རི་མོ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

རི་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག སྒྱུ་རྩལ།)

རི་མོ།
དེང་རབས་རི་མོ་མཁས་ཅན་དག་གིས་ཀྱང་རི་མོའི་ཚན་རིག་ནི་ཐོག་མ་ཐོ་རིས་ནས་འགོ་རྩོམ་དགོས་ཞེས་གསུངས་པ་བཞིན་ཏེ།དེ་ཡང་རི་མོ་འབྲི་ཡུལ་ཆེས་མཐོ་ས་དང་ཆེས་དམའ་བའི་ས་ཐོ་རིས་དང་།གཡས་གཡོན་དང་དབུས་སོགས་ཐོ་རིས་བཞག་སྟངས་འདྲ་མིན་གང་འདྲ་དགོས་པ་རི་མོ་གང་དེའི་ཁྱད་ཆོས་དང་བསྟུན་ནས་དཔྱད་ཅིང་ཐོ་རིས་ཤིག་གི་བར་ཐག་དེས་ཕྱི་དབྱིབས་འབྲི་ཡུལ་གཏན་འཁེལ་བྱ་བའོ།།
1 ​རི་མོ་འབྲི་སྐབས་ཀྱི་བསམ་གཞིག

རི་མོ་འབྲི་བ་ལ་དུས་ནམ་ཡང་བསམ་གཞིག་གི་སྒོ་མ་འགག་པ་ཞིག་དགོས་པ་ལས་བསམ་ཤེས་མེད་པ་དང་། རྣམ་གཡེང་གི་ངང་ནས་དཔྱད་པ་མེད་པར་བྱུང་རྒྱལ་དུ་བྲིས་པའི་རི་མོ་ལ་ཚད་དང་ལྡན་པ་ཕར་ཞོག་མི་ཕལ་བ་ཞིག་གིས་ཀྱང་སྐྱོན་བསྔོག་རྒྱུ་ཡོད་པ་ལས་ཆ་འཇོག་བྱེད་ས་ཉུང་བ་ཡིན་ནོ།།

2 འབྲི་ཚུལ་གྱི་གོ་རིམ་བཤད་པ།

དང་པོ་འབྲི་ཚུལ་གྱི་གོ་རིམ་བཤད་པ་ལ་དགུ་སྟེ་དང་པོ་ཐོ་རིས་དང་།གཉིས་པ་ཐིག་རྩ་དང་།གསུམ་པ་ཆག་ཚད་དང་།བཞི་བ་ཚངས་ཐིག་དང་།ལྔ་བ་ཚངས་ཐིག་ལ་ཐོ་རིས་དང་།དྲུག་པ་སྤྱི་དབྱིབས་དང་།བདུན་པ་བྱེ་བྲག་གི་དབྱིབས་དང་།བརྒྱད་པ་རི་མོའི་མ་དང་།དགུ་བ་རི་མོའི་བུ་སོགས་སོ།།

3 རི་མོའི་སྒྱུ་རྩལ།

རི་མོའི་སྒྱུ་རྩལ་ནི་སྒྱུ་རྩལ་ཀུན་གྱི་མཆོག་གམ་གཙོ་བོ་སྟེ་རྒྱལ་བའི་བསྟན་པ་དང་།འཇིག་རྟེན་པའི་ཉེར་མཁོ་ཐམས་ཅད་ཀྱང་རིག་ལམ་འདི་ལ་མ་བརྟེན་པར་མི་འགྲུབ་པས། རི་མོའི་སྒྱུ་རྩལ་གྱི་རྨང་གཞི་འདི་ཉིད་ཚུལ་བཞིན་ཤེས་པ་ནི་ཤིན་ཏུ་གལ་ཆེན་ཡིན་པ་བཤད་མ་དགོས་ཀྱང་།དེང་སྐབས་བོད་ཀྱི་ཐང་ག་རི་མོའི་སྒྱུ་རྩལ་གྱི་རྨང་གཞིའི་ངོས་ནས་བཤད་ན་རྨང་གཞི་ཞེས་ཐ་སྙད་ཙམ་ལས། དོན་དངོས་སྐུ་གཟུགས་སྐོར་གྱི་རྨང་གཞི་མ་གཏོགས་ཡུལ་བཀོད་ཀྱི་རྨང་གཞི་དང་།པ་ཏྲའི་སྐོར་གྱི་རྨང་གཞི་སོགས་སོ་སོར་མ་ལག་ཆ་ཚང་བ་ཞིག་གི་རི་མོའི་རྨང་གཞི་འདིའོ་ཞེས ། ད་ལྟ་རྩ་གནད་གཏན་འཁེལ་བ་ཞིག་འདེམས་པ་མེད་ལ།ཡོད་ཀྱང་ཉམས་ནས་སོར་ཆུད་མ་བྱུང་པས་དེ་དག་བསྐྱར་གསོ་བྱ་བ་ནི་ཤིན་ཏུ་གལ་ཆེའོ།།


4 རི་མོའི་ཁོག་དབྱིབས་བཅུ་གསུམ།

1.འཕྱང་དྲང་དང་། 2.འཕྲེད་དྲང་། 3.གཡས་གསེག་དང་། 4.གཡོན་གསེག་དང་། 5.གུག་གུག 6.ཟླ་གམ 7.ལུག་རྒྱབ 8.ཉ་ལྟོ 9.སྟེང་གུག10.འོག་གུག 11.འཕྲེད་ལྡོག་ཟུར་མེད། 12.གྱེན་ལྡོག་ཟུར་མེད། 13.ཕྱི་ལྡོག་ཟུར་ཅན་བཅས་བཅུ་གསུམ་མོ།།

5 རི་མོའི་རྩ་བའི་རྨང་གཞི་བཅུ་གསུམ།

1.གངས་རི་ཚོགས་གཏོར་འདྲ་བ་རི་ཡི་རྨང་གཞི 2.གཤོང་འབུར་འཁྲི་ཆུ་འཛུམ་དཀར་ཆུའི་རྨང་གཞི་སྟེ། 3.ཟུར་དབྱིབས་སྒ་རུ་འདྲ་བ་ཕུང་བོ་གསུམ་ཅན་སྤྲིན་གྱི་རྨང་གཞི་ཡིན།4.སྡོང་བོ་སུམ་འཁྱོག་ཡལ་ག་གསུམ་པ་ཤིང་གི་རྨང་གཞི་སྟེ། 5.མེ་ཏོག་འདབ་མ་ནོར་བུ་འདྲ་བ་པདྨའི་རྨང་གཞི་ཡིན།7.ཟྭ་ལོའི་ལོ་མ་འདྲ་བའི་འདབ་མ་ལྔ་ལྡན་ལོ་མའི་རྨང་གཞི་དང་།8.ཁུ་བྱུག་འཇོལ་མོ་བྱ་བྱེའུ་རྨང་གཞི་སྟེ། 10.གྲུ་བཞི་ལྷམ་པ་ཁང་བའི་རྨང་གཞི་དང་།11.སེང་སྣམ་འཁྱིལ་གསུམ་པ་ཏྲའི་རྨང་གཞི་སྟེ།12.འབར་ཟེར་འཁྱིལ་གསུམ་མེ་ཚོ་མེ་རིའི་རྨང་གཞི་དང་།13.ཞལ་དབྱིབས་བཞི་དང་ཕྱག་སོགས་སྐུ་ཡི་རྨང་གཞིའོ།།


6 དཔེ་རིས་ལ་དཔྱད་སྟངས།

དཔེ་རིས་ལ་དཔྱད་སྟངས་ནི་ཐོག་མར་མཁས་པས་བྲིས་པའི་དཔེ་རིས་ཚད་དང་ལྡན་པ་ཞིག་དགོས་པ་དང་། དེ་ནས་དེའི་གཟུགས་ཧྲིལ་པོའི་ཉམས་འགྱུར་དང་ཁྱད་རྟགས། སྤྱི་དང་བྱེ་བྲག་གི་ཁ་དོག་དང་ཡན་ལག་བར་གྱི་ཆགས་དབྱིབས་དང་། བར་ཐག་གི་འབྲེལ་བ་ལ་གོམས་འདྲིས་མ་བྱུང་བར་དུ་ལྟ་ཞིང་དཔྱད་པ་དང་།དེ་ལ་ད་དུང་འཕྱང་ཐིག་དང་ཆུ་ཐིག་གསེག་ཐིག་སྟེ། ཐིག་གསུམ་གྱིས་སྐབས་བབས་དགོས་མཁོ་ལྟར་སེམས་ཐིག་གཏོང་མཐོ་དམའ་དང་།གཡས་གཡོན་།ཟབ་ཚད་སོགས་དམིགས་སུ་བཀར་ནས་རང་གི་བློ་ལ་གདེང་ཚོད་མ་བྱུང་བར་དུ་ལྟ་ཞིང་དཔྱད་པར་བྱ་དགོས་སོ།།

7 རགས་དབྱིབས་ལ་དཔྱད་སྟངས།

རགས་དབྱིབས་ལ་དཔྱད་སྟངས་ནི་ཐོག་མ་དཔེ་ཡི་ནང་ནས་རགས་དབྱིབས་བཙལ་བ་དང་།རང་གིས་འབྲི་གཞི་ཆེ་ཆུང་ལ་དཔྱད་ནས་ཚངས་ཐིག་དགོས་པའི་རི་མོ་ཡིན་ན་འབྲི་གཞི་ལ་བལྟོས་པའི་ཚངས་ཐིག་བཏབ་པ་དང་།ཐོ་རིས་དགོས་པའི་རིགས་ལ་སྤྱི་དབྱིབས་ཀྱིས་ཐོ་རིས་བཞག་ནས་གོང་གི་ཐིག་གསུམ་དང་།བྱེ་བྲག་གི་དབྱིབས་བཅས་མདོར་ན་ཐོ་དབྱིབས་ཐིག་གསུམ་གྱིས་གཟུགས་རྣམས་སོ་སོ་ལ་རང་གྲུབ་ཏུ་ཡོད་པའི་ཁོག་དབྱིབས་ཀྱི་ཉམས་འགྱུར་དང་།ད་དུང་ཡན་ལག་སོགས་ཀྱིས་ཁོག་དབྱིབས་བཞག་དགོས་མིན་དཔྱད་པ་དང་བཅས་རགས་དབྱིབས་ཀྱིས་གཟུགས་བསྐྲུན་པ་དང་། དེ་ནས་བྱེ་བྲག་གིས་རགས་དབྱིབས་དེ་རྣམས་དཔེ་རིས་དང་མཐུན་མིན་ཞིབ་དཔྱད་བྱས་ནས་འབྲི་དགོས་སོ།།

8 དངོས་གཞི་རི་མོ་འབྲི་བ་ལ་དཔྱད་པ།

དངོས་གཞི་རི་མོ་འབྲི་བ་ལ་དཔྱད་པ་ནི་དངོས་གཞི་རི་མོ་འབྲི་འགོ་རྩོམ་པ་དང་མཉམ་དུ་བསམ་བློ་གཏོང་བའི་བརྒྱུད་རིམ་ནང་།ངེས་པར་དུ་ཕྱོགས་བཞི་ཡན་དང་ཕྱོགས་ཡོངས་ཀྱི་འབྲེལ་བ་སོགས་བལྟས་ནས་སེམས་ནང་གདེང་ཚོད་ཡོད་པ་ཞིག་བྱ་དགོས་པ་དང་།གདེང་ཚོད་ཡོད་པ་བྱུང་ན་ད་གཟོད་ཉམས་འགྱུར་གྱི་ཁྱད་རྟགས་དང་།དེའི་འབྲེལ་བ་ལ་དཔྱད་ནས་རི་མོ་མ་ཡི་འབྲི་འགོ་གང་ནས་རྩོམ་དགོས་པ་ལྟ་ཞིང་། དེ་ཡང་མིག་སོགས་དབང་བོ་སྔོན་དུ་སོང་ནས་སེམས་སམ་ཡིད་ཤེས་ཀྱི་གཙོ་བོར་བཟུང་ནས་སྤྱུང་གྲུང་འཛོམས་པའི་སྒོ་ནས་འབྲི་དགོས་པར་མ་ཚད།རི་མོའི་བུ་ཡི་རམ་འདེགས་ཀྱིས་བར་ཐག་ཆེ་ཆུང་ལ་སྐུ་གཟུགས་རིགས་ཡིན་ན་ཞལ་གྱི་ཆ་ལ་བལྟ་ནས་འབྲི་དགོས་པ་དང་། དེ་ཡང་དབུ་ལ་བལྟོས་པའི་སྐུ་དང་།སྐུ་ལ་བལྟོས་པའི་འཁོར་དང་།འཁོར་ལ་བལྟོས་པའི་ཡུལ་བཀོད་དང་།རི་མོ་སྤྱི་ལ་ཁོག་དབྱིབས་ལ་བལྟོས་ནས་འབྲི་དགོས་ཏེ་དེའང་གཅིག་ལ་གཅིག་བལྟོས་ཀྱིས་བལྟོས་གྲུབ་ལ་དཔྱད་ནས་འབྲི་ཤེས་པར་བྱའོ།།

9 དཔེ་བསྡུ་སྐབས་ཀྱི་དཔྱད་སྟངས།

དཔེ་བསྡུ་སྐབས་ཀྱི་དཔྱད་སྟངས་ནི་དཔེ་དང་རང་གིས་བྲིས་པ་གཉིས་འདྲ་ས་གང་གི་ཆ་ཡིན་པ་དང་།མི་འདྲ་གང་ནས་འབྱུང་བ་ཡིན་པར་བརྟག་པ་དང་། དེ་ཡང་ཐོག་མ་ཐོ་རིས་ནས་བར་ཐག་དང་།གཟུགས་ཀྱི་ཁོག་དབྱིབས་དང་།དེ་ནས་ཉམས་འགྱུར་གྱི་ཁྱད་རྟགས་སོགས་ནས་རིམ་བཞིན་དཔྱད་པ་དང་།འདྲ་སར་སོར་བཞག་དང་མི་འདྲ་སར་ལེགས་བཅོས་ཡང་ཡང་བྱས་ནས།དཔེ་ལྟར་ཇི་མ་ཇི་བཞིན་མ་ཐོན་གྱི་བར་དུ་དཔྱད་ཅིང་དཔེ་བསྡུ་ཚུལ་བཞིན་བྱས་ནས་འབྲི་དགོས།

10 ཐོ་རིས།

རི་མོ་ཡུལ་བཀོད་དང་སྲོག་ཆགས་ཚངས་ཐིག་སོགས་རི་མོ་གང་འདྲ་ཞིག་བྲིས་ནའང་ཐམས་ཅད་ཀྱི་སྔོན་དུ་ཐོ་རིས་འགྲོ་དགོས་ཏེ།དེང་རབས་རི་མོ་མཁས་ཅན་དག་གིས་ཀྱང་རི་མོའི་ཚན་རིག་ནི་ཐོག་མ་ཐོ་རིས་ནས་འགོ་རྩོམ་དགོས་ཞེས་གསུངས་པ་བཞིན་ཏེ།དེ་ཡང་རི་མོ་འབྲི་ཡུལ་ཆེས་མཐོ་ས་དང་ཆེས་དམའ་བའི་ས་ཐོ་རིས་དང་།གཡས་གཡོན་དང་དབུས་སོགས་ཐོ་རིས་བཞག་སྟངས་འདྲ་མིན་གང་འདྲ་དགོས་པ་རི་མོ་གང་དེའི་ཁྱད་ཆོས་དང་བསྟུན་ནས་དཔྱད་ཅིང་ཐོ་རིས་ཤིག་གི་བར་ཐག་དེས་ཕྱི་དབྱིབས་འབྲི་ཡུལ་གཏན་འཁེལ་བྱ་བ་དང་།དེ་བཞིན་སྐུ་གཟུགས་སོགས་ཚངས་ཐིག་དགོས་པའི་རིགས་ལ་ཡང་། ཐོག་མ་ཐོ་རིས་ཀྱི་གཏན་འཁེལ་བྱ་བ་ནས་ད་གཟོད་ཐིག་བཏབ་ན་ནོར་བ་མེད་པ་ཡང་དག་པར་འབྱུང་བས།རི་མོ་འབྲི་བ་ལ་ཐོག་མར་ཐོ་རིས་ནས་འགོ་རྩོམ་དགོས་པའི་ནང་དོན་ཡང་དེ་ཡིན་ནོ།།

11 ཐིག་རྩ།

སྐུ་གཟུགས་དང་དཀྱིལ་འཁོར་མཆོད་རྟེན་སོགས་ལ་ཐིག་རྩ་དང་ཆག་ཚད་མཛད་པ་ནི།བཟོ་ཉེས་འགོག་པའི་ཆེན་དུ་ཡིན་ལ།རི་མོ་ཤེས་རྟོགས་སླ་བའི་ཆེད་དུ་འང་ཡིན་པར་མ་ཚད། སྐུ་གཟུགས་ཀྱི་རུས་སྒྲོམ་སྟེ་ཤ་ཚུགས་ཀྱི་རྨང་གཞི་ཡིན་པ་སོགས་ཤེས་པར་བྱ་བ་དང་།གཞན་ཡང་ཞི་ཁྲོའི་རིགས་བརྒྱའི་ལྷ་ཚོགས་རྣམས་ཀྱི་ཐིག་རྩ་འདྲ་མིན་སྣ་ཚོགས་གང་འདྲ་ཡོད་ཀྱང་།རྨང་གཞི་རི་མོ་འབྲི་སྐབས་གོང་ལྟར་རྩ་བ་བཞི་ཡི་ལྷ་ཐིག་དཔྱིས་ཕྱིན་པར་སྦྱོང་ན་དེ་ལས་མི་དགོས་ཏེ།དགོས་ཀྱང་དམིགས་གསལ་ཅན་རེ་ཟུང་མ་གཏོགས་དེ་མིན་འདི་རྣམས་ཀྱི་ཁོངས་སུ་འདུས་ལ་འགྱུར་ཐིག་བཏབ་ཙམ་གྱིས་ཆོག་པ་དང་།དེ་ཡང་ཐིག་རྩ་ཐོ་རིས་ནང་དུ་བསྡུ་ཐབས་དང་།ཐོ་རིས་ཐད་ཀར་རི་མོའི་ནང་དུ་བསྡུ་ཐབས་སོགས་མ་གཏོགས་ཐིག་བཏབ་ཚུལ་ནི་གོང་བརྗོད་བཞིན་བསྐྱར་བཟློས་ཀྱི་ངལ་བ་མི་དགོས་པ།སྲོལ་རྒྱུན་སྔོན་གྱི་ཐིག་བཏབ་ཚུལ་ཇི་བཞིན་བསླབ་ན་ཆོག་ཀྱང་རི་མོའི་ལག་རྩལ་ཡང་དག་པ་ཞིག་རྟོགས་པ་ལ་རེ་བ་བཅོལ་ས་ཐིག་རྩ་ཁོ་ནར་བྱེད་མི་ཆོག་སྟེ།ནམ་ཡང་རི་མོ་བ་མཆོག་གི་གྲལ་དུ་སླེབ་དཀའ་བ་མ་ཚད། རྨང་གཞིའི་ཐིག་རྩ་ཡང་དག་པ་མ་ཤེས་པར་སངས་རྒྱས་ཀྱི་སྐུ་གཟུགས་སོགས་ནི་རྩི་ཤིང་འབྲི་སྟངས་ཤིག་གི་དེ་བས་ཀྱང་ག་ལ་ཆོག་སྟེ་མི་ཆོག་གོ།

12 འགྱུར་བཟོ།

དེ་ཡང་འགྱུར་བཟོ་བྱ་ཚུལ་ལ་ལྕོང་མོའི་ཁོག་མ་ཉམས་པ་ལ་རྐང་ལག་སྐྱེས་ཤེས་པ་དང་།མཇུག་མ་ཡལ་ཤེས་པ་ཞིག་ཀྱང་རྟོགས་དགོས་པ་དང་། དེ་ལྟར་རྟོགས་ན་གསར་གཏོད་བྱ་བའི་རྨང་གཞི་ངེས་ཅན་ཞིག་ཆགས་པ་ཡིན་ནོ།།དེ་བཞིན་དེ་དག་རྣམས་རི་མོ་འབྲི་བ་ལ་བྲག་དང་སྤྲིན་ནི་ཁོག་དབྱིབས་དང་སྦྱར་ནས་འབྲི་ཐབས་བསྟན་རྒྱུ་མེད་ཀྱང་།རི་མོའི་ལམ་དང་ཟུར་དབྱིབས་ཀྱི་འབྲི་ཚུལ་བསྟན་དགོས་པ་དང་།ཤིང་ནི་རི་མོ་དང་རི་མོའི་བར་གྱི་དབྱིབས་གཉིས་ཀ་ནས་བསྟན་ཆོག་ལ། གཞན་རྣམས་རི་མོའི་བར་ཁོ་ནས་ཁོག་དབྱིབས་བསྟན་དགོས་པ་དེ་ནི་གཟུགས་ཀྱི་ཆགས་ཚུལ་ཉིད་ལས་ཡིན་པ་ཤེས་པར་བྱ་བ་དང་།དེ་ཡང་ངོས་འཛིན་སླ་བའི་དཔེ་རིས་ལ་ཟླུམ་སྐོར་དུ་ཟླུམ་ཕྱེད་དང་ཟླུམ་པོ་བྲིས་ན། ཟླུམ་ཕྱེད་ནི་རི་མོའི་ལམ་གྱི་རི་མོ་དང་ཟུར་དབྱིབས་ཡིན་པ་དང་།ཟླུམ་པོ་ནི་རི་མོའི་བར་གྱི་རི་མོ་དང་ཁ་དོག་དབྱིབས་ཡིན་པས་དེས་རིགས་འགྲེ་ནས་གཞན་རྣམས་ཤེས་རྟོགས་བྱའོ།།


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། རི་མོ། ཐང་ག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-28

གསར་སྤེལ་མཁན། :འབྲུག་རྩེ།

རིགས་འགྲེ་བརྡ་འགྲེལ།