སྨན་རྙིང་བྲིས་རྒྱུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱིར་སྨན་རྙིང་གི་ཐིག་ཚད་ཀྱི་སྟེང་ནས་སྒར་ལུགས་དང་སྨན་གསར་རིམ་བཞིན་སོར་དོ་དོར་འཕེལ་བ་ཡིན།
1 སྒར་ལུགས།

དེ་ལས་སྨན་རྙིང་གི་ཐིག་ཚད་མཛོད་སྤུ་མ་ཞེས་ཡོངས་སུ་གྲགས་པ་ནི་པུས་མོ་གཡས་གཡོན་གཉིས་ཀྱི་བར་དང་།སྐྱིལ་ཀྲུང་བསྣོལ་མཚམས་ནས་མཛོད་སྤུའི་བར་ཚད་མ་མཉམ་པ་ལ་ཟེར་ཞིང་དེ་ནི་བྲིས་སྐུ་ཆུ་ལོན་མའི་ཚད་ལྟར་ཡིན་པར་འདོད་པ་དང་།སྒར་ལུགས་མཁས་པས་སོར་དོ་འཕེལ་ན་ལེགས་ཚུལ་ངག་ཐོག་ནས་བརྗོད་པ་ཙམ་ལས་ཡིག་ཐོག་ནས་རྒྱ་ཁྱབ་ཏུ་བསྒྲག་པ་མ་བྱས་ཀྱང་རྗེས་འཇུག་ཁག་ཅིག་གིས་དེ་ལུགས་བྱེད་པའང་མཐོང་ངོ་།།

2 སྨན་གསར་ལུགས།

སྨན་གསར་ལུགས་ལ་སྐེད་པར་སོར་བཞི་བསྣན་པ་ནི་བསམ་གཏན་བཞུགས་སྐབས་ལུས་དྲང་དགོས་པ་དང་།ལུས་དྲང་ན་རྩ་དྲང་བ་དང་རྩ་དྲང་ན་ཏིང་ངེ་འཛིན་སྐྱེས་པའི་གནད་ཀྱིས་སྒལ་ཚིག་བསྲང་བའི་ཚེ་སོར་བཞི་གྱེན་དུ་འཕེལ་བས་ཤངས་རྩེ་མར་གྲགས་པ་དང་།དེ་ཡང་བྲིས་སྐུ་འོད་ཟེར་མའི་ཚད་ལྟར་ཡིན་པ་འདོད་པའང་ཡོད་ལ། གང་ལྟར་ཡང་ཡོངས་གྲགས་སྨན་རྙིང་གི་ཆ་ཚད་དེ།སྦྱོང་ཚུལ་ལ་ཐོག་མཐའ་བར་གསུམ་དུ་ཐིག་དང་མི་བྲལ་བ་མཛད་པ་ནི།སྤྱན་ནི་བསམ་པ་དང་།ཐིག་ནི་རུས་པ་དང་།རི་མོ་ནི་ཤ་ཚུགས་པ་དང་།ཚོན་ནི་ལྤགས་པའི་ཁ་དོག་མཚོན་དགོས་པའི་ཕྱིར་ན་ཡིན་པ་དང་།བྲིས་རྒྱུན་གཞན་ཕལ་ཆེ་སྨན་རྙིང་དང་ཕྱོགས་མཚུངས་ཡིན་པ་བཤད་ཀྱང་།གཙོ་བོ་མ་གཏོགས་འཁོར་གྱི་ལྷ་ཚོགས་རྣམས་ཐིག་གི་ལག་ལེན་བྱེད་པར་དཀའ་བ་ཡིན་ཏེ་ལྷ་ཆེན་ཐིག་དང་ལྷ་ཆུང་སེམས་ཐིག་བྱ་ཞེས་གསུངས་པ་བཞིན་ནོ།།

3 སྲོལ་རྒྱུན་གྱི་མཛོད་སྤུ་མ་དང་ཤངས་རྩེ་མ།

སྤྱིར་སྲོལ་རྒྱུན་གྱི་མཛོད་སྤུ་མ་དང་ཤངས་རྩེ་མ་ཞེས་པ་འདི་དག་ཆ་ཚད་ཙམ་བརྗོད་པ་མ་ཚད་ཐད་ཀར་རི་མོ་འབྲི་ཐབས་ལ་བཙན་ཐབས་སུ་ཆ་ཚད་ནང་འཛུད་པའི་མན་ངག་ཡིན་ཡང་།དེང་སང་ལག་ལེན་བྱེད་པ་ཉུང་ལ་འདིའི་སྐོར་ཀྱི་མན་ངག་གི་བྲིས་རྒྱུན་མ་ལག་ཆ་ཚང་བ་ཞིག་ཤིན་ཏུ་དཀོན་པས་དེའི་ཉམས་གསོ་ལ།དེ་བས་ཞིབ་ཆའི་སྒོ་ནས་བརྗོད་དགོས་ཀྱང་སྐབས་འདིར་བསྟན་པའི་ཐིག་གི་དྲ་རྒྱ་ལས་གྲོལ་བའི་མན་ངག་གི་རིམ་པ་འདི་ནི།རྨང་གཞི་དང་འཚམ་པའི་ཞིབ་ཆ་ཕྱེས་ཏེ་སྙིང་བོ་གཅིག་ཏུ་དྲིལ་ནས་ཐོག་མཐའ་བར་གསུམ་དུ་བརྗོད་ཡོད་པ་ལས་རི་མོ་འབྲི་བའི་མན་ངག་རྣམས་དཀྱུས་གཅིག་ཏུ་བརྗོད་ན་གནད་དུ་ཁེལ་མི་ཐུབ་པས་དངོས་གཞི་ལག་ལེན་གྱི་ནང་ནས་སྐབས་སུ་བབས་དུས་བསྟན་ཡོད་པ་ཤེས་པར་བྱའོ།།


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། རི་མོ། ཐང་ག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-07

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།