ཁ་ཊྭཱཾ་ག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་ཊྭཱཾ་ག
ཁ་ཊྭཱཾ་གའི་མིང་གཞན་ལ་སྔགས་ཀྱི་འཁར་བསིལ་ཞེས་ཀྱང་བཤད་ལ། འདི་ལ་དུང་དཀར་ཚིག་མཛོད་ལས། དབྱུག་ཏོའི་རྩེར་ཐོད་སྐམ་གསུམ་བརྩེགས་སྟེང་ལྕགས་ཀྱི་རྩེ་གསུམ་ཅན་གྱི་ཕྱག་མཚན་ཞིག་ཞེས་གསུངས་པའི་ཕྱིར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天杖
འགྲེལ་བ།
ཆོས་ལུགས་ཀྱི་ཕྱག་མཚན་ཞིག
1 དབྱིབས།

ཁ་ཊྭཱཾ་གའི་དབྱིབས་ལ་སྔགས་ཆས་རྣམ་བཤད་ལས། ཁ་ཊྭཱཾ་ག་དེ་ནི་ཡུ་བ་དཀར་པོའི་མར་སྣེར་རྡོ་རྗེ་རྩེ་ལྔ་པ་ཕྱེད་པའམ་རྩེ་གཅིག་པ་སྟེ་མར་སྣེའི་རྡོར་ཕྱེད་རྩེ་ལྔ་པའི་རྭ་དབུས་མ་རིང་པོ་ཅན་དང་། ཡར་སྣེར་སྣ་ཚོགས་རྡོ་རྗེ་དང་དེའི་སྟེང་དུ་བདུད་རྩིའི་བུམ་པ་དང་། དེའི་སྟེང་དུ་མི་མགོ་རློན་པ་ནག་པོ་དང་། རྙིད་པ་དམར་པོ་དང་། སྐམ་པ་དཀར་པོ་སྟེ་ཐོད་སྐམ་དང་གསུམ་པོ་རིམ་པར་བརྩེགས་པ་དང་། དེའི་སྟེང་དུ་རྡོ་རྗེ་ཁ་ཊྭཱཾ་ག་ཡིན་ན་དེ་ལ་རྩེ་མོ་རྡོ་རྗེ་རྩེ་ལྔ་བ་ཅན་དང་རྩེ་གསུམ་ཡིན་ན་དེའི་སྟེང་དུ་ལྕགས་ལས་བྱས་པའི་རྩེ་གསུམ་དབུས་མ་ཅུང་རིང་བ་ལ་གཡས་གཡོན་དུ་ཨ་ལོང་གསུམ་གསུམ་དྲུག་ཡོད་པ། བུམ་པའི་རྩ་བར་དྲིལ་གཡེར་དང་བ་དན་དང་དར་དཔྱངས་སྣ་ཚོགས་པ་བཏགས་པ་དེ་ནི་ཁ་ཊྭཱཾ་གའི་དབྱིབས་སོ། །དེ་ལྟར་ཡིན་ཏེ། ཨ་བྷི་ངྷྭ་ན་སྟེ་མངོན་བརྗོད་བླ་མ་ལས། རྡོ་རྗེ་ཁ་ཊྭཱཾ་གའི་སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་རབ་ཏུ་འཇིགས་པའི་རྡོ་རྗེ་དྲིལ་བུ་རབ་ཏུ་འཕྱང་བ་སྣ་ཚོགས་པའི་བ་དན་རབ་ཏུ་དཔྱངས་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ། འོག་ཏུ་རྡོ་རྗེ་རྩེ་གཅིག་པ། ཞེས་དང་། གདན་བཞིའི་བཤད་རྒྱུད་སྔགས་ཀྱི་ཆ་ལས། སྟེང་དུ་རྡོ་རྗེའི་དབྱུག་པ་ནི། མི་ཡི་ཡན་ལག་རུས་པས་བརྒྱན། བ་དན་དྲིལ་བུ་ཕྲེང་པ་ནི། དབྱུག་པ་ལག་པ་གཡོན་པས་བཟུང་། ཞེས་གསུངས་པའི་ཕྱིར་རོ། ཕག་མོ་ཤེས་རབ་སྣང་བའི་སྒྲུབ་ཐབས་ལས་བུམ་པའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཡོད་པར་བཤད་པ་ལྟར་མང་པོ་ཞིག་གིས་བུམ་པའི་ཁ་ཁྱེར་གྱི་སྟེང་དུ་རྡོ་རྗེ་རྒྱ་གྲམ་འཇོག་པར་བཤད་ཅིང་ལག་ལེན་ལ་བཏབ་པའང་སྣང་ངོ་། །

2 ཚད།

ཁ་ཊྭཱཾ་གའི་ཚད་ལ་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱི་སྔགས་ཆས་རྣམ་བཤད་ལས། གཉིས་པ་ཚད་ནི། མར་སྣེའི་རྡོར་ཕྱེད་ལ་སོར་ལྔ་དང་། བར་གྱི་དབྱུག་པ་ལ་ཁྲུ་གསུམ། སྣ་ཚོགས་རྡོ་རྗེ་ལ་སོར་གཉིས། བུམ་པ་ལ་སོར་བཞི། མི་མགོ་གསུམ་པོ་རེ་རེ་ལ་སོར་བཞི་བཞི་སྟེ་བཅུ་གཉིས། རྩེ་གསུམ་གྱི་དབུས་མ་ལ་མཐོ་གང་དང་གཡས་གཡོན་ཟུང་ལ་མཛུབ་གང་དགོས་ཤིང་སྤྱིའི་རིང་ཚད་ལ་འདོམ་གང་ལྷག་དང་། ཐུང་ཚད་ལ་སོར་བཅུ་གཉིས་པར་གསུངས་པས་ཐུང་ཚད་ལ་བུམ་ཞལ་སོགས་ལ་རིག་པས་གཞལ་ཏེ་ཚད་གཏན་ལ་འབེབས་པར་བྱ་བ་ཡིན་ནོ། །མཁས་གྲུབ་རྗེས་ཁ་ཊྭཱཾ་གའི་ཚད་བཤད་པ་རྒྱུད་ན་མེད་པའི་རྟོག་བཟོ་ཡིན་པར་གསུངས་སོ། །

སྤྱིར་ཁ་ཊྭཱཾ་ག་འདི་རྒྱུད་ཤིན་ཏུ་མང་པོ་ནས་བསྟན་མོད་དབྱིབས་ཚད་སོགས་གསལ་ལ་རྒྱས་པར་བཤད་པ་ཞིག་བདག་གི་ལག་ཏུ་མ་ཐོབ། ཁ་ཊྭཱཾ་ག་དང་ཏྲི་ཤཱུལ་དང་། རྩེ་གསུམ་རྣམས་མིང་གི་རྣམ་གྲངས་སུ་བཤད། འོན་ཀྱང་ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། ཁ་ཊྭཱངྒ་བཛྲ། ཏྲི་ཤཱུ་ལ་གནྔྷ། ཞེས་ཐ་དད་ལྟ་བུར་བཤད་ཀྱང་སྔ་མ་རྡོ་རྗེ་ཁ་ཊྭཱཾ་ག་དང་ཕྱི་མ་རང་བཞིན་གྱི་རྩེ་གསུམ་པ་ལ་གོ་བར་བྱས་ན་རུང་ངམ་སྙམ། མཚོན་ཆ་ལ་བཀོལ་བའི་རྩེ་གསུམ་ནི་མདུང་རྩེ་གསུམ་པ་ཞིག་ལས་མགོ་བོ་དང་བུམ་པ་དང་། སྣ་ཚོགས་རྡོ་རྗེ་དང་བ་དན་སོགས་རྒྱན་ཆ་རྣམས་མེད་པར་བཤད་དོ། ཁ་ཊྭཱཾ་ག་འདི་རྒྱུད་སྡེ་འོག་མ་ལས་ཀྱང་བསྟན་པ་ཡིན་ཏེ། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ལས། པདྨ་བུམ་པ་མདུང་རྩེ་གསུམ། །ཞེས་དང་། བྱ་རྒྱུད་རིག་པ་མཆོག་གི་རྒྱུད་ལས། པདྨ་འཁོར་ལོ་རྒྱལ་མཚན་དུང་། །མདུང་ཐུང་དབྱུག་པ་བེ་ཅོན་རི། །ཞགས་པ་རྩེ་གསུམ་ཁ་གདེང་དུང་། །གདོན་དྲག་རྣམས་ལ་གནས་པར་བྱ། །ཞེས་དང་། དཔུང་བཟང་ལས། པགས་པ་གོ་ཆ་མདུང་རྩེ་གསུམ། །ཞེས་གསུངས་པའི་ཕྱིར་རོ། ། འོན་ཀྱང་རྒྱུད་སྡེ་འོག་མ་ལས་བྱུང་བའི་ཁ་ཊྭཱཾ་ག་ནི་རྩེ་གསུམ་ཙམ་ཡིན་ནམ་སྙམ་མོ། །མཁའ་འགྲོ་རྒྱ་མཚོ་ལས། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། བདུད་རྩི་ལྔ་ལ་སོགས་པ་ཟ། ཞེས་དང་། གདན་བཞི་ལས། ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །ཞེས་དང་། མངོན་བརྗོད་བླ་མ་ལས། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན།།ཞེས་གསུངས་པ་ལྟར་རྣལ་འབྱོར་བས་ཐོད་པའི་སྣོད་དང་ཁ་ཊྭཱཾ་རྟག་ཏུ་འཆང་དགོས་པར་གསུངས་ཤིང་། ཁ་ཊྭཱཾ་འཆང་ཚུལ་ཡང་ལག་པ་གཡོན་པའི་གྲུ་མོ་ལ་བཞག་ནས་ཕྲག་པར་བཀལ་བའམ་ཕྲག་པར་བརྟེན་ཏེ་འཛིན་དགོས་པ་ཡིན་ཏེ། རྡོ་རྗེ་ཨྰ་ར་ལིའི་རྒྱུད་ལས། ཁ་ཊྭཱཾ་ག་ཡིས་ཕྲག་པ་བརྒྱན། ཞེས་གསུངས་པའི་ཕྱིར་རོ། །

3 དགོས་པ།  

ཁ་ཊྭཱཾ་གའི་དགོས་པ་ལ་སྔགས་ཆས་རྣམ་བཤད་ལས། གསུམ་པ་དགོས་ཆེད་ནི། ཁ་ཊྭཱཾ་ག་དེ་ཤེས་རབ་ཡུམ་གྱི་ཚུལ་ལུས་ལ་བསྟེན་པས་ཐབས་ཤེས་ཀྱི་དོན་དང་བདེ་ཆེན་ལྷན་ཅིག་སྐྱེས་པའི་དོན་མི་བརྗེད་པར་དྲན་པ་དང་། རྣལ་འབྱོར་པའི་སྐུ་ལ་གཟི་བྱིན་བསྐྱེད་པ་དང་། སྔགས་ཀྱི་དམ་ཚིག་ཚང་བ་དང་། མཁའ་འགྲོ་དབང་དུ་འདུ་བ་དང་། འཇིགས་མེད་ཧེ་རུ་ཀའི་རྣལ་འབྱོར་དུ་གོ་བར་ནུས་པ་དེ་ནི་དགོས་པའོ། །ཞེས་གསུངས་པའི་ཕྱིར།

4 མཚོན་དོན།

ཁ་ཊྭཱཾ་གའི་མཚོན་དོན་ནམ་དག་པ་ལ་སྔགས་ཆས་རྣམ་བཤད་ལས། བཞི་པ་མཚོན་དོན་ནམ་དག་པ་ལ་ནི། དབྱིབས་ཀྱི་དག་པ་དང་། ཚད་ཀྱི་དག་པ་གཉིས་ལས། དང་པོ་ནི། རྡོ་རྗེ་ཁ་ཊྭཱཾ་གའི་རྩེ་མོའི་རྡོ་རྗེ་རྩེ་ལྔ་ནི་ལམ་དུས་སུ་མ་དག་པའི་ཕུང་ལྔ་སྦྱངས་ནས་འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ་དང་རིགས་ལྔ་བསྒྲུབ་པར་བྱེད་པ་དང་འབྲས་དུས་སུ་དེ་དག་གྲུབ་པ་མཚོན་བྱེད་དང་། འོག་རྭ་ཐོད་སྐམ་གྱི་སྟེང་དུ་ཟུག་པ་ལྔ་ནི་སྦྱང་བྱ་ཁམས་གསུམ་གྱི་ཕུང་ལྔ་དང་། སྟེང་རྭ་ལྔ་སྦྱངས་འབྲས་ཡེ་ཤེས་ལྔ་དང་། མར་སྣེའི་རྡོ་རྗེ་རྩེ་ལྔ་དེ་བྱང་ཆུབ་ཀྱི་སེམས་དང་། དབྱུག་པའམ་ཡུ་བ་དེ་དངོས་སུ་མིའི་སྒལ་ཚིགས་ཀྱི་བྱ་དགོས་ཤིང་དེ་ཆོས་ཐམས་ཅད་བདག་མེད་པ་དང་། སྣ་ཚོགས་རྡོ་རྗེ་ནི་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་ལས་སམ་ལམ་ལས་བྱུང་བའི་འབྲས་བུ་སྐུ་གསུམ་གྱི་སྤྲུལ་སྐུ་དང་། དེར་དྲིལ་བུ་དང་བ་དན་དང་དར་དཔྱངས་སྣ་ཚོགས་པས་བརྒྱན་པ་དེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་འཕྲིན་ལས་དང་། བདུད་རྩིས་གཏམས་པའི་བུམ་པ་དེ་ལོངས་སྐུ་དང་། ཐོད་པ་སུམ་བརྩེགས་དེ་ཆོས་སྐུ་དང་རྣམ་ཐར་སྒོ་གསུམ་གྱི་མཚོན་བྱེད་ཡིན་པས་དེ་དང་དེའི་དག་པ་དྲན་པར་བྱ་དགོས་སོ། །གཉིས་པ་ཚད་ཀྱི་དག་པ་ནི། སྣེ་རྡོར་ལ་སོར་ལྔ་ཡོད་པ་དེ་གཉེན་པོ་ཡེ་ཤེས་ཀྱི་སྦྱང་བྱ་ཕུང་ལྔ་གནས་སུ་དག་སྟེ་ཡེ་ཤེས་ལྔ་འདྲེན་པ་དང་། བསྐྱེད་རིམ་གྱི་སྦྱང་བྱ་རྐང་པའི་སོར་མོ་ལྔ་དང་། ཡུ་བ་སོར་ཉེར་བཞི་དེ་ནང་གི་དབང་བོ་ཉི་ཤུ་རྩ་གཉིས་དང་ཆོས་ཅན་དང་ཆོས་ཉིད་གཉིས་བསྣན་པ་ཉེར་བཞི་དང་། ཁྲུ་གསུམ་བྱས་ཚེ་རྣམ་ཐར་སྒོ་གསུམ་དང་། མགྲིན་པ་ནས་རྐང་པའི་ལོང་བུ་བར་གྱི་མཚོན་བྱེད་དང་། དྲིལ་བུ་དང་བ་དན་ལག་པ་གཉིས་མཚོན་བྱེད་དང་། སྣ་ཚོགས་རྡོ་རྗེ་སོར་གཉིས་པོ་སྤྲུལ་སྐུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་མཛད་པ་དང་། བུམ་པ་སོར་བཞི་ལོངས་སྐུས་དགའ་བཞི་ལོངས་སུ་སྤྱོད་པ་དང་། སོར་དྲུག་པོ་ཐུན་མོང་དུ་མགྲིན་པའི་གནས་དང་། མགོ་བོ་དང་པོའི་སོར་གསུམ་པོ་མགོ་བོ་དང་རྣམ་ཐར་སྒོ་གསུམ་གྱི་རྣམ་པར་ཐར་བའི་སྒོ་སྟོང་བ་ཉིད་དང་། དེ་མན་གྱི་ཚད་སྤྱི་འདོད་ཁམས་མཚོན་བྱེད་དང་། སོར་བཅུ་གཉིས་པོ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། མགོ་བར་བའི་ཚད་དེ་གཟུགས་ཁམས་དང་། རྒྱུ་མཚན་མ་མེད་པ་དང་། མགོ་བོ་སྟེང་མའི་ཚད་དེ་གཟུགས་མེད་ཀྱི་ཁམས་དང་། འབྲས་བུ་སྨོན་པ་མེད་པ་མཚོན་བྱེད་དང་། རྩེ་གསུམ་པོ་དུག་གསུམ་རྩད་ནས་གཅོད་བྱེད་ཀྱི་གཉེན་པོའི་ཡེ་ཤེས་དང་། འབྲས་བུ་སྐུ་གསུམ་དང་གཞི་ལམ་འབྲས་གསུམ་མཚོན་བྱེད་ཡིན་པར་གསུངས་སོ། །དེ་ཡང་སྤྱིར་བཏང་བརྟག་གཉིས་ལས། ཁ་ཊྭཱཾ་ག་བསྒོམ་ཤེས་རབ་ཉིད། །ཅེས་ཁ་ཊྭཱཾ་ག་དེ་ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་དང་། ཁྱད་པར་དུ་དབང་གསུམ་པ་ཤེར་དབང་གི་ཡེ་ཤེས་ཀྱི་ཉེ་རྒྱུ་ཤེས་རབ་ཡུམ་གྱི་ངོ་བོ་མཚོན་བྱེད་དུ་གསུངས་པ་དང་། རྣལ་འབྱོར་མ་ཀུན་སྤྱོད་ལས། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཞེས་གསུངས་པ་ལྟར་རྒྱུད་འགའ་རེར་ཐབས་བདེ་བ་ཆེན་པོ་སྣང་བ་ལྷའི་སྐུ་མཚོན་བྱེད་དུ་གསུངས་སོ། །ཞེས་གསུངས་པའི་ཕྱིར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-24

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།