སྤྱན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྤྱན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དཔོན་ཚན་ཞིག)

བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་དཔོན་རིགས་སྤྱི་ཡོངས་ཀྱི་འགན་དབང་གོ་བབ་སོགས་ལ་གཞིགས་ནས་དཔོན་ཚན་འགའ་ཞིག་དགར་ཡོད་པ་དང་། དཔོན་ཚན་སོ་སོའི་ནང་དུ་བྱུང་བའི་དཔོན་གནས་གང་ཡོད་གོ་གནས་མཐོ་དམན་བཞིན་མར་བསྒྲིགས་རྗེས། དཔོན་གནས་སོ་སོའི་བྱུང་འཕེལ་དང་། མཚན་གྱི་ཐོགས་ཚུལ། དཔོན་རིམ་དབྱེ་ཚུལ། བསྐོ་གཞག་བྱེད་ལུགས། གནས་དབྱུང་གཏོང་ལུགས། ཐོབ་ཐང་སྦྱོར་ཚུལ། འགན་དབང་གོ་བབ་སོགས་བསྟན་གང་ཐུབ་ཞུས་ཡོད་པས། དེས་ཀྱང་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྱིམ་རྒྱུད་དང་། རུས་ཚོ། ལོ་རྒྱུས་མི་སྣ། སྲིད་འཛིན་རྩ་འཛུགས། སྲིད་སྐྱོང་ལམ་ལུགས། གྲལ་རིམ་གྱི་དབྱེ་བ། སྤྱི་ཚོགས་ཀྱི་ངོ་བོ། དེ་བཞིན་དཔོན་རིགས་བསྐོ་གཞག་ལམ་ལུགས་ཀྱི་ཁྱད་ཆོས་དང་གཞི་རྩའི་ཆོས་ཉིད་ལ་སོགས་པར་ཞིབ་འཇུག་བྱ་རྒྱུར་ཕན་འབྲས་ངེས་ཅན་ཐོན་ཐུབ།
1 ​མཚན་ཐོགས་ཚུལ།

ཏུན་ཧོང་ཡིག་རྙིང་དང་།  《དབའ་བཞེད》 ཤིན་ཅང་ནས་ཐོན་པའི་ཁྲམ་ཡིག་སོགས་ནང་སྤྱན་ཆེན་པོ་དང་།   སྤྱན།  སྤྱན་དབང་བཅས་བློན་པོའི་གོ་མིང་གསུམ་ཐོན་ཡོད་ཀྱང་།  དོན་དུ་སྤྱན་དབང་ཞེས་པ་ནི་དཔོན་གནས་དངོས་ཀྱི་མིང་དང་དེ་ལ་དཔོན་རིམ་གཉིས་སུ་བྱུང་བ་ལ་སྤྱན་ཆེན་པོ་དང་སྤྱན་ཞེས་ཡིན་དགོས་ཏེ།   བཙན་པོའི་རྒྱལ་རབས་སྐབས་ཀྱི་དཔོན་རིགས་གཞན་ལའང་དེ་ལྟའི་བརྗོད་ཚུལ་ཡོད་པ་དཔེར་ན།  མངན་ཆེན་པོ་དང་མངན།  ལྔ་བརྒྱ་ཆེན་པོ་དང་ལྔ་བརྒྱ།   དམག་དཔོན་ཆེན་པོ་དང་དམག་དཔོན་ལྟ་བུ་ལས་རིགས་འདེད་ཐུབ་པ་མ་ཟད།  བོན་གྱི་བརྡ་རྙིང་ཡིག་ཆའི་ནང་། སྤྱན་པ(བྱ་ར་བ)ཞེས་བྱུང་བ་སོགས་རྒྱུ་མཚན་དུ་བྱས་ན་སྤྱན་དབང་ཞེས་པ་ཡང་བཙན་པོའི་རྒྱལ་རབས་སྐབས་ཀྱི་དམག་དཔོན་དང་ས་གནས་སྲིད་འཛིན་འགོ་དཔོན་གྱི་འོག་ཏུ་བཀོད་པའི་དམག་ཕྱོགས་ཀྱི་དཔོན་གནས་ཤིག་ཡིན་པ་གང་ཞིག་ལ།   དེས་དམག་དཔོན་དང་འགོ་དཔོན་དེ་དག་གི་ལས་ཀའི་བྱེད་ཕྱོགས་དང་བསམ་བློའི་འཁྱེར་སྟངས་སོགས་ལ་ལེགས་ཉེས་དཔྱད་བསྡུར་གང་འཚམ་བྱེད་པ་སོགས་དཔོན་གནས་དེའི་བྱེད་ནུས་ནི་བཙན་པོའི་སྤྱན་དང་འདྲ་བའི་ཆ་ནས་སྤྱན་ནམ་སྤྱན་པ་ཞེས་དང་།   ཕྱིས་རབས་ལོ་རྒྱུས་མཁན་པོ་དག་གིས་གོ་མིང་དེ་དེ་བས་གསལ་བར་བྱེད་པ་ལ་སྤྱན་དབང་ཞེས་འབོད་པ་ཡིན་སྙམ་སྟེ།   ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་དང་བཅས་པར་སྤྱན་དང་སྤྱན་ཆེན་པོ་གཉིས་ལས་སྤྱན་དབང་ཞེས་པའི་མིང་ཙམ་མི་འབྱུང་བས་སོ། །

2 འགན་དབང་།

སྤྱན་གྱི་འགན་དབང་སྐོར་ལ《དབའ་བཞེད》ནང་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱ་བཟའ་འུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་པའི་མཇལ་དུམ་གྱི་ཕོ་ཉ་མངགས་པའི་ཁྲོད།  སྙི་བ་སྙ་དོ་རེ་སྣང་བཙན་གྱི(གྱིས)སྤྱན་དབང་ཞེས་དང་།   ཡང་དེར་ཐེར་དེ་རང་ལས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་སྟོད་དུ་རྒྱ་ནག་ནས་ཆོས་ལེན་པར་བཏང་བའི་བོད་བློན་ནང་།  དབའ་གསས་སྣང་སྤྱན་དབང་ཞེས་བྱུང་།   དེས་ན་གོང་གི་ལུང་ཚིག་གཉིས་ལས་སྤྱན་དབང་ཞེས་པ་ནི་བཙན་པོའི་གཞུང་ཕྱོགས་ཀྱི་ཕྱི་འབྲེལ་ལས་དོན་ཆེ་རིགས་དང་འབྲེལ་ནས་སྣང་ཡང་།   དོན་དུ་དེའི་འགན་དབང་གཙོ་བོ་ནི་ཕོ་ཉར་མངགས་པའི་བོད་བློན་ཚོའི་ལས་ཀའི་བྱེད་ཕྱོགས་ལ་ལྟ་རྟོག་དང་ལམ་བར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་མཁན་གྱི་དཔོན་སྣ་ཞིག་ཏུ་མཐོང་།   དེ་མིན་ཤིན་ཅང་ནས་ཐོན་པའི་ཁྲམ་ཤིང་ལས།  བྱི་བོ་བགྱིས་པ་ཁྲིམས་ཆེ་ལ་ཐུག་པ།   དམག་པོན་དང་སྤྱན་གྱིས་དབྱོངས་དཀྱིགས་ལ་གསོད་ཅིག༽ཅེས་བོད་དམག་ཚོས་གཞན་གྱི་ཆུང་མར་ལོག་གཡེམ་བྱས་པ་ནི་ཁྲིམས་ཆེན་པོ་ལ་ཐུག་པ་ཞིག་ཡིན་པས།   དམག་དཔོན་དང་སྤྱན་གྱིས་བྱེད་གཏེ་དག་སྐེ་ཐག་པས་བསྡམས་ནས་གསོད་ཅིག་ཅེས་པའི་དོན་ལས་སྤྱན་ལ་ཡང་དམག་ཁྲིམས་སྤྱོད་པའི་དབང་ཆ་གང་འཚམ་ཡོད་པ་རྟོགས་པ་དང་།   ཁྲམ་ཡིག་ཨང་རྟགསⅡ403—1   M.I.  x,6 ནང་།  སྤྱན་ཆེན་པོས་མཆིད་ཀྱིས་བཅད་དེ་ནུབ་ཆེད་པོའི་རྩེ་རྗེ་དང་།  ཞང་བློན་ལ་གཐད་པ་ཞེས་ལུང་ཚིག་འདིའི་རྗེས་ཀྱི་ཡི་གེ་ཁ་ཅིག་མི་གསལ་མོད་ཀྱང་།   གོང་དུ་གསལ་བའི་ནང་དོན་དེས་སྤྱན་ཆེན་པོ་ནི་རྩེ་རྗེ་དང་ཞང་བློན་ཕལ་པ་ལས་དབང་ཆ་ཆེ་བ་ཡོད་པ་གང་ཞིག་ལ།   རྩེ་རྗེ་དང་ཞང་བློན་ཕལ་པས་ཐག་གཅོད་མི་ཐུབ་པའི་གནད་དོན་དག་སྤྱན་ཆེན་པོ་ཉིད་ཀྱིས་བཀའ་ཕབ་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་ཤུགས་བསྟན་དུ་གསལ་བ་ཡིན།  གཞན་ཡང་།  P·T1089ནང་།  བདེ་བློན་དང་སྤྱན་གྱིས་མཆིད་ཀྱིས་བཅད་པ་བླ་ནས་ནྀ་མཆིས་པར་གྱུར༽ཞེས་བྱུང་བ་གོང་དང་འདྲ་བར་ལུང་ཚིག་འདིའི་རྗེས་ཀྱི་ཡི་གེ་ཁ་ཤས་མི་གསལ་ནའང་།   དེའི་ནང་དོན་ནི་བདེ་བློན་དང་སྤྱན་གཉིས་ཀྱིས་བཀའ་གྲོས་མཛད་ནས་གཏན་ལ་ཕབ་པ་དག་གོང་དུ་བཀུར་མུས་ལགས་ཞེས་པའི་དོན་དང་།   དེའི་ཐོག་ནས་བདེ་བློན་དང་སྤྱན་གཉིས་གོ་གནས་འདྲ་མཚུངས་སུ་བཟུང་ཡོད་པ་རྟོགས་ཐུབ་པ་ཡིན།   དེས་ན་གོང་གསལ་ལུང་ཚིག་དེ་དག་ལས་སྤྱན་དབང་དང་།   སྤྱན་ཆེན་པོ།  སྤྱན་ཞེས་པའི་གོ་མིང་གསུམ་དོན་རྡོག་གཅིག་ལ་ངེས་པ་ལམ་ཙམ་གསལ།   སྤྱན་གྱི་ལས་ཚན་དེ་ཕྱི་འབྲེལ་ཕོ་ཉའི་ལས་ཀའི་བྱེད་ཕྱོགས་ལ་བལྟ་རྟོག་དང་ལམ་བར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་ཙམ་དུ་མ་ཟད།   ཁུལ་སོ་སོའི་བདེ་བློན་དང་།  དམག་དཔོན།   རྩེ་རྗེ་སོགས་དམག་ཕྱོགས་ཀྱི་ལས་ཚན་དང་འབྲེལ་ནས་སྣང་བ།   ལྷག་པར་དུ《ཐང་ཡིག་གསར་མའི》ནང་བཙན་པོའི་རྒྱལ་རབས་ཀྱི་དཔོན་རིགས་བསྟན་པའི་སྐབས་སུ་ཏུའུ་ཧུའུ་གཅིག་ཡོད་པར་སྤྱན་སྔ་ཆེན་པོར་འབོད་ཅེས་ལུང་ཚིག་འདིའི་ནང་ཐོན་པའི་སྤྱན་སྔ་ཆེན་པོ་དེ་ཡང་སྤྱན་ཆེན་པོ་ལ་གོ་དགོས་ཏེ།   རྒྱའི་ལོ་རྒྱུས་སུ་གསལ་བའི་ཏུའུ་ཧུའུ་བྱ་བ་ནི་དམག་ཕྱོགས་ཀྱི་དཔོན་རིགས་ཤིག་ཡིན་གཤིས།   དམག་དཔོན་དང་སྲིད་འཛིན་དཔོན་རིགས་ཀྱི་འོག་ཏུ་ཏུའུ་ཧུའུ་བསྐོ་གཞག་བྱེད་པ་མ་ཟད།   དཔོན་གནས་དེ་ལ་དམག་དོན་བཀོད་འདོམས་བྱེད་པའི་དབང་ཆ་ཡང་ཡོད་ལུགས་དེ་དང་བོད་ཀྱི་ཡིག་རྙིང་དུ་འཁོད་པའི་སྤྱན་ཆེན་པོ་གཉིས་ཀྱི་འགན་དབང་འདྲ་མཚུངས་སུ་བྱུང་བས་སོ། །དེས་ན་གོང་གི་ལུང་ཚིག་ཁག་གི་ནང་དོན་ལ་གཞིགས་ན།   སྤྱན་ཞེས་པ་ནི་བཙན་པོའི་རྒྱལ་རབས་ཀྱིས་དམག་དཔོན་དང་ས་གནས་སྲིད་འཛིན་འགོ་དཔོན་གྱི་འོག་ཏུ་བསྐོ་གཞག་བྱས་པའི་དམག་སྲིད་གཅིག་ལྕོགས་ཀྱི་དཔོན་གནས་ཤིག་ཡིན་ལ།   དེའི་འགན་དབང་ནི་བཙན་པོའི་གཞུང་ཕྱོགས་དང་ཁུལ་སོ་སོའི་དམག་དཔོན་དང་སྲིད་འཛིན་འགོ་དཔོན་ཁག་གི་ལས་ཀའི་བྱེད་ཕྱོགས་ལ་ལྟ་བསྡུར་དང་།  རམ་འདེགས།   ཇུས་འདོན་བཅས་བྱས་ནས་དམག་སྲིད་ཀྱི་སྒྲིག་གཞི་འཛུགས་སྐྱོང་དང་།   སྲིད་ཁྲིམས་དམ་བསྒྲགས།   དགྲ་འཐབ་གཡུལ་འགྱེད་སོགས་བྱེད་པ་ཡིན་སྙམ།   གོང་གསལ་དེ་དག་ཕུད་སྤྱན་ལ་ས་ཞིང་དབང་ཚུལ་ཁྲམ་ཡིག་ཨང་རྟགསⅡ126 M.I. ⅱ,32ནང་། སྤྱན་གི་ཞིང་དོར(བ)དུན་ཞེས་བྱུང་བ་ལས་རྟོགས་པ་ཡིན།

3 ཉེ་འབྲེལ་རྒྱལ་ཕྲན་དུ་སྤྱན་ཞེས་པའི་དཔོན་གནས་ཡོད་ཚུལ།

སྤྱན་ཞེས་པའི་དཔོན་གནས་དེ་བོད་ཀྱི་ཉེ་འབྲེལ་མི་རིགས་ལའང་ཡོད་ཚུལ་ཏུན་ཧོང་ཡིག་རྙིང་ནང་གསལ་ཏེ།  བྲག་རྩེད་ནོལ་ཐབས་བཀྱེ་བའི་ཚེ། །འཇང་མང་པོ་བཀུག་ནས། །སྤྱན་ཆེན་པོ་ཉིང་རིམ་དང་།  སྣ་ལ་གཐོགས་པ་དང་།  དམངས་ཡན་ཆད་སུམ་བརྒྱའ་རྩ་བཅུ་གཉྀས་བཟུང་ནས།   འཇང་རྗེ་རྒོལ་གྱིས་ཀྱང་པྱག་འཚལ་ཏེ།  འབངས་རྣལ་མར་བཀུག་ནས།   དཔྱའ་ཕབ་སྟེ་སྔ་མཁོ་བཞིན་དུ་བཀོད་དོ་ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲིད་སྐྱོང་སྐུ་སྟོད་དུ་མྱྭ་དཀར་པོ་འབངས་སུ་མངའ་བ་ལས་བློ་ལོག་སྟབས་བཙན་པོ་ཉིད་ཀྱིས་མྱྭ་དཀར་པོ་འབངས་སུ་བཀུག་པའི་དམག་དཔོན་ལ་འབྲོ་ཁྲི་ཟུར་རམ་ཤགས་བཀའ་བསྩལ་བ་དང་ཁོང་གིས་ཀྱང་བཙན་པོའི་རེ་འབྲས་ཆུད་ཟོད་དུ་མ་བཏང་བར་འཇང་དེ་སླར་སྤུ་རྒྱལ་བོད་མངའ་ཞབས་སུ་བཀུག་པའི་དོན་དང་།   ལུང་ཚིག་འདི་ལས་འཇང་གི་རྒྱལ་པོའི་མངའ་ཞབས་སུ་སྤྱན་ཞེས་པའི་དཔོན་གནས་ཡོད་ཚུལ་ལམ་ཙམ་གསལ་ལ།   ཐང་རྒྱལ་རབས་ཀྱི་དཔོན་རིགས་བསྐོ་གཞག་ལམ་ལུགས་ནང་འདི་ལྟའི་དཔོན་གནས་ཤིག་ཡོད་ཚུལ་གོང་དུ་སྤྱན་གྱི་འགན་དབང་བསྟན་པའི་སྐབས་སུ་དྲངས་བའི་ཐང་ཡིག་གསར་མའི་ལུང་ཚིག་དེའི་ནང་དོན་ལས་གསལ་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-10-21

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།