ཡོད་པའི་ཕྱུགས་རྫི་བཏང་སྟེ་གསོ་ཚགས་ཡག་པོ་བྱེད་དུ་འཇུག་པ་དང་ལོགས་སུ་གཡོག་བྱེད་དང་གསོ་ཚགས་བྱས་ཐོག་ཕྱུགས་རིགས་དར་མའི་འཆི་ཚད་ཉུང་དུ་གཏོང་དགོས་པ། དཔྱིད་དུས་ཀྱི་རིམས་ནད་འགོག་བཅོས་སོགས་ཀྱི་ལས་ཀ་ཡག་པོ་ཡོང་བ་བྱས་ཏེ་ཕྱུགས་རིགས་རྣམས་བདེ་འཇགས་ངང་དཔྱིད་དུ་རྩྭ་ཆུ་དཀོན་པའི་དུས་ལས་འགྲོལ་ཐུབ་པའི་འགན་ལེན་བྱེད་དགོས།

གསུམ་པ།  དེང་སྐངས་ཀྱི་ནགས་ལས་ལས་ཀའི་ཐད་གཙོ་བོ་ལས་ཀ་ཁག་གཉིས་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། རྒྱལ་ཡོངས་ཀྱི་ནགས་ཚལ་མེ་ཟོན་སྐོར་གྱི་ཁ་པར་ཚོགས་འདུའི་དགོངས་དོན་ནན་ཏན་ངང་ལག་བསྟར་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་དཔོན་ཉམས་རིང་ལུགས་དང་བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་ཀྱིས་སྡོད་བྱ་དང་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས་ནགས་ཁུལ་དུ་སྐྱོད་མཁན་མི་སྣ་དང་ནགས་ཁུལ་དུ་མེ་གཏོང་བའི་རིགས་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་གཅིག  དཔྱིད་དུས་ཀྱི་ཤིང་འཛུགས་ནགས་བཟོའི་ལས་ཀ་དམ་འཛིན་ཡག་པོ་བྱས་ནས་འཆར་གཞི་བཟོ་བ་དང་། ལས་འགན་གསལ་པོ་བཟོ་བ།  བྱེད་ཐབས་དོན་འཁྱོལ་བྱེད་པ་བཅས་ལ་བརྟེན་ནས་ཡུག་གཅིག་ཏུ་ནགས་བཟོ་དང་ལས་གྲྭའི་ནགས་བཟོ་ཡག་པོ་བྱས་ཏེ་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་བཟོ་བྱེད་པ་དང་དོ་དམ་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་སྟེ་བཏབ་ཚད་སྐྱེ་གསོན་ཐུབ་པ་བྱ་རྒྱུ་དང་གཉིས་ཡིན།

བཞི་པ། རིམ་པ་ཁག་གི་སྲིད་གཞུང་དང་དེ་བཞིན་དམངས་སྲིད་དང་ཞིང་འབྲོག་སྡེ་ཚན་གྱིས་དཔྱིད་དུས་ཀྱི་ཐོན་སྐྱེད་སྒྲིག་འཛུགས་དང་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ནན་ཏིག་བྱེད་དགོས་ཤིང་། ལྷག་པར་དུ་ན་ནིང་གེགས་སྐྱོན་བྱུང་བའི་ས་ཁུལ་དང་ཧ་ཅང་དབུལ་བའི་ས་ཁུལ་ལ་དཔྱིད་དུས་ཐོན་སྐྱེད་དང་འཚོ་བར་མཁོ་བའི་སོན་རྩ་དང་། བཟའ་འབྲུ། དེ་བཞིན་ཕྱོགས་གང་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ནས་ཞིང་འབྲོག་མང་ཚོགས་རྣམས་བློ་བདེའི་ངང་དཔྱིད་དུས་ཞིང་འབྲོག་ཐོན་སྐྱེད་བྱེད་ཐུབ་པ་བྱེད་དགོས།

ལྔ་པ། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་དཔྱིད་དུས་ཀྱི་ཞིང་འབྲོག་ཐོན་སྐྱེད་ཀྱི་ལས་འགན་ཁག་དོན་འཁྱོལ་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཤིང་།  རིམ་པ་ཁག་གི་སྲིད་གཞུང་ལ་དཔྱིད་དུས་ཀྱི་ཞིང་འབྲོག་ཐོན་སྐྱེད་དེ་དེང་སྐབས་ཀྱི་ལྟེ་བའི་ལས་འགན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་ལས་ཡུལ་དངོས་སུ་ལས་གཉེར་བྱས་ཐོག་ད་ལོའི་དཔྱིད་དུས་ཀྱི་ཞིང་འབྲོག་ཐོན་སྐྱེད་ཀྱི་བྱ་ཐབས་ཚང་མ་དངོས་སུ་དོན་འཁྱོལ་ཡོང་རྒྱུའི་འགན་ལེན་གྱིས་སྤུས་འབོར་གཉིས་ལྡན་དང་ཏན་ཏིག་གི་སྒོ་ནས་དཔྱིད་དུས་ཀྱི་ཞིང་འབྲོག་ཐོན་སྐྱེད་ཀྱི་ལས་ཀ་དེ་ཡག་པོ་ཡོང་བ་བྱེད་དགོས་པའི་རེ་བ་འདོན་རྒྱུ་ཡིན།

5_3 སློབ་བསྡུའི་བརྡ་ཐོ།

སློབ་བསྡུའི་བརྡ་ཐོ་ནི་སློབ་གྲྭ་ཆེ་ཁག་དང་། ཆེད་ལས་སློབ་གྲྭ།  སློབ་གྲྭ་འབྲིང་བ།  སློབ་གྲྭ་ཆུང་བ་བཅས་སོ་སོར་ཚད་གཞི་མི་འདྲ་བའི་སློབ་ཕྲུག་བསྡུ་རྒྱུར་བེད་སྤྱོད་བྱེད་པའི་ཡིག་རིགས་ཤིག་ཡིན། བརྡ་ཐོ་དེ་རིགས་འབྲི་སྐབས་སློབ་ཕྲུག་བསྡུ་བའི་གྲངས་ཚད་དང་།  ལོ་གྲངས།  ཆ་རྐྱེན།  དམིགས་ཡུལ།  དུས་ཚོད།   བརྡ་ཐོ་གཏོང་མཁན་སློབ་གྲྭ་དང་ལོ་ཟླ་ཚེས་གྲངས་བཅས་གསལ་པོ་བྲི་དགོས། 

QQ截图20151217173021.png

5_4 བགོ་འགྲེམས་བརྡ་ཐོ།

བགོ་འགྲེམས་བརྡ་ཐོ་ནི་དངོས་རྫས་དང་བཟའ་བཅའ་སོགས་བགོ་བཤའ་རྒྱག་སྐབས་རྟག་ཏུ་སྤྱོད་པའི་ཡིག་རིགས་ཤིག་ཡིན་ཞིང་། བགོ་འགྲེམས་བརྡ་ཐོ་འབྲི་སྐབས་བགོ་འགྲེམས་བྱ་ཡུལ་དང་། དངོས་རྫས་གང་ཞིག་བགོ་འགྲེམས་བྱེད་དགོས་པ།  སྐལ་ཐོབ་གྲངས་ཚད། དུས་ཚོད་སོགས་གསལ་པོ་བྲིས་རྗེས་མཇུག་ཏུ་བརྡ་ཐོ་གཏོང་མཁན་ཚན་པའི་མིང་དང་ལོ་ཟླ་ཚེས་གྲངས་བཅས་པ་བྲི་དགོས།

QQ截图20151217173105.png

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-17

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།