ཁྱད་པར་འཕགས་བསྟོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྱད་པར་འཕགས་བསྟོད།
《ཁྱད་པར་འཕགས་བསྟོད》ནི་སྟོན་པ་ཐུབ་པའི་དབང་བོ་ལ་བསྟོད་པ་རྒྱ་གར་གྱི་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་ཡིས་བརྩམས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《殊胜赞 》
རྩོམ་པ་པོ།
བྲམ་ཟེ་མཐོ་བཙུན་གྲུབ་རྗེ།
1 རྩོམ་པ་པོའི་ལོ་རྒྱུས།

བཀའ་བསྡུ་བ་གསུམ་པའི་མཇུག་ཐེག་ཆེན་གྱི་བསྟན་པ་དར་ཞིང་རྒྱས་པའི་མགོ་བརྩམས་པའི་སྐབས་སུ། ཡུལ་མ་གངྷར་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་བྱ་བའི་སྤུན་གཉིས་བྱུང་སྟེ། རིགས་ཀྱི་ལྷ་ནི་དབང་ཕྱུག་ཆེན་པོ་མཆོད་པར་བྱེད་པ་ཡིན་ལ། དེ་གཉིས་ཀས་ཀྱང་ཕྱི་ནང་གྲུབ་མཐའ་གཉིས་ཀ་ལ་བྱང་ཞིང་མཁས་པར་བྱས། འོན་ཀྱང་མཐོ་བཙུན་ནི་ཐེ་ཚོམ་ཅན་དུ་སྣང་ཞིང་ལྷ་དབང་ཕྱུག་ཉིད་བཟང་བར་སེམས་ལ། བདེ་བྱེད་བདག་པོ་ནི་སངས་རྒྱས་ཁོ་ན་ལ་དད་པར་གྱུར་པས་མ་འཆམས་པར་གྱུར་བ་ལ། མས་སྐུལ་པ་ལ་བརྟེན་ནས་སྤུན་མཆེད་གཉིས་ཀྱིས་རྐང་མགྱོགས་བསྒྲུབས་ཏེ་རྒྱལ་བོ་ཀེ་ལ་ཤ་སྟེ་གངས་ཏི་སེར་ལྷ་ཆེན་པོའི་དྲུང་དུ་སོང་བ་ན། གནས་དེར་ཇི་ཙམ་ཞིག་ན་དགྲ་བཅོམ་པ་ལྔ་བརྒྱ་བྱ་འཕུར་བ་ལྟར་ནམ་མཁའ་ནས་འཕུར་ཏེ་བྱུང་བ་ལ། དབང་ཕྱུག་ཆེན་པོ་འཁོར་དང་བཅས་པས་ཕྱག་བྱས་ཤིང་གདུགས་ཚོད་གསོལ་ནས་ཆོས་ཉན་ནོ།།

དེའི་ཚེ་བྲམ་ཟེ་སྤུན་མཆེད་གཉིས་ཀྱིས་ལྷ་ཆེན་པོ་ལ་དྲི་བ་བྱས་པས། ལྷ་ཆེན་གྱིས་སྨྲས་པ་ཐར་བ་ནི་སངས་རྒྱས་ཀྱི་ལམ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་དོ་ཞེས་བཤད་པས། དེ་གཉིས་རབ་ཏུ་དགའ་སྟེ་རང་ཡུལ་དུ་ཕྱིན་ནས་བྲམ་ཟེའི་ཆ་ལུགས་རྣམས་བོར་ཏེ་དགེ་བསྙེན་བཙུན་པ་སྟེ་གོོ་མིའི་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་བླངས། ཐེག་པ་ཆེ་ཆུང་གི་ཆོས་ལ་མཁས་པར་སྦྱངས་ཏེ་སྟོན་པ་སངས་རྒྱས་དང་མུ་སྟེགས་པའི་སྟོན་པའི་བཟང་ངན་གྱི་ཤན་འབྱེད་པའི་ཕྱིར་མཐོ་བཙུན་གྱིས《ཁྱད་པར་འཕགས་བསྟོད》དང་། བདེ་བྱེད་ཀྱིས《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ》བརྩམས་ཏེ་ཚོང་འདུས་དང་རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་བསྒྲགས། སྐབས་དེར་ཡུལ་དེའི་སྐྱེ་བོ་ཕལ་ཆེར་གྱིས་བསྟོད་པ་དེ་གཉིས་ཚིག་གླུ་དབྱངས་སུ་ལེན་པ་སོགས་ཁྱབ་བརྡལ་ཤིན་ཏུ་ཆེ་བ་བྱུང་།

མཐོ་བཙུན་སྐུ་མཆེད་ཀྱིས་རྡོ་རྗེ་གདན་དུ་ཉན་ཐོས་ཀྱི་དགེ་སློང་ལྔ་བརྒྱ་རེ་ལ་འཚོ་བ་སྦྱར་བ་དང་། ནཱལེནྡྲར་ཐེག་ཆེན་པ་ལྔ་བརྒྱ་རེ་ལ་འཚོ་བའི་བསྙེན་བཀུར་བྱས་པར་བཤད་དོ། །སྤྱིར་ནཱལེནྡྲ་ནི་སྔོན་འཕགས་པ་ཤཱ་རེའི་བུ་འཁྲུངས་པའི་ཡུལ་དང་། མཐར་ཤཱ་རིའི་བུ་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་གནས་ཀྱང་ཡིན་ལ། བར་སྐབས་ཤིག་ཏུ་གྲོང་མིས་སྟོངས་ཤིང་ཤཱ་རིའི་བུའི་མཆོད་རྟེན་གཅིག་མ་གཏོགས་ཅི་ཡང་མེད་པར་གྱུར་བའི་ཚེ་ན། རྒྱལ་པོ་མྱ་ངན་མེད་ཀྱིས་མཆོད་རྟེན་དེ་མཆོད་ཅིང་སངས་རྒྱས་ཀྱི་ལྷ་ཁང་ཆེན་པོ་ཞིག་བཞེངས་སོ། །དེ་ནས་ཕྱིས་སུ་ཐེག་ཆེན་གྱི་དང་པོའི་སློབ་དཔོན་ལྔ་བརྒྱས་བཀའ་བགྲོས་ཏེ་བརྟགས་པས། གང་དུ་འཕགས་པ་ཤཱ་རིའི་བུའི་གནས་སུ་ཐེག་པ་ཆེན་པོའི་ཆོས་བསྟན་ན་ཐེག་པ་ཆེན་པོའི་ཆོས་དར་ཞིང་དེ་ལ་དད་པར་འགྱུར་བ་མང་བའི་མཚན་མ་དང་འཕགས་པ་མོའུ་འགལ་གྱི་བུའི་གནས་སུ་ཐེག་པ་ཆེན་པོའི་ཆོས་བསྟན་ན་དབང་ཆེ་བ་ཙམ་དུ་འགྱུར་གྱི་ཆོས་དར་བ་ཁོ་ན་མ་ཡིན་པའི་མཚན་རྟགས་བྱུང་བ་ལ་གཟིགས་ནས་སློབ་དཔོན་མཐོ་བཙུན་དང་བདེ་བྱེད་བདག་པོས་ནཱལེནྡྲར་གཙུག་ལག་ཁང་བརྒྱད་བཞེངས་ཏེ་ཐེག་པ་ཆེན་པོའི་གླེགས་བམ་མང་དུ་བཞུགས་པས་བྱས་སོ། །དེ་ལྟར་ནཱལེནྡྲར་གཙུག་ལག་ཁང་ཐོག་མར་བསྐྲུན་པ་པོ་རྒྱལ་བོ་མྱ་ངན་མེད་ཡིན་ཀྱང་། དེར་ཐེག་ཆེན་གྱི་ཆོས་གཞི་ནས་མཛད་པ་པོ་ནི་སློབ་དཔོན་ལྔ་བརྒྱ་དང་མཐོ་བཙུན་སྐུ་མཆེད་ཡིན་ཞིང་། བར་དུ་རྒྱས་བར་མཛད་པ་བྲམ་ཟེ་སྒྲ་གཅན་འཛིན་ད་ང། ཤིན་ཏུ་རྒྱས་པར་མཛད་པ་སློབ་དཔོན་ཀླུ་སྒྲུབ་ཡིན་ནོ། བསྟོད་པ་འདི་གཉིས་དུས་ནམ་ཞིག་གི་ཚེ་བརྩམས་པའི་དུས་ཚིགས་རགས་པ་འདི་ཙམ་ལས་ལོ་ཚིགས་གསལ་བོར་བཀོད་པ་མ་མཐོང་མོད། འོན་ཀྱང་ལོ་ཙཱ་བ་རིན་ཆེན་མཆོག་དང་དཔལ་བརྩེགས་ཀྱིས་ཐོག་མར་བསྒྱུར་བའི་དུས་ཚིགས་ལ་དཔྱད་ན་སྤྱི་ལོ་དུས་རབས་བདུན་པའི་སྔོན་ཞིག་ལ་མཛད་པ་རྟོགས་སོ། །

2 ལོ་རྒྱུས་རྒྱབ་ལྗོངས།

《ཁྱད་པར་འཕགས་བསྟོད》དང《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ》དག་གི་མཛད་པ་པོ་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་ནི་མི་རབས་བརྒྱུད་ནས་ལྷ་དབང་ཕྱུག་ཆེན་པོ་ལ་མཆོག་ཏུ་དད་ཅིང་མཆོད་པ་དང་། རིག་བྱེད་ཀློག་པ་དང་། ཀློག་ཏུ་འཇུག་པ་དང་མཆོད་སྦྱིན་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། སྦྱིན་པ་དང་། ལེན་པ་སྟེ་དྲུག་ལ་མཁས་ཤིང་དེ་ལ་ཤིན་ཏུ་དགའ་བའི་བྲམ་ཟེ་རིགས་ལས་སྐུ་འཁྲུངས། ཆུང་ངུའི་དུས་ནས་མེས་པོའི་རྒྱུན་སྲོལ་ལྟར་རྟག་ཏུ་ལྷ་དབང་ཕྱུག་ཆེན་པོ་མཆོད་ཅིང་ཕྱི་རོལ་བའི་བསྟན་བཅོས་ཀུན་ཀློག་པར་མ་ཟད། ནང་བའི་བསྟན་བཅོས་ཀྱང་བཀླགས་ཤིང་དོན་ཐམས་ཅད་ཁོང་དུ་ཆུད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་སྡུག་བསྔལ་རྒྱུད་དང་བཅས་པ་ལས་ལྡོག་པའི་ལམ་མ་ནོར་བར་སྟོན་པའི་བསྟན་བཅོས་དོན་ལྡན་ཁྱད་པར་ཅན་དང་། གཞན་ནི་དེ་ལྟ་མ་ཡིན་པར་མཐོང་སྟེ་དུས་ནམ་ཞིག་གི་ཚེ་མཐོ་བཙུན་གྲུབ་རྗེ་དང་རང་གི་གཅུང་བདེ་བྱེད་བདག་པོ་གཉིས་འདི་སྙམ་དུ་སེམས་ཏེ། འུ་བུ་ཅག་གིས་རྒྱུན་དུ་མཆོད་པའི་ལྷ་དབང་ཕྱུག་ཆེན་པོ་ཁྱད་པར་དུ་འཕགས་པ་ཡིན་ནམ། ཡང་ན་སངས་རྒྱས་བཅོམ་ལྡན་འདས་ཁྱད་པར་དུ་འཕགས་པ་ཡིན་པར་བརྟག་ཅིང་འདྲི་བར་བྱའོ་སྙམ་ནས་རང་གི་ཕ་ལ་དྲིས་པས། ཕས་སྨྲས་པ། འུ་བུ་ཅག་གི་ཁྱིམ་ནི་མེས་པོའི་དུས་ནས་བྲམ་ཟེ་རིག་བྱེད་ཀློག་ཅིང་དབང་ཕྱུག་ཆེན་པོ་མཆོད་པར་བྱེད་པ་ཡིན་པས། དོན་དམ་དུ་གང་ཁྱད་དུ་འཕགས་པའི་དོན་ནི་ངེད་ཀྱིས་མི་རྟོགས་སོ། །གལ་ཏེ་ཤེས་བར་འདོད་ན། མ་དྲོས་བའི་མཚོ་ཆེན་པོའི་འགྲམ་དུ་རི་བོ་ཏེ་སེ་ཞེས་བྱ་བ་དུས་བཞིར་ཁ་བས་གཡོགས་པའི་གངས་དཀར་གྱི་རི་བོ་ཞིག་ཡོད་པ་དེ་ན། ངེད་ཅག་གི་ལྷ་དབང་ཕྱུག་ཆེན་མོའི་ཆུང་མ་ལྷ་མོ་ཨུ་མ་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྲགས་སོ། །གལ་ཏེ་སྤོབས་པ་དང་ལྡན་ན་ཡུལ་དེར་སོང་ནས། ལྷ་ཆེན་པོ་ཉིད་དངོས་སུ་མཇལ་ཞིང་དྲིས་ན་དེས་སྟོན་ནོ། །ཞེས་རྗེས་གནང་སྩལ་ཏོ། །དེ་ནས་སྤུན་མཆེད་ཟུང་གིས་ལྷ་ཆེན་པོ་དེ་ཉིད་རང་ཅག་གཉིས་ཀྱིས་མངོན་སུམ་དུ་མཐོང་ཞིང་དེའི་ལུང་མ་ཐོབ་བར་དུ་རང་གི་དགེ་བའི་རྩ་བ་ཅུང་ཟད་ཀྱང་མི་བྱ་སྙམ་དུ་རི་བོ་ཏེ་སེར་ལྷ་ཆེན་པོར་དངོས་སུ་མཇལ་དུ་འགྲོ་བར་དམ་བཅས་སོ།།ནམ་ཞིག་གི་ཚེ་ཁོ་གཉིས་ཡུལ་དེར་ཕྱིན་པ་དང་ལྷ་མོ་ཨུ་མས་མཐོང་ནས་སྨྲས་པར། བགྲད་པར་དཀའ་བའི་གནས་འདིར་ཁྱེད་གཉིས་ཅིའི་དོན་དུ་འོང་། །ཞེས་དྲིས་པས། ཁོ་གཉིས་ཀྱིས་རྒྱུ་མཚན་རྣམས་ཞིབ་མོར་སྨྲས་པ་དང་། ལྷ་མོ་ཨུ་མས་ཁོ་གཉིས་ལྷ་ཆེན་པོ་དབང་ཕྱུག་གི་མདུན་དུ་ཁྲིད་པ་ན། ལྷ་ཆེན་པོས་ཁྱོད་གཉིས་ཅིའི་དོན་དུ་འོང་ཞེས་པར། ལན་དུ་ངེད་ཀྱི་མེས་པོའི་བརྒྱུད་ནས་ལྷ་ཆེན་པོ་ཉིད་ཁོ་ན་ལ་མཆོད་པ་དང་སྟོན་པར་བཟུང་ནས་འུ་བུ་ཅག་གི་བསྟན་བཅོས་དང་རིག་བྱེད་དག་ལ་མཁས་པར་སྦྱངས། སངས་རྒྱས་ཀྱི་བསྟན་བཅོས་ལ་ཡང་མཁས་པར་སྦྱངས་ཏེ་འདྲིས་ཤིང་རྟོགས་པར་བྱས་ན། སྟོན་པ་གང་དང་། བསྟན་བཅོས་གང་ཕུལ་དུ་བྱུང་བའི་ཁྱད་པར་མ་རྟོགས་པས། ལྷ་ཆེན་པོ་ཁྱེད་ཀྱིས་སྟོན་པ་དང་བསྟན་བཅོས་མཆོག་དམན་གྱི་ཁྱད་པར་གསལ་བོར་བཤད་དུ་གསོལ། གང་ཞིག་ཁྱད་པར་འཕགས། དེ་རྟོགས་པར་འདོད་ན་འདིར་རེ་ཞིག་སྒུག་ཅིག་ཅེས་སྨྲས་སོ། དེ་ནས་ཉིན་གོང་མ་ཡོལ་བའི་དུས་ཏེ། ཤཱཀྱའི་དགེ་སློང་རྣམས་ཀྱི་ཁ་ཟས་གསོལ་བའི་དུས་ལ་བབ་པ་དང་ཉེ་བར་གྱུར་བ་ན། ནམ་མཁའ་ནས་ཆོས་གོས་ངུར་སྨྲིག་གི་མདོག་ཅན་གྱི་ན་བཟའ་གསོལ་ཞིང་། ལྷུང་བཟེད་དང་འཁར་གསིལ་ཕྱག་ཏུ་ཐོགས་པའི་དགེ་སློང་དགྲ་བཅོམ་པ་ལྔ་བརྒྱ་བྱ་ལྟར་འཕུར་ཏེ་ངང་བ་སེར་བོ་མཚོ་ལ་བབས་པ་ལྟར་ལྷ་ཆེན་པོའི་ཕོ་བྲང་ག་ལ་བ་དེར་བྱོན་ནས། ཡོན་བསྔོ་མཛད་ཅིང་སྦྱིན་པའི་བསོད་ནམས་ལས་བརྩམས་པའི་དམ་པའི་ཆོས་ཇི་སྙེད་ཅིག་བཀའ་བསྩལ་ཏེ་སླར་ནམ་མཁའ་ལ་བྱ་འཕུར་བ་ལྟར་འཕུར་ནས་རང་གནས་སུ་གཤེགས་པ་མཐོང་ངོ་། །

དེ་ནས་ལྷ་ཆེན་པོས་བྲམ་ཟེ་སྤུན་གཉིས་ལ་སྨྲས་པ།

གང་གི་སློབ་མ་བདག་ཅག་ཉིན་རེ་དགའ་བས་མཆོད་བྱེད་ཡོན་ཏན་དམ་པར་ལྡན། །

འཇིག་རྟེན་ཉེས་སེལ་ཡོན་ཏན་ཆེན་པོའི་མཚན་གྱི་མཆོག་ནི་རབ་ཏུ་གྲགས་གྱུར་ཅིང་། །

ཤིན་ཏུ་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་བྱེད་ཚེ་ན་མྱ་ངན་འདས་འདྲར་སེམས། །

འཇིག་རྟེན་གསུམ་གྱི་བླ་མ་ཡོན་ཏན་མཉམ་མེད་སངས་རྒྱས་དེ་ནི་མཁས་བས་མཆོད། །

དེ་བས་ན་ཁྱེད་ཅག་གཉིས་ཀྱིས་ཀྱང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་སྟེ། དེའི་གསུང་རབ་དང་། དེའི་རྗེས་འཇུག་འཕགས་པའི་དགེ་འདུན་དག་ལ་བཀུར་སྟི་དང་མཆོད་པར་བྱའོ། །ཞེས་གསུངས་པ་དང་། བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་སྤུན་མཆེད་གཉིས་སླར་རང་ཁྱིམ་དུ་ལོག་ནས་རིག་བྱེད་བསྟན་བཅོས་དང་དེའི་སྟོན་པ་རྣམ་གཉིས་སྙིང་བོ་མེད་པར་རྟོགས་ནས་རྩྭ་ལྟར་བོར་ཞིང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་དེས་བསྟན་པའི་གསུང་རབ་རྣམས་ནི། སྡུག་ཀུན་ཐམས་ཅད་སེལ་ཞིང་ཐར་བ་མཆོག་གི་གོ་འཕངས་འཐོབ་པའི་ཐབས་ཡང་དག་པ་ཁོ་ནར་ངེས་བ་བརྟན་པོ་རྙེད་ནས། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་བ་དང་། ཁས་བླངས་པ་དང་། གཞན་དུ་མི་སྨྲ་བ་བཞིའི་སྒོ་ནས་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་སོང་སྟེ། འཁོར་བ་མཐའ་དག་ལ་སྙིང་བོ་མེད་པར་མཐོང་བའི་ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པས་རྒྱུད་བསྐུལ་ཏེ། ཁྱིམ་ནས་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ། །ཞུགས་ནས་ཀྱང་བྲམ་ཟེ་སྤུན་མཆེད་གཉིས་ཀྱིས་སྟོན་པ་ཐུགས་རྗེ་ཅན་ལ་རབ་ཏུ་དད་ཅིང་དྭངས་པའི་སེམས་ཀྱིས་ཕྱི་ནང་གི་སྟོན་པ་དང་བསྟན་པའི་མཆོག་དམན་གྱི་ཁྱད་པར་དང་སྐྱོན་ཡོན་གྱི་ཁྱད་ཆོས་ལས་བརྩམས་ཏེ། གཅུང་བདེ་བྱེད་བདག་པོས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་པའི་ལྷ་ལས་ཕུལ་དུ་བྱུང་བའི་ཚུལ་བརྗོད་པའི་སྒོ་ནས《ལྷ་ལས་ཕུལ་བྱུང》ཞེས་བྱ་བ་དང་། གཅེན་མཐོ་བཙུན་གྲུབ་རྗེས་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཁྱད་དུ་འཕགས་པའི་བསྟོད་པ་ཞེས་བྱ་བ་དའི་བརྩམས་སོ།།

3 བསམ་བློའི་ནང་དོན།

མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་དབང་བོ་སྤུན་མཆེད་གཉིས་ཀྱིས་རིག་བྱེད་ཀྱི་བསྟན་བཅོས་དང་སྟོན་པ་རྣམས་ལ་སྐྱབས་སུ་འགྲོ་བ་དོར་ནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་བསྟན་པའི་གསུང་རབ་རྣམས་ཡང་དག་པར་མཐོང་བ་སྟེ། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། གང་ལ་སྐྱོན་ནི་མི་མངའ་ཞིང་། །ཡོན་ཏན་དཔག་མེད་མངའ་བ་དང་། །ཐམས་ཅད་མཁྱེན་དང་ཐུགས་རྗེ་ཅན། །དེ་ལ་བདག་ནི་སྐྱབས་སུ་མཆི། །ཞེས་དང་། ཡང་རྗེ་ས་པཎ་གྱིས། ཡོན་ཏན་སྐྱོན་གཉིས་སུས་ཀྱང་གསལ། །འདྲེས་བ་འབྱེད་ཤེས་མཁས་བ་ཡིན། །ཆུ་ལས་འོ་མ་ངང་བས་འབྱེད། །བ་ལས་འོ་མ་ཀུན་གྱིས་ལོང་། །ཞེས་དང་། སྐྱེ་བ་ཡོན་ཏན་ཡོད་མེད་པའི། །བླང་དོར་བློ་གྲོས་ལྡན་པ་མཁས། །ཞེས་གསུངས་པ་ལྟར། ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་མིག་དང་ལྡན་པའི་སློབ་དཔོན་མཁས་པ་ཆེན་པོ་འདིས་ནི། དབང་རྟུལ་དད་མོས་ཙམ་གྱི་རྗེས་སུ་འབྲངས་པ་ལྟ་བུ་དང་། གཞན་གྱི་ཟེར་སྒྲོས་ཙམ་ལ་ཡིད་ཆེས་པའི་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་དཔེ་ལྟ་བུར་མ་སོང་བར་སྐྱོན་ཡོན་གྱི་ཆ་ཐམས་ཅད་ནས་བློས་བརྟགས་ཤིང་དཔྱད་པའི་སྒོ་ནས་རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ། གཞན་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ལས་བསྒྲལ་བའི་ཐབས་ལ་མཁས། ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་ཕན་བཏགས་པ་དང་མ་བཏགས་པ་ཐམས་ཅད་ཀྱི་དོན་མཛད་པ་སོགས་མཚན་ཉིད་བཞི་དང་ལྡན་ཞིང་། སྐྱོན་ཀུན་སེལ་ཡོན་ཏན་ཀུན་རྫོགས་ཀྱི་སྐྱབས་གནས་བསླུ་བ་མེད་པ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་གཅིག་པུར་མཐོང་ནས་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་སོང་ཞིང་། སྟོན་པ་སངས་རྒྱས་དང་མུ་སྟེགས་པའི་སྟོན་པའི་བཟང་ངན་འབྱེད་པའི་ཕྱིར་རྩོམ་རིག་གི་ཉམས་རབ་དུ་བརྟས་པའི་སྙན་ངག་གི་ལམ་ནས་སྟོན་པ་བཅོམ་ལྡན་འདས་ཉིད་ཕྱི་རོལ་བའི་སྟོན་པ་རྣམས་ལས་ཁྱད་པར་དུ་འཕགས་ཚུལ་ཡང་བརྗོད་ཡོད། བསྟོད་པ་མཛད་པ་པོས་སངས་རྒྱས་མཅོམ་ལྡན་འདས་ལ་རྒྱ་ཆེར་བསྟོད་སྐབས་གཙོ་བོ་ཕྱོགས་གཉིས་ནས་སོང་ཡོད་དེ། དང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ནི་ཉེས་ཀུན་རྩ་བ་ཆགས་སྡང་སངས་པའི་སྒོ་ནས་འཇིག་རྟེན་པའི་ལྷ་སྟེ་ལྷ་ཆེན་དབང་ཕྱུག་སོགས་ལས་ཁྱད་པར་དུ་འཕགས་པའི་ཚུལ་བརྗོད་པ་དང་། གཉིས་པ་སྟོན་པ་བཅོམ་ལྡན་འདས་ནི་ཐོག་མར་ཁྱིམ་ནས་ཁྱིམ་མེད་པར་རབ་དུ་བྱུང་བའི་ཁྱད་ཆོས་ཀྱི་སྒོ་ནས། མུ་སྟེགས་པའི་དྲང་སྲོང་རྣམས་ལས་ཁྱད་པར་དུ་འཕགས་པའི་ཚུལ་སྙན་ངག་ལས་བརྩམས་ཏེ་བསྟོད་པའི་རྣམ་པ་ནི་བརྗོད་བྱའི་བསམ་བློ་གཙོ་བོ་དག་ཡིན་ནོ།།

4 སྒྱུ་རྩལ་གྱི་ཁྱད་ཆོས།

སྤྱིར་ན་འཛམ་གླིང་གི་སྒྱུ་རྩལ་རྩོམ་རིག་གི་རྣམ་པ་དེ་དངོས་ཡོད་རིང་ལུགས་དང་། རྟོག་པ་འཆར་ཡན་རིང་ལུགས་གཉིས་ལས་མ་འདས་ཤིང་། དེ་གཉིས་ནི་འཛམ་གླིང་རྩོམ་རིག་བྱུང་འཕེལ་ཁྲོད་བཞུར་རྒྱུན་ཆེས་ཆེ་བ་གཉིས་རེད། གནའ་རབས་རྒྱ་གར་བའི་སྒྱུ་རྩོམ་ཡང་རྣམ་པ་དེ་གཉིས་ལས་མ་འདས། 《ཁྱད་པར་འཕགས་བསྟོད》དང《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ》གཉིས་ནི་རང་ཅག་ཁ་བ་རི་བའི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་ཆེས་རྨད་དུ་བྱུང་བའི་རྟོག་པ་འཆར་ཡན་རིང་ལུགས་ཀྱི་སྙན་ངག་འགྱུར་རྩོམ་བསྟན་བཅོས་ཤིག་རེད། སྙན་ངག་གི་བསྟན་བཅོས་འདིར་འཕྲུལ་སྣང་དང་རྟོག་བཏགས། འུད་བརྗོད་ཀྱི་ཤུགས་ཧ་ཅང་ཆེ་བའི་ལྷ་སྒྲུང་དང་ཕྱི་རོལ་རིག་བྱེད་ཀྱི་གཏམ་རྒྱུད་མང་པོ་དྲངས་པས་སྙན་རྩོམ་གྱི་འཆར་ཡན་གྱི་ཚད་བླ་ལྷག་གི་ཇེ་མཐོར་སོང་ཡོད་པ་ལྷན་དུ་ལྷ་སྒྲུང་དང་གཏམ་རྒྱུད་ནང་གི་རྙོག་འཛིང་ལྡན་ཞིང་འགྱུར་བ་མང་བའི་བྱུང་རིམ་གྱིས་སྙན་ངག་གི་གི་ཞིང་ཁམས་རྒྱ་ཆེན་པོ་ཞིག་གསར་སྐྲུན་བྱེད་པའི་ཐད་དགེ་མཚན་ཆེན་པོ་ཐོན་པར་བརྟེན། སྐྱེས་སྦྱངས་ཀྱི་རིག་པ་གསལ་ཞིང་བསམ་བློའི་རྟོག་འགྱུ་ཕུན་སུམ་ཚོགས་པའི་བོད་ཀྱི་སྙན་ངག་རྩོམ་པ་པོ་རྣམས་ཀྱིས་གཏམ་རྒྱུད་དང་སྒྲུང་གཏམ་དེ་དག་དང་ངོ་ཤེས་བཅོས་པ་དང་དེར་གོམས་པར་བྱས་ཤིང་། གཏམ་རྒྱུད་དེ་རིགས་རིམ་བཞིན་སྙན་ངག་གི་དཔེར་བརྗོད་དང་རྩོམ་ཡིག་ནང་འདྲེན་ཅི་ཐུབ་བྱེད་པའི་རྩོམ་གཤིས་ཤིག་ཆགས་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-07

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།