གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བརྩམས་ཆོས་ངོ་སྤྲོད)

གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད།
《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ནི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་ཤིང་། སྤྱི་ལོ1718ལོར་ཁོང་གིས་ལྕགས་རྩེ་གྲི་གུ་རྫོང་གི་རྫོང་དཔོན་གྱི་འགན་བཞེས་བཞིན་པའི་སྐབས་སུ་བརྩམས་པའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《勋努达美》《青年达美的故事》
རྩོམ་པ་པོ།
མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ།
1 རྩོམ་པ་པོའི་ལོ་རྒྱུས།

《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ཀྱི་རྩོམ་པ་པོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ནི་བོད་རབ་བྱུང་བཅུ་གཉིས་པའི་མེ་གླང(སྤྱི་ལོ1697)ལོར་ཕ་ངག་དབང་ཚངས་པ་དང་མ་མདང་དྲུང་གཉིས་ཀྱི་བུར་བྱང་སྟག་ལུང་དུ་འཁྲུངས། དགུང་ལོ་དྲུག་པ་ནས་བཅུ་བཞིའི་བར་ཡི་གེ་འབྲི་ཀློག་དང་རྩིས་སོགས་སྦྱངས།

དགུང་ལོ་བཅོ་ལྔ་པ་ལྕགས་ཡོས(སྤྱི་ལོ1711)ལོ་ནས་ལོ་གསུམ་རིང་སྨིན་གྲོལ་གླིང་དུ་ལོ་ཆེན་དྷརྨ་ཤྲཱི་ལས་སྙན་ངག་དང་། རྩིས། དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར་བཅས་ལ་སྦྱངས་ནས་ཀུན་བཤད་ཀྱི་མཚན་ཚངས་སྲས་དགྱེས་པའི་བློ་ལྡན་ཞེས་གསོལ། དགུང་ལོ་ཉི་ཤུ་པར་གཞིས་ཀ་རྩེའི་རྫོང་དཔོན་གྱི་འགན་བཞེས། དགུང་ལོ་ཉེར་གཅིག་པ་མེ་བྱ(སྤྱི་ལོ1717)ལོར་གཞིས་ཀ་རྩའི་རྫོང་དཔོན་གྱི་ལས་འགན་བཞེས། དེའི་ཕྱི་ལོ་ལྕགས་རྩེ་གྲི་གུ་རྫོང་གི་རྫོང་དཔོན་གྱི་ལས་འགན་བཞེས་བཞིན་པའི་སྐབས་སུ《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》བརྩམས། དགུང་ལོ་ཉེར་དྲུག་པ་ཆུ་སྟག(སྤྱི་ལོ1722)ལོར་བོད་ས་གནས་སྲིད་གཞུང་གི་དྲུང་འཁོར་གྱི་གྲས་སུ་ཞུགས། དེའི་ཕྱི་ལོར་གོང་དཀར་རྫོང་གི་རྫོང་དཔོན་མཛད་ཅིང་ཕོ་ལྷ་ཐའི་ཇི་བྱང་ཁུལ་དུ་གོང་མའི་བཀའ་བཞིན་བསྐྱོད་པའི་ཚབ་ཏུ་རྩིས་དཔོན་གྱི་ལས་འགན་བཞེས། རྗེས་སུ་བཀའ་བློན་ཕོ་ལྷ་བའི་ལས་རོགས་སུ་ཛ་སག་ཐའི་ཇིའི་གོ་གནས་དང་སྦྲགས་བཀའ་བློན་དུ་བསྐོས། ཆུ་གླང(སྤྱི་ལོ1733)ལོར《མི་དབང་རྟོགས་བརྗོད》བརྩམས་གྲུབ་བྱུང་བ་དང་། 《སྐད་གཉིས་ཤན་སྦྱར་ནོར་བུའི་དོ་ཤལ》ཡང་བསྒྲིགས། དེའི་རྗེས་སུ་ཁོང་གིས་བཀའ་བློན་གྱི་འགན་བཞེས་ནས་ལོ་ངོ་སུམ་ཅུ་སོ་གསུམ་བཞུགས། དགུང་ལོ་རེ་དྲུག་པ་རབ་བྱུང་གསུམ་པའི་ཆུ་རྟ(སྤྱི་ལོ1762)ལོར་རང་ཉིད་ཀྱི་རྟོགས་བརྗོད《བཀའ་བློན་རྟོགས་བརྗོད》ཅེས་པ་བརྩམས། དགུང་ལོ་རེ་བདུན་པ་ཆུ་ལུག(སྤྱི་ལོ1763)ལོར་སྐུ་གཤེགས།

2 གཏམ་རྒྱུད་ཀྱི་ནང་དོན།

《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ཅེས་པའི་བརྗོད་བྱ་ནི་སྔོན་ཞིག་ལ་ཡུལ་སྲིད་པའི་རྒྱན་ཞེས་པའི་རྒྱལ་ཁབ་ཅིག་ན་རྒྱལ་སྲས་གཞོན་ནུ་ཟླ་མེད་ཅེས་གཟུགས་བྱད་ལང་ཚོ་མཛེས་ཤིང་སྟོབས་རྩལ་འགྲན་ཟླ་མེད་པ་ཞིག་ཡོད་ལ། རེ་ཞིག་གི་དུས་སུ་གཞོན་ནུ་དེ་འཇིག་རྟེན་མཐུན་འཇུག་གི་སྣེ་འཛིན་རན་པའི་སྐབས་སུ། ཡུལ་བཀོད་ལེགས་འོད་སྣང་ཞེས་པའི་རྒྱལ་ཁབ་ཀྱི་རྗེ་གསལ་ལྡན་རྒྱལ་པོ་ཞེས་པ་ལ་སྲས་མོ་ཡིད་འོང་མ་ཞེས་འཕྱོར་སྒེག་ལྟ་བས་མི་ངོམས་པ་ཞིག་ཡོད། རྒྱལ་སྲས་གཞོན་ནུ་ཟླ་མེད་དང་ཡིད་འོང་མ་གཉིས་ཕན་ཚུན་མཐོང་བ་མེད་ཀྱང་སྙན་པ་ཐོས་པས་གཅིག་སེམས་གཅིག་ལ་ཆགས་ཤིང་ཡོད་ནའང་། བཀོད་ལེགས་འོད་སྣང་སོགས་རྒྱལ་ཁབ་གཞན་ནས་ཀྱང་ཡིད་འོང་མ་ཐོབ་འདོད་མཁན་ཡོད་པ་དང་། ཁྱད་པར་དུ་ཡབ་རྒྱལ་པོ་ནི་སྲས་མོ་ཡིད་འོང་མ་དེ་སྣང་བ་འབུམ་ལྡན་གྱི་རྒྱལ་སྲས་ལྷ་ལས་ཕུལ་བྱུང་དང་མཛའ་བར་བྱ་རྒྱུར་དམ་བཅའ་བཀོད་ཅིང་གནས་པའི་སྐབས་དེར། རྒྱལ་སྲས་གཞོན་ནུ་ཟླ་མེད་ཀྱིས་བློན་སྲིད་པ་གཞོན་ནུ་བྱ་བ་གཉེ་བོར་བརྫངས། བློན་དེའི་བློ་རིག་ལ་བརྟེན་ནས་ཡིད་འོང་མའང་གསང་སྟབས་ཀྱིས་སྲིད་པའི་རྒྱན་གྱི་ཕྱོགས་སུ་དཔུང་གིས་བསྐོར་ཏེ་རིངས་པར་འགྲོ་བ་ན། སྣང་བ་འབུམ་ལྡན་རྒྱལ་ཁབ་ཀྱི་དམག་དཔུང་རྣམས་ཡིད་འོང་མ་བསུ་རུ་འོངས་པ་སྟབས་འཁེལ་གྱིས་ལམ་ནས་འཕྲད་སྟབས། ནང་རུལ་བས་གསང་བ་ཕྱི་གྱར་བྱས་པ་ལ་བརྟེན་ནས་མཐར་སྲིད་པའི་རྒྱན་གྱི་བློན་དམག་ལ་ཕམ་ཁ་བཟོས་ཤིང་། ཡིད་འོང་མ་དང་སྲིད་པ་གཞོན་ནུ་གཉིས་འཛིན་བཟུང་གིས་སྣང་བ་འབུམ་ལྡན་དུ་ཁྲིད། ཡིད་འོང་མའང་འུ་ཐུག་གིས་ཤི་ལྕེབས་བྱ་རྩིས་སོགས་ཀྱིས་གཞོན་ནུ་ཟུང་གི་འདོད་དོན་འགྲུབ་རྒྱུ་རླུང་ནང་གི་མར་མེ་ལྟར་གྱུར་པ་ན། རེ་ཞིག་གི་དུས་སུ་སྲིད་པ་གཞོན་ནུས་ཟོལ་གྱི་རྣམ་འགྱུར་ལ་བརྟེན་ནས་སྣང་བ་འབུམ་ལྡན་གྱི་རྗེ་བློན་རྣམས་བསླུས་ཤིང་གཞོན་ནུ་ཟླ་མེད་དང་མཉམ་དུ་གཡུལ་གཤོམ་པའི་སྐབས་ཕྱེས་ནས་ཕ་རོལ་ཕམ་པར་བྱས་རྗེས་རྒྱལ་སྲས་གཞོན་ནུ་ཟླ་མེད་དང་སྲས་མོ་ཡིད་འོང་མ་གཉིས་ཀྱི་འདོད་པའི་དོན་ཐམས་ཅད་གྲུབ།

དེ་ནས་དུས་ཡུན་རིང་ཙམ་འགོར་རྗེས། གཞོན་ནུ་ཟླ་མེད་ཡུལ་སྲིད་པའི་རྒྱན་གྱི་རྒྱལ་པོའི་འཇིགས་མེད་སེང་ཁྲིར་བཀོད་ནས། རྒྱལ་སྲིད་ཆོས་བཞིན་བསྐྱངས་ཤིང་། རྒྱལ་སྲིད་ཀྱི་དཔལ་འབྱོར་མངའ་རིས་དང་བཅས་པ་མས་དབེན་གྱི་མཆེད་ཟླ་དགའ་བའི་རོལ་མཚོ་ལ་བྱིན་ཏེ་རང་ཉིད་གཅིག་པུ་ནགས་སུ་དཀའ་ཐུབ་ལ་བསླེབས། སྲིད་པ་གཞོན་ནུས་གཞོན་ནུ་ཟླ་མེད་ཀྱི་བཀའ་བཞིན་སྣང་བ་འབུམ་ལྡན་གྱི་རྒྱལ་སྲིད་ཕྱིར་སྤྲད་དེ་གཞོན་ནུ་ཟླ་མེད་ཀྱི་རྗེས་སུ་འབྲངས་ནས་ནགས་ཁྲོད་དུ་དཀའ་ཐུབ་སྤྱོད་པར་སོང་། ཡིད་འོང་མ་ཡང་རང་ཡུལ་བཀོད་ལེགས་འོད་སྣང་ནས་ཕྱིར་བསླེབས་པ་དང་གནས་ཚུལ་ཡོད་ཚད་ཤེས་པས་གཞོན་ནུ་ཟླ་མེད་ཀྱི་ཕྱི་བཞིན་འབྲངས་པ་ཡིན་ནོ། །

གཞོན་ནུ་ཟླ་མེད་ཀྱིས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཆེན་ཡོངས་སུ་རྫོགས་ཤིང་ཞི་བ་རྣམ་གྲོལ་གྱི་གོ་འཕང་དམ་པ་རྙེད་ནས། སླར་ཡང་མཐའ་ཡས་པའི་འགྲོ་བ་སྒྲོལ་བར་དམ་བཅས་ཏེ་རྒྱལ་ཁབ་ཆེན་པོ་སྲིད་པའི་རྒྱན་དུ་ཞབས་སོར་གྱི་པད་མོ་བཀོད་ནས། དགེ་བའི་བཤེས་གཉེན་དགྲ་བཅོམ་པ་ཆོས་ཀྱི་དབང་ཕྱུག་མཆོག་དང་ལྷན་དུ་ཆོས་ཀྱི་རྣམ་གྲངས་མཐའ་ཡས་སུ་མུ་མེད་པའི་ཆར་ཆེན་པོ་བྱོ་བས་གདུལ་བྱ་སྤྱི་དང་བྱེ་བྲག་མང་པོ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དུ་བཀོད་དོ། །

3 བསམ་བློའི་ནང་དོན།

སྒྲུང་རྩོམ་འདི་ཁག་གཉིས་སུ་ཕྱེ་ཆོག་སྟེ། ཁག་དང་པོའི་ནང་དུ་གཞོན་ནུ་ཟླ་མེད་དང་ཡིད་འོང་མ་གཉིས་ཀྱིས་མི་འདོད་པའི་གཉེན་དོན་ལ་ངོ་རྒོལ་དང་དྲི་མ་མེད་པའི་བརྩེ་འདང་གི་འཚོ་བ་བརྩོན་ལེན་བྱས་པའི་ཀྱག་ཀྱོག་དང་ཛ་དྲག་གི་འཐབ་རྩོད་བྲིས་ཡོད་པ་དང་། སྒོས་སུ་ཡིད་འོང་མ་ཞེས་པའི་བུད་མེད་ཀྱི་སྣང་བརྙན་གཟི་འོད་འབར་བ་དེ་གཙོ་བོར་བཟུང་ནས་བྲིས་ཡོད།

རྩོམ་པ་པོས་ཡིད་འོང་མས་སྣང་བརྙན་ཞིབ་འབྲི་བྱས་པར་བརྟེན་ནས། རང་ཉིད་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་བཙན་ཤེད་ཀྱི་གཉེན་སྒྲིག་ལམ་ལུགས་ལ་ངོ་རྒོལ་དང་། རང་དབང་གི་གཉེན་སྒྲིག་ལ་ཡིད་སྨོན་དང་བསྔགས་པ་བརྗོད་པའི་སྔོན་ཐོན་གྱི་བསམ་བློ་མཚོན་པར་བྱས་ཡོད། འདི་ནི་སྒྲུང་རྩོམ་འདིའི་བསྟན་བྱ་གཙོ་བོ་ཡིན་ལ་བསམ་བློའི་ཉིང་བཅུད་ཀྱང་ཡིན་ནོ། །

དེ་དང་ལྷན་དུ་རྒྱལ་ཁབ་གསུམ་གྱི་འཐབ་རྩོད་བརྗོད་པ་བརྒྱུད་ནས་དབང་སྒྱུར་གྲལ་རིམ་ནང་ཁུལ་གྱི་རྙོག་འཛིང་དྲ་རྒྱས་ཀྱི་འགལ་འདུ་དང་། དབང་སྒྱུར་པའི་སྙིང་རྗེའི་སྣུམ་དང་བྲལ་ཞིང་གདུག་རྩུབ་ཆེ་བའི་རང་བཞིན། གཞན་ད་དྲུང་རང་ཉིད་ཀྱི་ཁེ་ཕན་འབའ་ཞིག་ལ་དམིགས་པ་ལས་འབངས་ཀྱི་བདེ་སྡུག་ལ་ཤ་མི་ཚ་བའི་རང་བཞིན་ངན་པ་སོགས་ཀྱང་མཚོན་པར་བྱས།

རྩོམ་པ་པོས་སྒྲུང་རྩོམ་འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་གཞོན་ནུ་ཟླ་མེད་ནི་འགྲན་པའི་ཟླ་དང་བྲལ་བའི་ཕུགས་བསམ་གྱི་མི་སྣ་ཞིག་ཏུ་བྱས་ཏེ་ངོ་མཚར་དང་མཛེས་ཚོར་སྐྱེད་པའི་ཁྱད་ཆོས་དུ་མས་སྤྲས་ཡོད་པ་དང་། ཡོན་ཏན་དང་དྲག་རྩལ། ཀུན་སྤྱོད། ཆ་བྱད་སོགས་ཡོངས་སུ་རྫོགས་པའི་རྒྱལ་སྲས་དམ་པ་ཞིག་ཡིན་པར་བྲིས་ཡོད། སྒྲུང་རྩོམ་འདི་རུ་གསལ་བ་ལྟར། གཞོན་ནུ་ཟླ་མེད་ཀྱིས་མཛེས་སྡུག་ལྡན་པའི་གཉེན་དོན་གྱི་ཆེད་དུ་འཐབ་རྩོད་བྱེད་ཕོད་མོད། རང་དགར་འཐབ་འཁྲུག་བསླངས་ཏེ་མི་དམངས་སྡུག་ལ་སྦྱོར་བའི་བྱ་བ་ནི་མི་བྱེད་དོ། །ཕོ་བྲང་ནང་གི་ཞི་དྲག་གི་བཀའ་བློན་ཐམས་ཅད་ཀྱིས་དམག་གི་དཔུང་ཤུགས་ལ་བརྟེན་ནས་ཡིད་འོང་མ་འགུགས་འདོད་པའི་སྐབས་དེར། གཞོན་ནུ་ཟླ་མེད་ཀྱིས་བར་བ་མངགས་ནས་གཉེན་སློང་དགོས་པའི་ལྟ་བ་བཏོན། ཡིད་འོང་མ་མ་བྱིན་པ་ལ་བློན་པོའི་ཚོགས་དྲག་ཏུ་ཁྲོས་ཏེ་དམག་གི་དཔུང་ཚོགས་གཏོང་བའི་སྟ་གོན་བྱེད་པའི་སྐབས། གཞོན་ནུ་ཟླ་མེད་ཀྱིས་བཀག་འགོག་བྱས་ཏེ། སྲིད་པ་གཞོན་ནུ་རང་ཉིད་ཡིན་པར་བརྫུ་རུ་བཅུག་སྟེ་ཐད་ཀར་ཡིད་འོང་མའི་གམ་ལ་མངགས། མཐར་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་སྐབས་སུ། ད་གཟོད་དམག་དྲངས་པ་རེད། ཡིན་ནའང་དམག་འཁྲུག་གི་རྒྱ་ཁྱོན་ཆེར་མ་བཏང་བར་མ་ཟད། འཛིན་བཟུང་བྱས་པའི་རྒྱལ་པོ་སྲས་དང་བཅས་པར་སེམས་གསོ་བྱས་ཤིང་གློད་གྲོལ་བཏང་། འདི་དག་གིས་རྩོམ་པ་པོའི་སྔོན་ཐོན་གྱི་མི་ཆོས་རིང་ལུགས་ཀྱི་བསམ་བློ་མཚོན་པར་བྱས་ཡོད།

གཞོན་ནུ་ཟླ་མེད་ནི་རྩོམ་པ་པོས་བཟོ་སྐྲུན་བྱས་པའི་ཆེས་མཆོག་ཏུ་གྱུར་ཅིང་ཡིད་དུ་འོངས་པའི་དབང་སྒྱུར་གྲལ་རིམ་གྱི་འཐུས་ཚབ་མི་སྣ་ཞིག་རེད། ཁོའི་སྟེང་ནས་མངོན་པའི་འགལ་འདུའི་རང་གཤིས་ཏེ་ཕྱོགས་གཅིག་ནས་བཀས་བཀོད་རྒྱུད་འཛིན་གྱི་གཉེན་དོན་ལམ་ལུགས་ལ་ངོ་རྒོལ་བྱས་ཏེ་གཉེན་དོན་རང་དབང་བརྩོན་ལེན་བྱེད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དམ་པའི་ཆོས་ལུགས་དྲིལ་སྒྲོག་བྱེད་པ་དེས། སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་མི་རྣམས་ཀྱི་བསམ་བློའི་རྙོག་འཛིང་རང་བཞིན་དང་འགལ་འདུའི་རང་བཞིན་མཚོན་ཡོད་པར་མ་ཟད། རྩོམ་པ་པོའི་བསམ་བློའི་འགལ་འདུ་ཡང་མཚོན་ཡོད།

གཞན་ད་དུང་རྩོམ་པ་པོས་མཚོན་ཐབས་སྣ་ཚོགས་དང་ཚིག་འབྲུ་མང་པོ་ལ་བརྟེན་ནས་སྲིད་པ་གཞོན་ནུའི་ལྷག་བསམ་དང་། དཔའ་བརྟུལ། རིག་འཕྲུལ་སོགས་ལ་བསྔགས་ཤིང་། འབངས་ཁོལ་གྱི་སྡར་མའི་ངང་ཚུལ་དང་ངོ་ལོག་བྱ་སྤྱོད་ལ་དགག་རྒྱག་བྱས་ཡོད།

4 སྒྱུ་རྩལ་གྱི་གྲུབ་འབྲས།

རྩོམ་པ་པོས་བརྩམས་ཆོས་འདིའི་ནང་དུ། ཆེ་ཆུང་མི་འདྲ་བའི་རྒྱལ་ཁབ་གསུམ་གྱི་གནས་ཚུལ་ངོ་སྤྲོད་དང་། མི་སྣ་གཙོ་བོ་བཅུ་ལྷག་གི་རྣམ་པ་དང་རང་གཤིས་འཕྱོར་འབྲི་བྱས་ཡོད་པར་མ་ཟད། རྒྱལ་ཁབ་དང་མི་ཕན་ཚུན་བར་སྣེ་མང་རྙོག་འཛིང་གི་འབྲེལ་བ་འབྲི་བརྗོད་བྱས་ཡོད།

དེ་ཡང་རྩོམ་པ་པོས་གཞོན་ནུ་ཟླ་མེད་ཀྱི་འཁྲུངས་ཚུལ་དང་། ནར་སོན་ཚུལ། གཏན་གྲོགས་བཙལ་ཚུལ་སོགས་བརྗོད་དེ་ཡིད་འོང་མ་གཏམ་རྒྱུད་ཀྱི་གར་སྟེགས་སུ་དྲངས། ཡིད་འོང་མ་བརྒྱུད་ནས་ལྷ་ལས་ཕུལ་བྱུང་གླེང་ཞིང་། རྒྱལ་ཁབ་གསུམ་གའི་གནས་ཚུལ་དང་འབྲེལ་བ་ཡང་ངོ་སྤྲོད་བྱས་ཡོད། དེ་ལྟར་གོ་རིམ་གསལ་ཞིང་ལྷོད་ཤ་ཆགས་པའི་སྒོ་ནས་འགལ་འདུ་ཡོད་ཚད་ཀློག་པ་པོའི་མིག་ལམ་དུ་བསྟར། བརྗིད་རྔམ་ཆེ་བའི་གཡུལ་འཁྲུག་གི་རྗེས་སུ། སྙན་དབང་འཕྲོག་པའི་ཚིག་སྦྱོར་གྱི་ལམ་ནས་གཞོན་ནུ་ཟླ་མེད་དང་ཡིད་འོང་མ་གཉིས་ཕྲད་ཅིང་དགའ་བདེའི་དཔལ་ལ་རོལ་བའི་ཚུལ་བྲིས་ཡོད།

རྩོམ་པ་པོས《སྙན་ངག་མེ་ལོང》ལས་བསྟན་པའི་རྩོམ་ཐབས་དང་ཚིག་རྒྱན་སོགས་ལ་བརྟེན་ནས་སྒྲིག་གཞི་ཚགས་དམ་ཞིང་། བྱུང་རིམ་ཀྱག་ཀྱོག་ཆེ་ལ། ཚིག་སྦྱོར་སྙན་འཇེབས་ཕུན་སུམ་ཚོགས་པའི་བཅད་ལྷུག་སྤེལ་མའི་རྣམ་པ་ཅན་གྱི་སྒྲུང་རྩོམ་འདི་བརྩམས་པ་རེད། མིག་སྔར་མཐོང་ཐུབ་པའི་རྒྱུ་ཆ་ལ་དཔགས་ན། སྒྲུང་རྩོམ་འདི་ནི་བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་སྟེང་གི་ཆེས་ཐོག་མའི་སྒྲུང་རིང་རེད། འདི་ནི་རྣམ་ཐར་ལ་བརྟེན་ནས་བྱུང་བ་ཡིན་མོད། མི་དངོས་དོན་དངོས་འབྲི་བའི་དྲ་རྒྱ་ལས་ཐར་འདུག འདིས་བཀའ་བསྟན་ལས་བྱུང་བའི་རྩོམ་རིག་གི“སྐྱེས་རབས”ཀྱི་སྒྱུ་རྩལ་མཚོན་ཐབས་དང་རྒྱུ་ཆ་སྡུད་ལེན་བྱས་ཏེ་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་འཚོ་བ་མཚོན་པར་བྱས་ཡོད། འདི་ལས་དངོས་ཡོད་ལ་གཞོལ་བའི་འབྲི་རྩོམ་བྱེད་ཐབས་དང་མངོན་གསལ་གྱི་འབྲི་རྩོམ་འདུ་ཤེས་མངོན་ཡོད་པས། འདིས་བོད་ཀྱི་རྩོམ་རིག་གར་སྟེགས་ལ་རྩོམ་གྱི་རྣམ་གྲངས་གསར་བ་ཞིག་བསྣན་ཏེ། འབྲི་རྩོམ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་རེད། འདི་ནས་བཟུང་སྟེ་བོད་ཀྱི་རྩོམ་པ་པོའི་རྩོམ་རིག་ནི་ལོ་རྒྱུས་དེབ་ཐེར་དང་། རྣམ་ཐར། མཚན་ཉིད་རིག་པའི་བསྟན་བཅོས་སོགས་ལས་ལོགས་སུ་ཐོན་ཏེ། རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་འཚོ་བ་མཚོན་པའི་རྩོམ་རིག་འབྲི་རྩོམ་གྱི་ལམ་དུ་ཞུགས་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:6  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-11

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།