མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མི་རིགས་བཅའ་སྡོད་སློབ་འབྲིང་ཞིག་ཡིན་ལ། རང་ཁུལ་གྱི་གཞི་རྒྱ་ཆེས་ཆེ་བའི་མི་རིགས་མཐོ་རིམ་སློབ་འབྲིང་ཞིག་ཡིན། སློབ་གྲྭ་འདི་ནི་སྔར་གྱི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ(སྤྱི་ལོ1956ལོའི་ཟླ11པར་བཙུགས)བྱ་བ་དེ་ཡིན་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་བཙུགས་པ་ཆེས་སྔ་བའི་མི་རིགས་འབྲིང་རིམ་དགེ་འོས་སློབ་གྲྭ་ཞིག་ཡིན། སྤྱི་ལོ2004ལོའི་ཟླ4པར། རང་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས། སློབ་གྲྭ་འདི་ག་དང་སྔར་གྱི་མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་གཉིས་མཉམ་དུ་བསྡུས་ཏེ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མི་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་དུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海南州第一民族高级中学
ཕྱི་ཡིག་གི་མིང་།
NO.1 nationalities high school of Hainan prefecture
བཙུགས་ལོ།
སྤྱི་ལོ1956ལོའི་ཟླ4བ།
རིགས་དབྱེ།
གཞུང་བཙུགས་མཐོ་འབྲིང་།
སློབ་གཙོ།
འཇིགས་མེད་རྡོ་རྗེ།
གནས་ཡུལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ།
གཙོ་གཉེར་སྡེ་ཁག
མཚོ་ལྷོ་ཁུལ་སློབ་གསོ་ཅུའུ།
སློབ་གྲྭའི་གདམ་ཚིག
བློ་སྦྱོང་། གཤིས་བཟང་། དོན་གཉེར། ཉམས་ལེན།
1 སློབ་གྲྭ་ངོ་སྤྲོད།

QQ截图20151117092140.jpg

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མི་རིགས་བཅའ་སྡོད་སློབ་འབྲིང་ཞིག་ཡིན་ལ། རང་ཁུལ་གྱི་གཞི་རྒྱ་ཆེས་ཆེ་བའི་མི་རིགས་མཐོ་རིམ་སློབ་འབྲིང་ཞིག་ཡིན། སློབ་གྲྭ་འདི་ནི་སྔར་གྱི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ(སྤྱི་ལོ1956ལོའི་ཟླ11པར་བཙུགས)བྱ་བ་དེ་ཡིན་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་བཙུགས་པ་ཆེས་སྔ་བའི་མི་རིགས་འབྲིང་རིམ་དགེ་འོས་སློབ་གྲྭ་ཞིག་ཡིན། སྤྱི་ལོ2004ལོའི་ཟླ4པར། རང་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས། སློབ་གྲྭ་འདི་ག་དང་སྔར་གྱི་མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་གཉིས་མཉམ་དུ་བསྡུས་ཏེ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མི་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་དུ་བསྒྱུར་ནས་འབྲིང་རིམ་དགེ་འོས་སློབ་གསོ་ནས་སློབ་འབྲིང་སློབ་གསོའི་རྣམ་པར་བསྒྱུར་བའི་དམིགས་འབེན་མངོན་འགྱུར་བྱུང་།  མིག་སྔར་རང་རེའི་སློབ་གྲྭར་དགེ་བཟོ་བ234དང་། དེ་ལས་ཆེད་ལས་ལག་རྩལ་མི་སྣ223དང་། ཧྲོ་ཧྲི་ཞིབ་འཇུག་སློབ་མའི་ཐོབ་ཐང་ཅན་གྱི་དགེ་རྒན་མི21ཡོད། མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་ཀྱི་རྫོང་ལྔ་གཙོར་བྱས་པ་དང་། དེ་མིན་སི་ཁྲོན་རྔ་བ་དང་ཀན་སུའུ་ཀན་ལྷོ། མགོ་ལོག ཡུལ་ཤུལ། མཚོ་ནུབ། མཚོ་བྱང་། རྨ་ལྷོ་ས་ཁུལ་སོགས་ནས་ཡོང་བའི་སློབ་མ་ཁྱོན་བསྡོམས2600ལྷག་དང་།  འཛིན་གྲྭ48ཡོད།

2 རྨང་གཞིའི་སྒྲིག་ཆས།

སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ117145.73ཡོད་ལ། བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ24643ཡོད། ད་ལྟ་སློབ་མའི་སློབ་ཁྲིད་ཐོག་ཁང་གཉིས་དང་། མལ་ཁང་ཐོག་ཁང་གསུམ། དཔེ་ཀློག་རྒྱུ་ཆ་དེབ་ཁྲི་བཞི་ལྷག  སྐྱེ་དངོས་དང་རྫས་འགྱུར། དངོས་ལུགས་ཀྱི་དངོས་གཤེར་ཁང་བདུན་དང་རྩིས་འཁོར་སློབ་ཁང་གསུམ། སྨྱན་མང་གཟུགས་ཀྱི་སློབ་ཁྲིད་དཔྱད་ཆས59ཡོད་པ་དང་། རི་མོ་དང་གླུ་དབྱངས། ཞབས་བྲོའི་སློབ་ཁང་གསུམ། ཁྲུས་ཁང་དང་གོས་འཁྲུད་ཁང་སོགས་ཡོད་ལ། ད་དུང་སྨི400ཅན་གྱི་ལུས་རྩལ་ར་བ་སོགས་ཚད་ལྡན་རང་བཞིན་གྱི་སློབ་འབྲིང་ཞིག་ཏུ་གཞོལ་བཞིན་ཡོད།

3 སློབ་སྒྲུབ་ཐབས་ལམ།

སློབ་གྲྭས་རྣམ་པ་ཀུན་ཏུ “མི་ཆོས། འཆམ་མཐུན། ཚན་རིག གསར་གཏོད”སློབ་སྒྲུབ་ཀྱི་འདུ་ཤེས་དང་། “བློ་སྦྱོང་། གཤིས་བཟང་། དོན་གཉེར། ཉམས་ལེན། ”སློབ་གྲྭའི་གདམས་ཚིག་ཏུ་བཞག་ནས་སློབ་མའི་ཕྱོགས་ཡོངས་ཀྱི་བདེ་ཐང་དང་མི་ཚེའི་འཕེལ་རྒྱས་ནི་སློབ་གྲྭའི་བྱ་བ་ཡོད་ཚད་ལས་གཙོ་གནད་དུ་བཟུང་བ་དང་། “འཕེལ་རྒྱས་ནི་གནས་ལུགས་མཐར་ཐུག་དང་། སྤུས་ཚད་ནི་ཡོད་ཚད་ཀྱི་སྲོག་རྩ་ཡིན་པ། བོད་ཁུལ་གྱི་མཚན་སྙན་ལྡན་པའི་སློབ་གྲྭ་ཞིག་ཏུ་བརྩོན་ལེན་བྱེད་པ། འཇོན་ཐང་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང”བྱེད་རྒྱུ་དང “སློབ་ཁྲིད་བཅོས་བསྒྱུར་གཏིང་ཟབ། ནང་ཁུལ་གྱི་དོ་དམ་འཐུས་ཚང། སློབ་གསོའི་ཞིབ་འཇུག་ལ་སྐུལ་འདེད་བྱེད་པ”གཙོ་གནད་དུ་བཟུང་ནས།  སྔོན་ཐོན་གྱི་འདུ་ཤེས་དང་ཚན་རྩལ་གཟབ་ནན། སྒྲིག་གཞི་འཐུས་ཚང་ཁྱབ་བརྡལ་དུ་བཏང་སྟེ། ཕན་འབྲས་ཆེ་བའི་དོ་དམ་དང་། སྤུས་ཚད་མཐོ་བ། སྒྲིག་ཆས་ལེགས་པ། ཁོར་ཡུག་མཛེས་པའི་སློབ་རའི་རིག་གནས་འཛུགས་སྐྲུན་བྱེད་པ། མིག་དཔེ་གཞན་སྟོན་དང་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་སྐྱེད་སྲིང་བྱེད་པ་དམིགས་འབེན་དུ་བཟུང་ནས། སློབ་སྦྱོང་གི་རྣམ་པ། གྲངས་འབོར་གྱི་རྣམ་པ། མི་ཆོས་ཀྱི་རྣམ་པ། གསར་གཏོད་ཀྱི་རྣམ་པ། དཔལ་ཡོན་གྱི་རྣམ་པ། བདེ་འཇགས་ཀྱི་རྣམ་པ་བཅས“རྣམ་པ་དྲུག་ལྡན་གྱི་སློབ་ར”འཛུགས་སྐྲུན་བྱས་ནས་ཕྱོགས་ཡོངས་ནས་ཕུལ་བྱུང་མི་སྣ་གསོ་སྐྱོང་བྱ་བའི་ལས་ལ་བརྩོན་བཞིན་ཡོད།

4 སློབ་སྒྲུབ་ཁྱད་ཆོས།
4_1 དབྱུག་རྩལ་སྤོ་ལོ་རུ་ཁག    

དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་རང་རེའི་སློབ་གྲྭས་སྤྱི་ལོ2006ལོའི་ཟླ7པར་ན་གཞོན་དབྱུག་རྩལ་སྤོ་ལོའི་རུ་ཁག་བཙུགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་གང་མང་ལ་ཞུགས་ཏེ་སྔ་རྗེས་སུ་རྒྱལ་ཡོངས་ན་གཞོནAAAཚོགས་པའི་དབྱུག་རྩལ་སྤོ་ལོའི་འགྲན་བསྡུར་ཁྲོད་ཨང་བརྒྱད་པའི་བྱ་དགའ་ཐོབ། སྤྱི་ལོ2013ལོར་སློབ་གྲོགས་བྱམས་པ་ཚེ་རིང་དང་དཔལ་ལྡན་བསྟན་འཛིན་གཉིས་ཀྱིས་ཀྲུང་གོའི་ན་གཞོན་དབྱུག་རྩལ་སྤོ་ལོའི་རུ་ཁག་གི་ཚབ་བྱས་ཏེ་ཁོ་རེ་ཡ་ལྷོ་མའི་རྒྱལ་སར་བསྡུས་པའི་ཀྲུང་གོ་དང་ཀྲུང་གོའི་ཐའེ་པེ། ཁོ་རེ་ཡ་ལྷོ་མ། འཇར་པན། ཧིན་རྡུ་ཉི་ཞི་ཡ། ཧྥི་ལི་ཕིན་སོགས་རྒྱལ་ཁབ་དྲུག་གིས་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ན་གཞོན་རུ་ཁག་ཏུ་ཞུགས་ཏེ་བྱ་དགའ་ཨང་དྲུག་པའི་འབྲས་བུ་འབུར་ཐོན་བླངས་ལ། བྱམས་པ་ཚེ་རིང་ལ་ཐེངས་དེའི་འགྲན་བསྡུར་ཁྲོད་ཀྱི་ཆེས་ལེགས་པའི་བྱ་དགའི་ལག་རྟགས་ཐོབ། རུ་ཁག་འདི་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་དབྱུག་རྩལ་སྤོ་ལོའི་རུ་ཁག་གཅིག་པུ་ཡིན་པའི་ཆ་ནས། རང་རེའི་སློབ་གྲྭའི་སློབ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་ཐོན་ཞིག་ཡིན་ལ། དེ་དང་ལྷན་དུ་ཁོའི་གཡུར་ཟའི་གྲུབ་འབྲས་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་དང་ཞིང་ཆེན་ཡོངས་ཀྱི་དབྱུག་རྩལ་སྤོ་ལོའི་ལས་དོན་འཕེལ་རྒྱས་ལ་མིག་དཔེ་གང་ལེགས་བཞག

4_2 བསྡུས་གྲྭའི་སློབ་ཁྲིད།

སྤྱི་ལོ2007ལོར་རང་རེའི་སློབ་གྲྭས་འཛམ་གླིང་གོ་ལའི་ཁྱོན་ན་དགའ་མགུ་ཡི་རང་བྱེད་ཅིང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་སྟེ་ཚད་མ་རིག་པ་ལས་བསྡུས་གྲྭའི་སློབ་ཁྲིད་བཙུགས་ཤིང་། བསྡུས་གྲྭའི་རིགས་ལམ་སློབ་ཁྲིད་དེ་སློབ་གྲྭའི་སློབ་ཁྲིད་དངོས་ཀྱི་འཆར་གཞིའི་ནང་བཀོད། རང་རེས་སློབ་གྲྭས་བསྡུས་གྲྭ་འཛུགས་པའི་དམིགས་ཡུལ་ནི་བསྡུས་གྲྭའི་ཆེད་དུ་བསྡུས་གྲྭ་བཙུགས་པ་མ་ཡིན་པར་གཙོ་བོ་ནི་རིགས་ལམ་འདིས་སློབ་མའི་བློ་སྒོ་འབྱེད་པར་ཕན་ནུས་འདོན་པ་ལས་གཞན་ད་དུང་རིགས་ལམ་ཇེ་མྱུར་དང་། ཤེས་བྱའི་གནས་གང་དང་གང་ལ་བརྡར་ཤ་གཅོད་པ། གཞུང་ཚིག་མང་བོ་ཞིག་བློར་འཛིན་པ་དང་ལྟ་རྒྱ་མཐོང་རྒྱ་སྐྱེད་པ། གོ་བ་གཏིང་ཟབ་ཏུ་ལེན་པ། སྙིང་སྟོབས་དང་སྤོབས་པ་བསྐྱེད་པ་བཅས་ཀྱི་ཐད་ཕན་འབྲས་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་ངེས་པ་ལ་དམིགས་པ་ལགས་ཤིང་། དེ་མིན་ད་དུང་སློབ་མ་རྣམས་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་ལོན་པའི་ཆེད་དུ་བསམ་མོ། །སྔ་ཕྱིར་བསྡུས་གྲྭའི་སློབ་ཁྲིད་བྱེད་ཐབས་སྐོར་གྱི་སློབ་གསོའི་བགྲོ་གླེང་ཚོགས་འདུ་དང་། མཚན་ཉིད་པ་ཆུང་ཆུང་རྟགས་མའི་བསྡུས་གྲྭའི་རིགས་ལམ་འགྲན་བསྡུར་ཐེངས་བརྒྱད་ལ་སྤེལ་བ་དང་། དེ་དག་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཆེད་མཁས་པ་དོར་ཞི་གདོང་དྲུག་སྙེམས་བློ་དང་། དགེ་རྒན་ཆེན་མོ་བློ་བཟང་ཆོས་གྲགས། བོད་ཀྱི་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པ། དགེ་བཤེས་ལྷ་རམས་པ་རེབ་ཚ་འཇམ་དབྱངས་རྒྱ་མཚོ་དང་བློ་བཟང་ཆོས་འཕེལ་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཚད་མའི་ཆེད་མཁས་པ་དང་། དགོན་སྡེ་ཁག་གི་དགེ་བའི་བཤེས་གཉེན་ཆེན་མོ་དག་གདན་ཞུ་བྱས་ནས་དགོན་སྡེའི་རིག་གནས་དང་སློབ་གྲྭའི་རིག་གནས་གཉིས་ཇི་ལྟར་མཉམ་འབྲེལ་བྱེད་པ་དང་། བསྡུས་གྲྭའི་རིགས་ལམ་དེ་སློབ་གྲྭའི་བསླབ་བྱའི་ཁྲོད་དུ་ཇི་ལྟར་རྐང་ཚུགས་པར་བྱེད་པའི་ཐད་ལ་བགྲོ་གླེང་དང་དགོངས་འཆར་ལྷུག་པོར་བསྩལ་བ་ལ་བརྟེན་ནས་སློབ་གྲྭའི་བསྡུས་གྲྭའི་སློབ་ཁྲིད་དེ་འཐུས་ཚང་དུ་བཏང་སྟེ་མི་རིགས་སློབ་གསོའི་ཁྱད་ཆོས་འབུར་ཏུ་བཏོད་ཅིང་། སློབ་མ་རྣམས་ཀྱི་བསམ་གཞིགས་ཀྱི་ནུས་པ་རྒྱ་བསྐྱེད་དེ་བསླབ་བྱ་གང་དང་གང་ལ་སློབ་གཉེར་བྱེད་དུས་གནད་དོན་འདོན་པ་དང་། གནད་དོན་ལ་དབྱེ་ཞིབ་བྱེད་པ། གནད་དོན་ཐག་གཅོད་བྱེད་པའི་བློ་མིག་ལ་རྣོ་ངར་བླུད་ཅིང་རིག་པའི་འོད་སྟོང་སྤྲོ་བར་བྱས།

4_3 རང་མོས་སློབ་ཁྲིད།  

QQ截图20151117092637.jpg

རང་རེའི་སློབ་གྲྭས་སློབ་གསོ་སློབ་ཁྲིད་ཀྱི་བྱ་བ་དམ་པོར་བཟུང་བའི་དུས་མཚུངས་སུ་སློབ་མའི་གཏིང་རིམ་པའི་འཇོན་ནུས་སྔོག་འདོན་བྱ་ཕྱིར་གླུ་དབྱངས་དང་ཞབས་བྲོ། རི་མོ། རྩལ་སྦྱོང་ཕྱོགས་ཀྱི་དམིགས་བསལ་གྱི་ཡོན་ཏན་ཁྱད་ཆོས་ལྡན་པའི་སློབ་མ་དག་གཅིག་ཏུ་བསྡུས་ནས་དགའ་མོས་འཛིན་གྲྭ་བཙུགས་ཤིང་། དེ་དག་སློབ་གསོའི་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་བྱས་ཏེ་ཆེད་ལས་རང་བཞིན་ལྡན་པའི་སློབ་ཆེན་དག་ཏུ་འགྲིམས་པའི་ལམ་ཡངས་པོར་ཕྱེས། དེ་དང་ཆབས་ཅིག་ཏུ་སློབ་མ་དེ་དག་གི་འཇོན་ནུས་ངོམ་སའི་སྟེགས་བུ་བསྐྲུན་ཏེ་བྱ་འགུལ་རབ་དང་རིམ་པམསྤེལ་ཞིང་བོད་ཀྱི་དམངས་སྲོལ་རིག་གནས་སྔོག་འདོན་དང་ཐང་གའི་སྒྱུ་རྩལ་དར་སྤེལ་དུ་གཏོང་བ་སོགས་ཀྱིས་སློབ་རའི་རིག་གནས་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་གཟི་མདངས་གསར་བ་ཞིག་བསྣན་ཡོད།

4_4 བརྩེ་སྦྱིན་ཡིད་རྟོན་དཔེ་སྟེགས།

རང་རེའི་སློབ་གྲྭས་སློབ་མའི་བསླབ་ཕྱིའི་དཔེ་ཀློག་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་སློབ་གྲྭའི་འགོ་ཁྲིད་རྣམས་ཀྱི་གཟིགས་སྐྱོང་དང་དགེ་སློབ་ཡོངས་ཀྱི་རེ་འདུན་ལྟར། སྔ་ཕྱིར་དགེ་བཟོ་བ་དང་སློབ་མ། སྤྱི་ཚོགས་སྤྱི་པའི་ཞལ་འདེབས་ཕུལ་བ་བརྒྱུད་དམངས་སྒོར་ཁྲི25ལྷག་གི་མ་དངུལ་བཏོན་ནས་རྒྱལ་ཁབ་ཕྱི་ནང་གི་རྒྱལ་བའི་གསུང་རབ། ལོ་རྒྱུས་བསྟན་བཅོས། རྩོམ་རིག་བརྩམས་ཆོས། སློབ་གསོ། ཚན་རིག་ལ་སོགས་པའི་སྐོར་གྱི་དཔེ་དེབ8000ལྷག་བླུས་ནས་སློབ་མའི་སློབ་ཁང་དང་མལ་ཁང་གི་བར་ཁྱམས་སུ“བརྩེ་སྦྱིན་ཡིད་རྟོན་དཔེ་སྟེགས”ཞེས་པའི་དཔེ་སྒྲོམ་དུ་བསྒྲིགས་པ་དང་།  སློབ་མ་རང་མོས་ཀྱིས་དཔེ་ཆ་གཡར་ནས་ཀློག་པར་སྟབས་བདེ་བཟོས་པ་དང་། སྒོ་འབྱེད་རང་བཞིན་གྱི་དཔེ་སྟེགས་འདིས་དཔེ་ཀློག་ལ་མོས་ཤིང་སྤྲོ་བའི་དགེ་སློབ་དག་ལ་དཔེ་ཆའི་རྒྱ་མཚོ་བསྐྱིལ་ཅིང་ཤེས་བྱའི་ཉིང་བཅུད་གཞིབ་པའི་ཁོར་ཡུག་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད་པས།  རང་རེའི་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་དཔེ་ཀློག་གི་འདུན་པ་ཇེ་དྲགས་དང་།  ལྷག་པར་དུ་སློབ་མ་རྣམས་ཀྱི་ལྟ་ཀློག་གི་ནུས་པ་སྔར་ལས་ལྡབ་འགྱུར་གྱིས་ཇེ་ལེགས་སུ་བཏང་བ་དང་། དཔེ་སྒྲོམ་སྟེང་གི་དཔེ་དེབ་དེ་དག་ནི་ཤེས་བྱའི་ཆུ་རྒྱུན་གྱི་མགོ་ཁུངས་དང་མ་འོངས་རྒྱང་བཞུད་ཀྱི་ལམ་སྟོན་སྒྲོན་མེ་རུ་གྱུར་དང་འགྱུར་བཞིན་ཡོད།

4_5 དབུལ་ཕོངས་སློབ་མའི་རོགས་སྐྱོར་ཚོགས་པ།

སློབ་གྲྭས་སྤྱི་ལོ2006ལོའི་ཟླ4པའི་ཟླ་དཀྱིལ་དུ་དབུལ་ཕོངས་སློབ་མར་རོགས་སྐྱོར་བྱེད་པའི་ཚོགས་པ་བཙུགས། ཚོགས་པ་འདིས་སྐལ་བཟང་མེ་ཏོག་རོགས་སྐྱོར་ཚོགས་པ་དང་། ཀུན་ཕན་ཐེབས་རྩ་ཚོགས་པ། ཡ་གླིང་ཐེབས་རྩ་ཚོགས་པ། མཚོ་སྔོན་ཞིང་ཆེན་སློབ་གསོའི་རོགས་སྐྱོར་སོགས་སྙིང་རྗེ་ཚོགས་པ་མང་པོ་བརྒྱུད་ནས་སློབ་མ5000ལྷག་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི400ལྷག་བཏང་ནས། དཀའ་ངལ་ཅན་གྱི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་བུ་དག་ལ་དངོས་པོ་དང་བསམ་བློའི་ཐད་རོགས་སྐྱོར་བྱས་ཏེ་དབུལ་ཕོངས་སློབ་མའི་མདུན་ལམ་ལ་རེ་བའི་དྲོད་ཁོལ་རྒྱས་སུ་བཅུག་ལ། ཁོ་ཚོར་མུ་མཐུད་དུ་སློབ་གཉེར་བྱེད་པའི་གོ་སྐབས་ཤིག་བསྩལ།

5 གཡུར་ཟའི་འབྲས་བུ།

QQ截图20151117092653.jpg

ཉེ་བའི་ལོ་འདི་གར་སློབ་གྲྭའི་རྨང་གཞིའི་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་དང་། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏེགས་པ། ཕུལ་བྱུང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱས་པ། མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ཕུན་སུམ་ཚོགས་པ་བླངས་པ་སོགས་སློབ་སྒྲུབ་ཀྱི་འབྲས་བུ་འབུར་ཐོན་ཡིན་པའི་རྐྱེན་གྱིས་སློབ་གྲྭ་འདི་ལ་སྔ་ཕྱིར “རྒྱལ་ཡོངས་སློབ་གསོའི་མ་ལག་ཁྲོད་ཀྱི་ཐུན་མོང་སྔོན་ཐོན་ཅན”དང“མཚོ་སྔོན་ཞིང་ཆེན་གྱི་མཚན་སྙན་ལྡན་པའི་སློབ་གྲྭ”“མཚོ་ལྷོ་ཁུལ་གྱི་དཔལ་ཡོན་སྡེ་ཁག”སོགས་རྒྱལ་ཁབ་རིམ་པའི་ཐུན་མོང་གི་བྱ་དགའི་རྣམ་གྲངས12དང་། ཞིང་ཆེན་རིམ་པའི་བྱ་དགའ21དང། ཁུལ་རིམ་པའི་བྱ་དགའ33བཅས་ཐོབ་ཡོད།

6 མ་འོངས་པའི་དམིགས་འབེན།

སློབ་གྲྭས་གོམ་གང་མདུན་སྤོས་སྒོས་སྒྲིག་སྲོལ་འཐུས་ཚང་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། འགན་འཁྲིའི་འདུ་ཤེས་མཐོར་འདེགས། དོ་དམ་ཚད་ལྡན་ཅན་དུ་གཏོང་བ། དྲང་བོ་དྲང་བཞག་དང་། དྲག་རྒྱལ་ཞན་འཇིག་གི་སློབ་སྦྱོང་གི་ཁ་དབུགས་ཤིག་ཆགས་སུ་འཇུག་པ། སློབ་ཁྲིད་ཀྱི་བསམ་བློ་བཟང་དུ་བསྒྱུར་བ། བསླབ་ཕྱིའི་ཟུར་ཁྲིད་ལ་ཤུགས་བསྣན་ནས་འཚོ་བར་ཟབ་ཞུགས་དང་ལག་ལེན་དངོས་ཀྱི་སློབ་མའི་འཇོན་ཐང་ངོམ་པའི་སློབ་གསོ་མཐོར་འདེགས་བྱས་ཏེ་རང་གཤིས་ལྡན་པའི་མི་སྣ་སྐྱེད་སྲིང་དང་། སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བྱས་ནས་ཕྱོགས་ཡོངས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱེད་པ་དང་། རྨང་གཞིའི་འཛུགས་སྐྲུན་ཐད། བཟོ་བསྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ3034.28ཅན་གྱི་དགེ་རྒན་གྱི་འཁོར་རྒྱུག་ཐོག་ཁང་གཅིག་དང་། བཟོ་བསྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ4491.76ཅན་གྱི་གཞུང་སྒྲུབ་ཐོག་ཁང་གཅིག བཟོ་བསྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ3600ཅན་གྱི་སྐས་རིམ་སློབ་ཁང་བཅས་སྣ་འཛོམས་རང་བཞིན་གྱི་ཐོག་ཁང་གཅིག  བཟོ་བསྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ3886.9ཅན་གྱི་དཔེ་མཛོད་ཐོག་ཁང་གཅིག་བཅས་བསྐྲུན་འཆར་ཡོད། 

མདོར་ན། སློབ་ཁྲིད་དོ་དམ་དང་སྤུས་ཚད། སློབ་མའི་ཀུན་སྤྱོད། སྒྲིག་སྲོལ་འཐུས་ཚང་། སྒྲིག་ཆས་དེང་རབས་ཅན་བསྒྱུར་ཏེ་བོད་ཁུལ་གྱི་རྩེར་སོན་སོན་པའི་མི་རིགས་མཐོ་འབྲིང་ཞིག་ཏུ་འགྱུར་བར་བརྩོན་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-01

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།