ཁ་ཆེ་ཕ་ལུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་ཆེ་ཕ་ལུ།
《ཁ་ཆེ་ཕ་ལུ》འམ《ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་དངོས་གྲུབ་ཆུ་མིག》ཅེས་པ་འདི་ནི་དུས་རབས་བཅུ་དགུ་པ་ནས་ཉི་ཤུ་པའི་དུས་མགོར་བོད་དུ་དར་ཁྱབ་ཆེ་བའི་བསླབ་བྱ་ཞིག་རེད།
1 རྩོམ་པ་པོ།

《ཁ་ཆེ་ཕ་ལུའི》ཁྲོད་རྩོམ་པ་པོས་རང་ཉིད་ནི་ཁ་ཆེའི་མི་ཡིན་ཚུལ་བརྗོད་ཡོད་པར་མ་ཟད། ད་དུང་བསླབ་བྱ་འདིའི་ལེའུ་གཉིས་པར“བོད་ཀྱི་སྐད་དུ་དཀོན་མཆོག་རིན་པོ་ཆེ། །རང་རེའི་སྐད་དུ་གོ་བརྡཱ་ལ་ཕྱག་འཚལ། །”ཞེས་པ་དང་། ལེའུ་བཅུ་གཉིས་པར“གོང་ན་གོ་བརྡཱ་གཤམ་ན་ཕ་མ་གཉིས། །དེ་གསུམ་ལས་ལྷག་སུ་ཡང་ཡོད་པ་མིན། །”ཞེས་པའི་ཚིག་ཡོད་པ་ལ་བལྟས་ན་རྩོམ་པ་པོ་ནི་ཕལ་ཆེར་ཨི་ས་ལེམ་གྱི་ཆོས་ལ་དད་པ་བྱེད་པའི་ཁ་ཆེ་ཞིག་ཡིན་པ་འདྲ་མོད། འོན་ཀྱང་བསླབ་བྱ་འདིའི་བརྗོད་བྱ་ནི་ནང་པའི་ཆོས་ལུགས་ཁོ་ན་ཡིན་པས། དེ་ནི་ཧོར་ཁང་བསོད་ནམས་དཔལ་འབར་གྱིས། “དེ་ཡང་སྔོན་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོའི་གདན་ས་གཙང་བཀྲ་ཤིས་ལྷུན་པོ་དང་། དེའི་ཉེ་འདབས་གཞིས་ཀ་བསམ་གྲུབ་རྩེའི་རྫོང་། ཞོལ་དུ་གྲོང་ཁྱེར་ཕུན་སུམ་ཚོགས་པ་མིག་མང་རིས་སུ་ཆགས་པ། ཁོར་ཡུག་དགའ་ཚལ་ལྗོན་ཤིང་གིས་ཁེངས་པའི་ཡིད་འཕྲོག་ལྷའི་གྲོང་ཁྱེར་ལྟ་ན་སྡུག་པའི་དཔལ་ལ་འགྲན་པ་དེའི་ཁྲོད་དུ་སྐབས་དེར་འཚོ་ཞིང་གཞེས་པའི་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་ཡོངས་འཛིན་དགེ་བའི་བཤེས་གཉེན་འབྲོང་རྩེ་མཁས་པ་ཆེན་པོ་བློ་བཟང་ཚུལ་ཁྲིམས་ཞེས་བྱ་བ་ཞིག་བྱུང་ངོ་། །དེའི་དུས་གྲོང་ཁྱེར་དུ་འཁོད་པའི་སྐྱེ་བོ་ཁྲི་ཕྲག་གི་ཁྲོད་དུ་དོན་མཐུན་ལ་བྱང་ཆུབ་པའི་ཁ་ཆེ་ཕ་ལུ་འཇུ་ཡི་ཞེས་བྱ་བ་ཞིག་བྱུང་ཞིང་། དེས་རང་གི་དཔལ་འབྱོར་རྒྱས་པའི་ཕྱིར་དུ་བླ་བྲང་རྒྱལ་མཚན་མཐོན་པོའི་ཕོ་བྲང་གི་ཕྱོགས་ཤིག་ཏུ་ཡོངས་འཛིན་འབྲོང་རྩེ་མཁས་པ་ཆེན་པོ་བཞུགས་སའི་གཟིམ་ཤག་ག་ལ་བ་དེར་ཡང་ནས་ཡང་དུ་བསྐྱོད་གཤིས། ཡོངས་འཛིན་ཆེན་པོས་ཀྱང་དེ་ལ་ཐུགས་བརྩེ་བའི་གཟིགས་པ་མི་དམན་པར་མཛད་དོ། །དེ་ནས་ཉིན་གཅིག་ཡོངས་འཛིན་མཆོག་གིས་ཕ་ལུར་རང་ཅག་ཕྱི་ནང་ཐུན་མོང་དུ་དད་མོས་བྱེད་པའི་དཀོན་ཅོག  ཕ་མ། ལས་འབྲས་ཞེས་པ་དེའི་བླང་དོར་ལག་ལེན་དུ་བསྟར་བདེ་བའི་བསླབ་བྱ་ཞིག་ཁྱེད་ཀྱིས་ཕྲིས་དང་། ངས་ཀྱང་མཉམ་དུ་ཀུན་ལ་ཕན་པར་བྱ་བའི་ཕྱིར་རོགས་རམ་བགྱི་བར་བྱའོ་ཞེས་གསུངས་ཤིང་། ཕ་ལུས་ཀྱང་དང་བའི་ཡིད་ཀྱིས་ཡོངས་སུ་བཀའ་བཞིན་ཞུ་བར་འདོད་ཀྱང་། རང་ཉིད་སྒྲ་རིག་པའི་ཤེས་ཚད་དམན་པར་བརྟེན། མཁས་དབང་ཆེན་པོ་དེ་ལ་ཁྱེད་ཉིད་ཀྱིས་མཛད་རོགས་ཞེས་བསྐུལ་ལོ། །དེས་ན་མཁས་པ་ཆེན་པོ་དེས་ཁོང་གི་ཚབ་ལྟ་བུ་མཛད་དེ་བསླབ་བྱ་ལེའུ་བཅུ་གཅིག་གསུངས་པ་དེར་ཕྱིས་ཐམས་ཅད་ཀྱིས《ཁ་ཆེ་ཕ་ལུ》ཞེས་རྨད་དུ་བྱུང་བ་ཞིག་ཏུ་བརྩིས་ནས་བསླབ་བྱ་དེ་རང་ཉིད་ཀྱི་སྤྱོད་ཚུལ་ངན་པ་ལྕགས་གོང་འདྲ་བར་འབུར་བརྡུང་གཏོང་བའི་ཐོ་བ་ལྟ་བུ་ཞིག་ཡིན་པར་མགྲིན་དབྱངས་གཅིག་གིས་ཁས་ལེན་པར་གྱུར་ཏོ། །དེ་ལ་གང་གི་སློབ་མ་ཞིག་གིས་འདི་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ཉམས་ལེན་ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་ལུགས་དང་མཐུན་པ་ཁྱད་པར་ཅན་ཞིག་ཡིན་པར་མ་ཟད། ཆོས་ཀྱི་ནང་དོན་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པའི་གཞུང་ཁྲིད་ཅིག་ཀྱང་ཡིན་པར་ངོས་འཛིན་བྱས་ནས་ལམ་གྱི་རིམ་པའི་གཞུང་ཞིག་བརྩམས་ཤིང་། དེའི་ལུང་འདྲེན་ཐམས་ཅད་རང་གི་བླ་མའི་གསུང《ཁ་ཆེ་ཕ་ལུ》ཞེས་བྱ་བའི་བསླབ་བྱ་དེ་ནས་དྲངས་ཏེ་ངོ་མཚར་ཆེ་བ་ཞིག་ཡོད་ཅེས་གོ་ཐོས་བྱུང་ཡང་། དཔར་དུ་མ་འགྲུབ་གོང་ཐོར་གྱར་དུ་སོང་བ་ཡིན་གཤག་མཇལ་མ་མྱོང་བ་ནི་བློ་ཕམ་ཆེ། འོན་ཀྱང་བསླབ་བྱ་དངོས་དེ་ད་ལྟ་ཀུན་གྱིས་མཇལ་དུ་ཡོད་པར་བཞུགས་པ་ཧ་ཅང་མི་སྲིད་པའི་གཏམ་ལྟ་བུ་དགའ་མགུ་ཡི་རངས་བྱེད་དགོས་པ་ཞིག་སྟེ། འདི་ཡི་མཛད་པ་པོ་ཡང་འབྲོང་རྩེ་མཁས་པ་ཆེན་པོ་ཡིན་ནོ་ཞེས་སྨྲས་པ་ཡིན”(《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་བསྒྲིགས》1999ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ། P.503)ཞེས་གསུངས་པའོ།།

2 ནང་དོན་གཙོ་བོ།

《ཁ་ཆེ་ཕ་ལུའི》ནང་དོན་གཙོ་བོ་ནི། ལེའུ་དང་པོ་ལས་བཤད་པ་ལྟར་ཆོས་འཇིག་རྟེན། ལས་རྒྱུ་འབྲས། ཁྲེལ་ངོ་ཚ། བྱམས་སྙིང་རྗེ། ལམ་ལུགས་སྲོལ་སོགས་གང་ཅིའི་བསླབ་བྱ་རྣམས་ཚིགས་བཅད་དུ་བསྡེབས་པ་ཞིག་སྟེ། བསྟན་བཅོས་འདིའི་མཚན་བྱང་དུ་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་ཞེས་པའང་། དོན་ལ་ནང་པའི་ཆོས་ལུགས་ཀྱི་ལས་རྒྱུ་འབྲས་ཀྱི་ལྟ་བ་ལ་བརྟེན་ནས་མི་རྣམས་ལ་ལམ་ལུགས་སྲོལ་ཐད་དུ་བསླབ་བྱ་གནང་བ་ཞིག་ཡིན།

བསླབ་བྱ་འདི་ལ་བསྡོམས་པས་ལེའུ་བཅུ་གཉིས་དང་། ཚིག་རྐང་དྲུག་བརྒྱ་དང་བཅུ་གཉིས་ཡོད། ལེའུ་དང་པོ་དང་གཉིས་པ་རུ། མི་རྣམས་ལ་བློ་སེམས་རྩེ་གཅིག་གི་སྒོ་ནས་ཆོས་ཀྱི་ལམ་སྣ་ཅི་ཟིན་དུ་འབད་དགོས་པར་གདམས་ཡོད།

ལེའུ་གསུམ་པར་འཁོར་བ་ལ་རྟག་པ་དང་། བདེན་པ། བརྟན་པ་སོགས་ཅི་ཡང་མེད་པས་ཞེན་ཆགས་རྒྱབ་དུ་བོར་ནས་ཆོས་ལ་གཞོལ་དགོས་པར་གདམས་ཡོད།

ལེའུ་བཞི་བ་ནི་དབང་སྒྱུར་པ་ལ་གནང་བའི་བསླབ་བྱ་ཞིག་རེད། དེར་རྩོམ་པ་པོས་མཁས་པའི་མི་ལ་བསྟུན་པ་དང་། ནོར་དང་དཔུང་ལ་བརྟེན་པ། ཞི་དྲག་འདྲེས་མའི་ཐབས་སོགས་ཀྱིས་རྒྱལ་སྲིད་སྐྱོང་དགོས་པར་གདམས་ཡོད། འདི་ནི་བསླབ་བྱ་འདིའི་ལེའུ་རིང་ཤོས་རེད་ལ། རྩོམ་པ་པོའི་བསམ་བློ་ཡོངས་སུ་མཚོན་ནུས་པའི་ལེའུ་ཞིག་ཀྱང་རེད།

ལེའུ་ལྔ་བར་ཆོག་ཤེས་ཡོད་དགོས་པ་དང་སྔོན་གྱི་ལས་བཟློག་ཏུ་མེད་པའི་ལྟ་བ་བརྗོད་ཡོད།

ལེའུ་དྲུག་པར་སྙིང་གཏམ་གཞན་ལ་ལབ་མི་ཉན་པར་གདམས་ཡོད།

ལེའུ་བདུན་པར་བཟང་ལ་བཟང་ལན་དང་ངན་ལ་ངན་ལན་འཁོར་ཡོང་བའི་ལྟ་བ་དྲིལ་སྒྲོག་བྱས་ཡོད་པར་མ་ཟད། ལས་བཟང་པོ་བསྒྲུབས་ནས་ངན་པ་འདོར་དགོས་པར་གདམས་ཡོད།

ལེའུ་བརྒྱད་པར་དམའ་ས་འཛིན་དགོས་པ་དང་གང་ཅིའི་ཐད་ལ་རང་ཚོད་འཛིན་དགོས་པར་གདམས་ཡོད།

ལེའུ་དགུ་བར་གཙོ་བོ་མི་རྣམས་ལ་ལྟོ་ཚོད་ཟ་ཚོད་ཟིན་དགོས་པར་གདམས་ཡོད།

ལེའུ་བཅུ་བ་ནི་ཕ་ལ་གདམས་པའི་བསླབ་བྱ་ཞིག་སྟེ། ཕ་བྱེད་པ་རྣམས་ལ་ཕྲུ་གུར་ན་སོ་གཞོན་དུས་ནས་ཡོན་ཏན་སློབ་ཏུ་བཅུག་སྟེ་བྱ་ལུགས་བྱེད་ལུགས་སོགས་ཀྱི་གནས་ལུགས་རྟོགས་སུ་འཇུག་རྒྱུའི་རེ་བ་བཏོན་ཡོད།

ལེའུ་བཅུ་གཅིག་པ་ནི་མ་ལ་གདམས་པའི་བསླབ་བྱ་ཞིག་སྟེ། མ་ཡིས་བུ་ཕྲུག་ལང་ཤོར་ལ་བཏང་བའི་ཉེས་དམིགས་བསྟན་ཡོད།

ལེའུ་བཅུ་གཉིས་པ་ནི་བུ་ཕྲུག་ལ་གདམས་པའི་བསླབ་བྱ་ཞིག་སྟེ། ཕ་མའི་བཀའ་དྲིན་བསམས་ནས་ཕ་མར་སྲི་ཞུ་བསྒྲུབ་དགོས་པར་གདམས་ཡོད།

མདོར་ན། 《ཁ་ཆེ་ཕ་ལུ》རུ་ལས་འབྲས་སོགས་ཆོས་ལུགས་ཀྱི་ལྟ་བ་དུ་མ་བརྗོད་ཡོད་པར་མ་ཟད། ཞིང་བྲན་སྤྱི་ཚོགས་ཀྱི་གནས་ཚུལ་ངན་པ་ལ་སུན་འབྱིན་དང་དགག་རྒྱག་བྱས་ཡོད་པ་དང་། སྤྱི་ཚོགས་དང་མི་རྣམས་ལ་ཕན་པའི་གདམས་ངག་དང་བསླབ་བྱ་མི་ཉུང་བ་ཞིག་གནང་ཡོད་པས། བོད་ཀྱི་མང་ཚོགས་ཀྱིས་དེ་ལ་དགའ་བསུ་ཆེན་པོ་བྱེད།

3 རྩོམ་འབྲིའི་དམིགས་ཡུལ།

ལེའུ་བཅུ་གཉིས་པོ་དེའི་ནང་དོན་ལ་བལྟས་ན། རྒྱལ་སྲིད་སྐྱོང་ལུགས་དང་བྱ་ལུགས་བྱེད་ལུགས། ཕ་མར་བཀུར་ལུགས་དང་བུ་ཕྲུག་སྐྱོང་ལུགས། ཆོས་ཀྱི་ལམ་སྣ་ཟིན་དགོས་ཚུལ་སོགས་ཀྱི་ནང་དོན་ཡོད་ལ། བསླབ་བྱ་གནང་སའི་ཡུལ་ནི་རྒྱལ་བོ་དང་། དཔོན་པོ། རབ་བྱུང་པ། སྐུ་དྲག་འབངས་འཁོར་སོགས་རིམ་གྲས་མི་འདྲ་བ་དང་རིགས་མི་གཅིག་པའི་མི་དག་ཡིན།

བསླབ་བྱ་འདིའི་བརྗོད་བྱའི་ཁྱབ་ཁོངས་རྒྱ་ཆེ་ཞིང་། རྩོམ་པ་པོས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་གནས་བབ་ལ་དམིགས་ནས་བྲིས་པ་ཞིག་རེད།

4 འབྲི་རྩོམ་གྱི་ཁྱད་ཆོས།

བསླབ་བྱ་འདི་མང་ཚོགས་ཁྲོད་དར་ཁྱབ་ཆེ་བའི་རྒྱུ་མཚན་ནི། ཕྱོགས་གཅིག་ནས་བསམ་བློའི་ནང་དོན་ལ་རག་ལས་ཤིང་།  ཕྱོགས་གཞན་ཞིག་ནས་བརྗོད་བྱ་རྟོགས་སླ་ཞིང་གསོན་ཉམས་ལྡན་ལ། གནས་ལུགས་དང་མཐུན་ཞིང་འཚོ་བའི་བྲོ་བ་མངོན་པར་ལྡན་པའི་རྐྱེན་ཡང་རེད།

གཞན་ཡང་། 《ཁ་ཆེ་ཕ་ལུ》ལ་སྒྲིག་གཞིའི་སྟེང་ནས་ཀྱང་ཁྱད་ཆོས་ལྡན་ཏེ། བསྟན་བཅོས་འདི་ནི་བསླབ་བྱའི་རིགས་ཡིན་ནའང་། བསླབ་བྱ་གཞན་དག་བཞིན་དུ་ཚིགས་བཅད་གཅིག་ལ་མཐའ་གཅིག་ཏུ་རྐང་བ་བཞི་རེ་མིན་པར། རྐང་བ་མང་ཉུང་ཅི་རིགས་ཡོད་པར་མ་ཟད་ཚེག་བར་དགུ་ཅན་ཡིན་པས་རང་དབང་ཅུང་ཆེ། དེར་མ་ཟད་ལེའུ་རེ་རེ་བརྗོད་བྱ་གཙོ་བོས་ལྷན་ཅིག་ཏུ་སྦྲེལ་ཡོད་པ་དང་། དེ་དག་ལ་ཚན་པ་མང་ཉུང་ཅི་རིགས་ཡོད་ལ། ཚན་པ་རེའི་རྐང་བའི་གྲངས་ལའང་མང་ཉུང་སྣ་ཚོགས་མཆིས་ཏེ། ཚིགས་བཅད་རེར་རྐང་བ་བཞི་ཅན་དང་། ལྔ་ཅན། དྲུག་ཅན།  བཅུ་དྲུག་ཅན་གྱི་ཚིགས་བཅད་ཀྱང་ཡོད། བསླབ་བྱ་འདི་ནི་དཔྱད་གླེང་གཙོ་བོ་ཡིན་ཞིང་། སྐབས་རེར་དཔེ་ཡང་བཀོད་ཡོད་པར་མ་ཟད། མང་ཚོགས་ཀྱི་སྐད་ཆ་དང་གཏམ་དཔེ་བེད་སྤྱོད་བྱས་ཡོད་པས། བོད་རིགས་མི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད།

གཞན་ཡང་། 《ཁ་ཆེ་ཕ་ལུ》ལ་སྒྲིག་གཞིའི་སྟེང་ནས་ཀྱང་ཁྱད་ཆོས་ལྡན་ཏེ། བསྟན་བཅོས་འདི་ནི་བསླབ་བྱའི་རིགས་ཡིན་ནའང་། བསླབ་བྱ་གཞན་དག་བཞིན་དུ་ཚིགས་བཅད་གཅིག་ལ་མཐའ་གཅིག་ཏུ་རྐང་བ་བཞི་རེ་མིན་པར། རྐང་བ་ལ་མང་ཉུང་ཅི་རིགས་ཡོད་པར་མ་ཟད་ཚེག་བར་དགུ་ཅན་ཡིན་པས་རང་དབང་ཅུང་ཆེ། དེར་མ་ཟད་ལེའུ་རེ་རེ་བརྗོད་བྱ་གཙོ་བོས་ལྷན་ཅིག་ཏུ་སྦྲེལ་ཡོད་པ་དང་། དེ་དག་ལ་ཚན་པ་མང་ཉུང་ཅི་རིགས་ཡོད་ལ། ཚན་པ་རེའི་རྐང་བའི་གྲངས་ལའང་མང་ཉུང་སྣ་ཚོགས་མཆིས། དཔེར་ན། གོང་དུ་བཀོད་པའི་དཔེ་ལ་ཚིགས་བཅད་རེར་རྐང་བ་བཞི་ཅན་དང་། ལྔ་ཅན། དྲུག་ཅན། བཅུ་དྲུག་ཅན་གྱི་ཚིགས་བཅད་ཀྱང་ཡོད། བསླབ་བྱ་འདི་ནི་དཔྱད་གླེང་གཙོ་བོ་ཡིན་ཞིང་། སྐབས་རེར་དཔེ་ཡང་བཀོད་ཡོད་པར་མ་ཟད། མང་ཚོགས་ཀྱི་སྐད་ཆ་དང་གཏམ་དཔེ་མང་པོ་བེད་སྤྱོད་བྱས་ཡོད་པས། བོད་རིགས་མི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-17

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།