བརྡ་ཁྱབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྡ་ཁྱབ་ནི་ཁྱབ་རྒྱ་ཆེ་བའི་བརྡ་སྦྱོར་གྱི་ནང་དོན་ཡིན་ལ། བརྡ་ཁྱབ་ནི་དམིགས་བསལ་གྱི་དགོས་མཁོ་གང་རུང་ཞིག་གི་ཆེད་དུ། ངེས་གཏན་གྱི་སྨྱན་ཆས་བརྒྱུད་དེ་སྤྱི་དམངས་ལ་ཁ་གཏད་པའི་བརྡ་འཕྲིན་བརྒྱུད་བསྐུར་དང་ཁྱབ་སྒྲོག་བྱེད་པའི་ཐབས་ལམ་ལ་བརྗོད་པ་ཡིན། བརྡ་ཁྱབ་ལ་སྒྲ་ཡངས་དོག་གི་གོ་དོན་གཉིས་སུ་དབྱེ་ཡོད་དེ། སྒྲ་ཡངས་འཇུག་གོ་དོན་ལ། དཔེར་ན། དཔལ་འབྱོར་མ་ཡིན་པའི་བརྡ་ཁྱབ་དང་དཔལ་འབྱོར་གྱི་བརྡ་ཁྱབ་ལྟ་བུ་ཡིན་ལ། དཔལ་འབྱོར་མ་ཡིན་པའི་བརྡ་ཁྱབ་ནི་ཁེ་ཕན་གྱི་དམིགས་ཡུལ་མེད་པའི་བརྡ་ཁྱབ་ཡིན་པ་དང་། དཔེར་ན། སྲིད་གཞུང་གི་ཁག་དང་སྤྱི་ཚོགས་ལས་དོན་ལས་རིགས། ཐ་ན་མི་སྒེར་གྱི་བརྡ་ཁྱབ་སྤྱི་བསྒྲགས་དང་ལས་དོན་ཞུ་ཡིག གསལ་བསྒྲགས་སོགས་ལྟ་བུ་ཡིན། དེའི་དམིགས་ཡུལ་གཙོ་བོ་ནི་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན། སྒྲ་དོག་འཇུག་གི་གོ་དོན་ནི་དཔལ་འབྱོར་བརྡ་ཁྱབ་ཁོ་ནར་གོ་བ་ཡིན་ལ། དེ་ལ་ཚོང་ལས་བརྡ་ཁྱབ་ཅེས་ཀྱང་ཟེར། དེ་ནི་ཁེ་ཕན་དམིགས་ཡུལ་དུ་བཟུང་བའི་བརྡ་ཁྱབ་ཡིན་ལ། རྒྱུན་དུ་ཚོང་ཟོང་ཐོན་སྐྱེད་མཁན་དང་བདག་གཉེར་བྱེད་མཁན། འཛད་སྤྱོད་པ་བཅས་ཕན་ཚུན་འབྲེལ་འདྲིས་བྱེད་པའི་བརྡ་འཕྲིན་ཐབས་ལམ་གལ་ཆེན་ཞིག་དང་ཡང་ན་ཁེ་ལས་ཀྱིས་ཁྲོམ་རའི་གནས་གཞི་འཛིན་པ་དང་ཡང་ན་ཚོང་ཟོང་འགྲེམ་སྤེལ། ཞབས་ཞུའི་ངལ་རྩོལ་མཁོ་འདོན་བཅས་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་དཔལ་འབྱོར་གྱི་ཁེ་ཕན་རྒྱ་སྐྱེད་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广告
ཕྱི་ཡིག་གི་མིང་།
advertisement
ངོ་བོ།
དམིགས་ཡུལ་གང་རུང་ཞིག་གི་ཆེད་དུ། བརྡ་འཕྲིན་བརྒྱུད་སྒྲོག་བྱེད་པ།
བརྒྱུད་གཏོང་རྒྱུ་ཆ།
ཆ་འཕྲིན། སྨྱན་བྱེད།
1  བྱུང་རིམ།

བརྡ་ཁྱབ་ཅེས་པའི་ཐ་སྙད་དེ་ཐོག་མར་ལ་ཏིང་སྐད་ཀྱི (advertere)ལས་བྱུང་པ་ཡིན་ལ། དེར་ཡིད་འཇོག་དང་ཁྲིད་སྟོན། བརྒྱུད་སྒྲོག་བཅས་ཀྱི་ནང་དོན་ཡོད་ཅིང་། གནའ་དབུས་དབྱིན་ཡིག་དུས་རབས་སུ (སྤྱི་ལོ1300—1475ལོའི་བར) Advertise རིམ་འགྱུར་བྱུང་བ་དང་། ནང་དོན་གྱི་ཕྱོགས་ནས “མི་གང་རུང་གིས་དོན་དག་གང་རུང་ཞིག་ལ་ཡིད་འཇོག་བྱེད་པའི”ནང་དོན་ཅན་དང་ཡང་ན “མི་གཞན་ཞིག་ལ་དོན་དག་གང་རུང་གི་བརྡ་སྦྱོར་བཏང་སྟེ། གང་དེའི་ཡིད་འགུག་པར་བྱེད་པའི”ནང་དོན་ཅན་ཡིན།  དུས་རབས་བཅུ་བདུན་པའི་མཇུག་ཏུ་དབྱིན་ཇིས་གཞི་རྒྱ་ཆེ་བའི་ཚོང་ལས་ལས་འགུལ་གྱི་འགོ་བརྩམས་པ་དང་། སྐབས་དེར་བརྡ་ཁྱབ་ཅེས་པའི་ཐ་སྙད་དེ་བེད་སྤྱོད་སྔར་ལས་རྒྱུགས་ཆེ་བར་གྱུར་བ་དང་། དེ་དུས་ཀྱི་བརྡ་ཁྱབ་དེ་ཆིག་རྐྱང་གི་བརྡ་ཁྱབ་ཙམ་མིན་པར་ཕྲེང་བརྒྱུས་རིམ་བསྟར་གྱི་བརྡ་ཁྱབ་བྱ་འགུལ་རིགས་ཤིག་ཡིན། ད་ལྟ་གཏན་འཇགས་དངོས་པོའི་ནང་དོན་ཅན་གྱི་ཐ་སྙད Advertise འདི་དེ Advertising ལ་རིམ་འགྱུར་བྱུང་པ་ཡིན། རྒྱ་ཡིག་གི་བརྡ་ཁྱབ་ཅེས་པའི་ཐ་སྙད་དེ་ཉི་ཧོང་ནས་བྱུང་བ་ཞིག་ཡིན།སྤྱི་ལོ1890ལོའི་ཡར་སྔོན་དུ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བརྡ་ཁྱབ་ཅེས་པའི་ཐ་སྙད་ལ་ཡོངས་ཁྱབ་ཀྱིས་སྤྱོད་པའི་མཚན་ཉིད་ཅིག་བཞག་ཡོད་པ་ནི། ཚོང་ཟོང་དང་ཞབས་ཞུའི་གསར་འགྱུར་ཞེས་པ་དེ་ཡིན།(News about product or service)

2 དམིགས་ཡུལ།

བརྡ་ཁྱབ་ཀྱི་དམིགས་ཡུལ(advertising goalདང་ཡང་ནadvertising objective)ནི་ཁེ་ལས་གསར་གཏོད་བྱེད་པའི་ཕུགས་བསམ་གྱི་དཔལ་འབྱོར་ཁེ་ཕན་དང་། སྤྱི་ཚོགས་ཁེ་ཕན་ནི་བརྡ་ཁྱབ་ཀྱིས་རེ་སྙེག་བྱེད་པའི་དམིགས་འབེན་ཡིན། བརྡ་ཁྱབ་ཀྱི་དམིགས་ཡུལ་ཞེས་པ་ནི་ཁེ་ལས་བརྡ་ཁྱབ་བྱ་འགུལ་གྱིས་ཟིན་དགོས་པའི་དམིགས་ཡུལ་དེ་ཡིན། བརྡ་ཁྱབ་ཀྱི་དམིགས་ཡུལ་ཐག་གཅོད་བྱེད་པ་ནི་བརྡ་ཁྱབ་འཆར་འགོད་ཀྱི་ཁྲོད་དུ་གལ་ཆེ་བའི་གོ་རིམ་དང་པོའི་རང་བཞིན་ཅན་གྱི་ལྷུ་ལག་ཅིག་ཡིན་ལ། བརྡ་ཁྱབ་སྤྱིའི་བྱ་འགུལ་གྱི་ཐག་གཅོད་རང་བཞིན་ལྡན་པའི་ལྷུ་ལག་ཅིག་ཀྱང་ཡིན་ནོ། །

3 རིགས་དབྱེ།

(1) ཆ་འཕྲིན་མཁོ་འདོན་བྱེད་པ། དེ་ནི་ཁེ་ལས་ཀྱིས་བརྡ་ཁྱབ་ཀྱི་བྱ་འགུལ་སྤེལ་བར་བརྟེན་ནས་དམིགས་ཡུལ་གྱི་ཁ་གཏད་ཕྱོགས་ལ་བརྡ་འཕྲིན་སྣ་ཚོགས་འདོན་སྤྲོད་བྱེད་པ་ཞིག་ཡིན། 

འདི་ལྟ་བུའི་བརྡ་ཁྱབ་ཀྱི་དམིགས་ཡུལ་ནི་རྨང་གཞིའི་དགོས་མཁོའི་འཛུགས་སྐྲུན་དང་ཁྲོམ་རའི་དགོས་མཁོ་ལྟར་གྱི་ཐོན་རྫས་རིགས་ཡིན་པ་ལས། ཚོང་རྟགས་གྲགས་ཅན་གང་རུང་ཞིག་དམིགས་ཀྱིས་མཚམས་སྦྱོར་དང་ཁྱབ་སྒྲོག་བྱེད་པ་མིན།

(2) ཕྱིར་འཚོང་ཉོ་སྐུལ། དེ་ནི་ཁེ་ལས་ཀྱིས་བརྡ་ཁྱབ་བྱ་འགུལ་འཛུགས་སྐྲུན་བྱས་ཏེ། ཚོང་ཟོང་དང་འབྲེལ་བའི་ཆ་འཕྲིན་ཁྱབ་སྒྲོག་གིས་ཉོ་མཁན་ཚུར་འགུག་ཐུབ་བྱེད་པ་ཞིག་ཡིན།

(3) བཀོལ་སྤྱོད་མཚམས་སྦྱོར་བྱེད་པ།

དེ་ནི་ཁེ་ལས་ཀྱིས་བརྡ་ཁྱབ་བྱ་འགུལ་བརྒྱུད་ནས་འཛད་སྤྱོད་པར་ཉོས་ཟིན་པའི་ཚོང་ཟོང་དེ་མ་འོངས་པར་ཇི་ལྟར་བཀོལ་སྤྱོད་བྱེད་པར་མཛུབ་སྟོན་བྱས་ནས། ཐོན་རྫས་ཇི་ལྟ་བུ་ཉོས་ན་འོས་འཚམ་ཡིན་མིན་མཚམས་སྦྱོར་བྱེད་པ་ཞིག་ཡིན།

4 ལས་གཞི།

བརྡ་ཁྱབ་ལས་གཞི་ནི་བརྡ་ཁྱབ་ཀྱི་ཇུས་གཞི་དང་སྒྲིག་བཀོད། བཟོ་འགོད། སྒྲོག་སྤེལ། དཔྱད་ཞིབ། མཇུག་འབྲས་དཔྱད་འཇོག་སོགས་ཀྱི་བྱ་ཐབས་སྤྱད་ནས་ཁེ་སྤོགས་ལེན་པའི་ཐོན་ལས་ཀྱི་རིགས་ཤིག་ཡིན་ལ། བརྡ་ཁྱབ་ཅེས་པ་ནི་ཚོང་ལས་དང་གཞན་པའི་དམིགས་ཡུལ་གྱི་ཆེད་དུ་བཟོས་པའི་འགྲོ་གྲོན་གཏོང་དགོས་པའི་བརྡ་འཕྲིན་སྒྲོག་སྤེལ་བྱེད་པ་ཞིག་ཡིན།

5 ཁ་གཏད་ཡུལ།  

བརྡ་ཁྱབ་ཀྱི་ཁ་གཏད་ཡུལ་ནི་བརྡ་ཁྱབ་ཆ་འཕྲིན་བརྒྱུད་སྒྲོག་བྱེད་པའི་དམིགས་ཡུལ་གྱི་ཁྲོམ་རར་བརྗོད་པ་དང་། བརྡ་ཁྱབ་འཆར་འགོད་བྱེད་པའི་ཁྲོད་དུ་བརྡ་ཁྱབ་ཀྱིས་རེ་སྙེག་གི་ཁ་གཏད་ཡུལ་གཏན་ཁེལ་བྱེད་དགོས་པ་དང་། དེ་ནི་བརྡ་ཁྱབ་ཀྱིས་མི་དེ་དག་གི་བསམ་ཚུལ་དང་དགའ་ཕྱོགས་འགུག་པ་དང་། མི་དེ་དག་གིས་ཚོང་ཟོང་ཉོ་བའི་སྤྲོ་སེམས་འགུག་པ་ཞིག་ཡིན།བརྡ་ཁྱབ་ཀྱི་ཁ་གཏད་ཡུལ་གཏན་ཁེལ་བྱས་རྗེས་ད་གཟོད་དམིགས་གཏད་རང་བཞིན་གྱི་སྒོ་ནས་མི་དེ་དག་གི་ཡིད་འཇོག་གི་ནུས་པ་ཚུར་འགུག་ནུས་པ་དང་། མི་དེ་དག་ལ་ཉོ་ཚོང་བྱེད་པར་སྐུལ་འདེད་གཏོང་བ་ཡིན། ཚད་ལྡན་ཡང་དག་གི་བརྡ་ཁྱབ་ཀྱི་ཁ་གཏད་ཡུལ་འཚོལ་བ་ནི་ལས་སླ་མོ་ཞིག་མིན་ལ། བརྡ་ཁྱབ་ཀྱི་ཁ་གཏད་ཡུལ་དེ་ཞིབ་ཚགས་ཀྱི་བཀོད་སྒྲིག་དང་འཆར་འགོད་བརྒྱུད་རྗེས་གཟོད་ཐག་གཅོད་བྱས་ཆོག་པ་ཞིག་ཡིན། བརྡ་ཁྱབ་ཡང་དག་མཛུབ་སྟོན་བྱ་བ་ལ་རིགས་མང་པོ་ཡོད་དེ། དཔེར་ན། ཕོ་མོ། ལོ་ཚོད། རིག་གནས། ཡོང་སྒོ། དགའ་ཕྱོགས། ལས་རིགས་སོགས་ཡོད།

6 ཁྱད་ཆོས།

བརྡ་ཁྱབ་ལ་སྤྱིར་བཏང་དུ་མི་དམངས་བརྒྱུད་སྒྲོག་དང་ཁྱབ་སྒྲོག་བྱ་འགུལ་གྱི་མི་འདྲ་བའི་ཁྱད་པར་ཡོད་དེ། དེའི་མངོན་སྟངས་གཙོ་བོ་ནི།

(1) བརྡ་ཁྱབ་ནི་བརྒྱུད་སྒྲོག་ཡོ་བྱད་ཀྱི་རིགས་ཤིག་ཡིན་པ་དང་། ཚོང་ཟོང་རིགས་ཤིག་གི་བརྡ་འཕྲིན་དེ་ཚོང་ཟོང་དེའི་ཐོན་སྐྱེད་དང་ཡང་ན་བདག་གཉེར་ལས་ཁུངས་ཀྱིས་འཛད་སྤྱོད་པར་བརྒྱུད་བསྐུར་བྱེད་པ་ཞིག་ཡིན།

(2) བརྡ་ཁྱབ་སྤེལ་བར་འགྲོ་སོང་གཏོང་ངེས་ཡིན།

(3) བརྡ་ཁྱབ་ཀྱིས་བརྒྱུད་སྒྲོག་བྱེད་པའི་བྱ་འགུལ་ལ་གོ་སྐོན་བློ་འགུག་གི་རང་བཞིན་ལྡན་ཡོད།

(4) བརྡ་ཁྱབ་ནི་དམིགས་ཡུལ་ལྡན་ལ་འཆར་གཞི་ཡོད་པ་ཞིག་ཡིན་ཞིང་། རྒྱུན་ཆད་མི་སྲིད་པ་ཞིག་ཀྱང་ཡིན།

(5) བརྡ་ཁྱབ་ནི་བརྡ་ཁྱབ་ཁོ་ནར་ཁེ་ཕན་ཡོད་པ་ཞིག་མིན་པར། དམིགས་ཡུལ་གཏོད་སའི་ཕ་རོལ་པོ་ལ་ཡང་ཁེ་ཕན་ལྡན་པ་ཞིག་ཡིན་པ་དང་། དེས་འཛད་སྤྱོད་པར་ཕན་ཐོག་ཡོད་པའི་བརྡ་འཕྲིན་བསྐྱལ་ཡོང་བ་ཡིན།

7  གྲུབ་རྐྱེན།

བརྡ་ཁྱབ་བྱ་འགུལ་སྤེལ་བ་གཙོ་བོར་བཟུང་སྟེ། བརྡ་ཁྱབ་སྤྱི་ཁོག་གི་གྲུབ་རྐྱེན་གཙོ་བོ་ལ། བརྡ་ཁྱབ་སྤེལ་མཁན་དང་། བརྡ་ཁྱབ་ཀུང་ཟི། བརྡ་ཁྱབ་སྨྱན་རྫས། བརྡ་ཁྱབ་ཆ་འཕྲིན། བརྡ་ཁྱབ་ཀྱི་བསམ་བློ་ཐབས་རྩལ། བརྡ་ཁྱབ་ཀྱི་འགྲོ་གྲོན་དང་མཇུག་འབྲས་སོགས་ཡོད།

མི་དམངས་ཀྱི་བརྒྱུད་སྒྲོག་གཞིར་བཟུང་སྟེ། ཆ་འཕྲིན་ཁྱབ་སྒྲོག་གོ་རིམ་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ལ། བརྡ་ཁྱབ་ཆ་འཕྲིན་གྱི་ཡོང་ཁུངས། ཆ་འཕྲིན་ཁྱབ་སྒྲོག ཁྱབ་སྒྲོག་གི་སྨྱན་རྫས། ཆ་འཕྲིན་འབྱོར་ཡུལ་སོགས་ཡོད།

8  རིགས་དབྱེ། 

ནང་དོན་གྱི་ཆ་ནས་དབྱེ་ན།   ཐོན་རྫས་བརྡ་ཁྱབ། ཟོང་རྟགས་བརྡ་ཁྱབ། ལྟ་ཚུལ་བརྡ་ཁྱབ། སྤྱི་ཕན་བརྡ་ཁྱབ་བཅས་ཡོད།

དམིགས་ཡུལ་གྱི་ཆ་ནས་དབྱེ་ན།  མཚམས་སྦྱོར་བརྡ་ཁྱབ། ཚོང་སྐུལ་བརྡ་ཁྱབ། བརྙན་རིས་བརྡ་ཁྱབ། གྲོས་འདོན་བརྡ་ཁྱབ། སྤྱི་ཕན་བརྡ་ཁྱབ། ཁྱབ་སྤེལ་བརྡ་ཁྱབ་བཅས་ཡོད། །

ཐབས་ཇུས་ཀྱི་ཆ་ནས་དབྱེ་ན། ཆིག་རྐྱང་བརྡ་ཁྱབ། ཕྲེང་བསྟར་རྣམ་པའི་བརྡ་ཁྱབ། བསྐྱར་སྒྲོག་བརྡ་ཁྱབ། ཚོང་གཉེར་བརྡ་ཁྱབ། ལྟོས་བསྡུར་བརྡ་ཁྱབ། གོ་སྐོན་མཚམས་སྦྱོར་གྱི་བརྡ་ཁྱབ་བཅས་ཡོད།

བརྒྱུད་སྒྲོག་སྨྱན་རྫས་ཀྱི་ཆ་ནས་དབྱེ་ན། ཚགས་པར་བརྡ་ཁྱབ། སིལ་དེབ་བརྡ་ཁྱབ། བརྙན་འཕྲིན་བརྡ་ཁྱབ། གློག་བརྙན་བརྡ་ཁྱབ། དྲ་རྒྱའི་བརྡ་ཁྱབ། ཐུམ་བསྒྲིལ་བརྡ་ཁྱབ། རྒྱང་སྒྲོག་བརྡ་ཁྱབ། 

སྦྱར་བྱང་བརྡ་ཁྱབ། POP བརྡ་ཁྱབ། འགྲིམ་སྐྱེལ་བརྡ་ཁྱབ། སྦྲགས་སྐྱེལ་བརྡ་ཁྱབ། སྒོ་བྱང་བརྡ་ཁྱབ་སོགས་ཡོད།

9 ཇུས་གཞི། 

བརྡ་ཁྱབ་ནི་ཆ་འཕྲིན་བརྒྱུད་སྒྲོག་གི་བྱ་འགུལ་རིགས་ཤིག་ཡིན་པ་དང་། དེ་ནི་ཁེ་ལས་ཀྱིས་ཉོ་ཚོང་ཁྲོད་དུ་བེད་སྤྱོད་རྒྱ་ཆེར་གཏོང་བའི་ཚོང་སྐུལ་གྱི་བྱ་ཐབས་ཤིག་ཡིན་པ་དང་། དེས་ཚོང་སྐུལ་དམིགས་ཡུལ་དུ་བཟུང་ནས་འགྲོ་གྲོན་ངེས་ཅན་གཏོང་དགོས་ལ། ངེས་གཏན་གྱི་ཚོང་ཟོང་བརྒྱུད་སྒྲོག་སྨྱན་སྦྱོར་དང་ཡང་ན་ལས་འགན་སོགས་བརྒྱུད་ནས་དེ་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་བརྡ་འཕྲིན་གྱི་བརྒྱུད་སྒྲོག་བྱ་འགུལ་ཞིག་ཡིན།

10 ཇུས་གཞིའི་རིགས་དབྱེ།  

(1) འཚོ་བའི་ཆ་འཕྲིན་བརྡ་ཁྱབ་ཀྱི་ཇུས་གཞི། འདི་ནི་གཙོ་བོ་འཛད་སྤྱོད་པས་དབྱེ་འབྱེད་ཀྱི་རིག་པ་དང་ལྡན་པའི་སྒོ་ནས་ཚོང་ཟོང་ཉོ་བ་དང་བེད་སྤྱོད་གཏོང་བའི་བརྡ་ཁྱབ་ཀྱི་ཇུས་གཞི་ལ་ཁ་ཕྱོགས་པ་ཞིག་ཡིན།

(2) ཁེ་ལས་ཀྱི་སྣང་བརྙན་བརྡ་ཁྱབ་ཀྱི་ཇུས་གཞི་གསར་བཟོ་བྱ་བ། འདི་ལྟ་བུའི་བརྡ་ཁྱབ་ཇུས་གཞི་ལ་སྤྱིར་བཏང་དུ། ཚོང་ར་གསར་རྙིང་གང་རུང་ལའང་འཚམ་པའི་སྲོལ་རྒྱུན་སྤུས་ལེགས་མིང་རྟགས་གྲགས་ཅན་གྱི་ཐོན་རྫས་བཟོ་བ་དེར་ཟེར།

(3) མཚོན་བྱེད་བརྡ་ཁྱབ་ཀྱི་ཇུས་གཞི།

འདི་ལྟ་བུའི་བརྡ་ཁྱབ་ནི་གཙོ་བོ་མིའི་སེམས་ཁམས་སྙོམས་སྒྲིག་བྱེད་པའི་ཆེད་དུ་སྒྲིག་བཟོ་བྱས་པ་ཞིག་ཡིན།

(4) ཁས་ལེན་རྣམ་པའི་བརྡ་ཁྱབ་ཇུས་གཞི།

འདི་ནི་ཁེ་ལས་ཀྱིས་འཛད་སྤྱོད་པར་ཡིད་རྟོན་ཐོབ་ཏུ་གཞུག་པ་ཡིན་ལ། བརྡ་ཁྱབ་ཀྱི་གོ་རིམ་ཁྲོད་དུ་ཁག་ཐེག་གི་བརྡ་ཁྱབ་ཇུས་གཞི་ཞིག་ཡིན།

11 སྤྱི་ཚོགས་བྱེད་ནུས།
11_1 ཆབ་སྲིད་ལ་ཐོན་པའི་བྱེད་ནུས།

དེང་རབས་ཀྱི་སྤྱི་ཚོགས་སུ་བརྡ་ཁྱབ་ནི་སྤྱི་ཚོགས་བརྡ་ཁྱབ་ཡིན་ཏེ། འཚོ་བའི་ཁྲོད་དུ་བརྡ་ཁྱབ་དང་འབྲེལ་བ་མེད་པའི་མི་ཞིག་ཕལ་ཆེར་ཡོད་མི་སྲིད་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། ང་ཚོ་ཚང་མ་བརྡ་ཁྱབ་གྱི་སྐོར་བསྐྱིལ་ཁྲོད་འཚོ་ཡི་ཡོད། དེར་མ་ཟད་བརྡ་ཁྱབ་ནི་སྤྱི་ཚོགས་འཚོ་བའི་ཟ་ཟུར་གང་དུ་མ་ཁྱབ་པ་མེད་པ་ཞིག་ཡིན།

11_2 རིག་གནས་ལ་ཐོན་པའི་བྱེད་ནུས།

བརྡ་ཁྱབ་ཀྱིས་མི་རྣམས་ཀྱི་འཛད་སྤྱོད་གདམས་གསེས་ལ་ཤན་ཤུགས་ཐེབས་ཀྱི་ཡོད་ལ། མི་རྣམས་ཀྱི་བསམ་བློའི་ལྟ་ཚུལ་ལ་ཡང་ཤན་ཤུགས་ཐེབས་ཀྱི་ཡོད། དེ་བས་བརྡ་ཁྱབ་ཀྱི་བྱེད་ནུས་དང་སྤྱོད་སྒོ་མ་གཞི་ནས་འགྲན་རྩོད་ཡོད་པ་ཡིན་ལ། བརྡ་ཁྱབ་ལས་གཞི་དེ་རིག་གནས་ཐོན་ལས་ཁྲོད་དུ་ཡང་ཁྱད་ཆོས་རང་བཞིན་ལྡན་པའི་ལས་རིགས་ཤིག་ཏུ་གྲུབ་ཡོད།

12 ཕན་འབྲས།

བརྡ་ཁྱབ་ཀྱི་ཕན་འབྲས་ལ་སྒྲ་དོག་ཡངས་ཀྱི་གོ་དོན་གཉིས་ཡོད་དེ། སྒྲ་དོག་འཇུག་གི་དོན་ནི་བརྡ་ཁྱབ་ལ་ཐོབ་པའི་དཔར་འབྱོར་གྱི་ཁེ་ཕན་ལ་བརྗོད་པ་ཡིན་ཞིང་། དེ་ནི་བརྡ་ཁྱབ་བརྒྱུད་སྒྲོག་གིས་ཐོན་རྫས་ཉོ་ཚོང་འཕར་སྣོན་ལ་སྐུལ་སྤེལ་ཐེབས་པ་ཞིག་ཡིན་ལ། བརྡ་ཁྱབ་ཀྱིས་ཁྱེར་ཡོང་བའི་ཉོ་ཚོང་གི་འབྲས་བུ་ཡང་ཡིན། སྒྲ་ཡངས་འཇུག་གི་གོ་དོན་ནི་བརྡ་ཁྱབ་བྱ་འགུལ་གྱི་དམིགས་ཡུལ་མངོན་དུ་འགྱུར་ཚད་ལ་བརྗོད་པ་དང་། དེ་ནི་ཆ་འཕྲིན་བརྒྱུད་སྒྲོག་གི་གོ་རིམ་ཁྲོད་བསྐྱལ་ཡོང་བའི་ཐད་ཀ་དང་བརྒྱུད་པའི་འགྱུར་ལྡོག་གི་སྤྱི་འདུས་ཡིན། དེར་བརྡ་ཁྱབ་ཀྱི་དཔལ་འབྱོར་གྲུབ་འབྲས་དང་སེམས་ཁམས་ཀྱི་ཕན་ཁེ། སྤྱི་ཚོགས་ཀྱི་ཕན་ཁེ་བཅས་འདུ་བ་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྨྱན་སྦྱོར། བརྡ་ཁྱབ། བརྡ་ཁྱབ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།