རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས།
རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཞེས་པའི་མཚན་ཉིད་ཐོག་མ1972ལོར་བཏོན་པ་སྟེ། དེ་ནི་དེང་སྐབས་ཀྱི་མི་རྣམས་ཀྱི་དགོས་མཁོ་སྐོང་བ་དང་། རྗེས་རབས་པས་རང་གི་དགོས་མཁོ་སྐོང་བའི་ནུས་པར་གནོད་འཚེ་མི་ཐེབས་པའི་འཕེལ་རྒྱས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
可持续发展
ཕྱི་ཡིག་གི་མིང་།
sustainable development
1 རིག་གཞུང་གི་འབྱུང་ཁུངས།

དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་ནས་བཟུང་འཛམ་གླིང་ཡོངས་ཁྱབ་ནཁ་སྲོལ་རྒྱུན་གྱི་དཔལ་འབྱོར་འཕེལ་སྟངས་དེ་ལུགས་མཐུན་ཡིན་མིན་ཐད་ལ་བརྟག་དཔྱད་མང་པོ་བཏང་མྱོང་། ནང་སྒོས་སུ་མིའི་རིགས་ཀྱི་འཚོ་བའི་རྟེན་གཞི་སྟེ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་རླག་བྱས་དྲགས་ན་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་དེའང་རྒྱུན་སྲིང་མི་ཐུབ་པའི་འཕེལ་རྒྱས་སུ་འགྱུར་ངེས་པའི་ངོས་འཛིན་གསལ་བོ་ཐོབ། དུས་རབས་བཅོ་བརྒྱད་པར་འཛམ་གླིང་ཡོངས་ནས་བཟོ་ལས་དར་སྤེལ་དང་ནང་སྒོས་སུ་ཡོ་རོབ་དང་ཨ་རི་སོགས་ཀྱིས་དམངས་སྤྱོད་བཟོ་ལས་དང་དམག་སྤྱོད་བཟོ་ལས་མང་པོ་བཙུགས་པའི་དབང་གིས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཆེན་པོ་ཕོག་པས་ཨ་རི་སོགས་རྒྱལ་ཁབ་ཀྱི་ཚན་རིག་པ་རྣམས་ཀྱིས་གནས་ཚུལ་དེར་བསམ་བློ་གཏིང་ཟབ་མོ་བཏང་།

1948ལོར་ཨ་རིའི་ཚན་རིག་པ་ཨོར་ཏའོ་ལི་ཨོ་པོ་ཏེའུ་ཡིས《བྱེ་མའི་གྲོང་སྡེ་ཡི་ལོ་ཐོ》ཞེས་པ་བྲིས་ཏེ་ཨ་རིའི་པུའུ་ལུའུ་གཙང་བོའི་འབབ་རྒྱུད་ཀྱི་ས་ཆུ་ཤོར་བ་དང་ཁོར་ཡུག་སྦགས་ནས་བཙོག་པོར་གྱུར་ཏེ་ཡུལ་དེའི་ས་གཤིས་དང་རྩྭི་ཤིང་། སྲོག་ཆགས། མིའི་རིགས་ཀྱི་འཚོ་བ་ལ་གནོད་སྐྱོན་ཐེབས་ཚུལ་ཞིབ་འབྲི་བྱས་ཡོད། 1962ལོར་ཨ་རིའི་སྐྱེ་དངོས་ཚན་རིག་པ་ཁར་ཞུན་གྱིས《དལ་འཇགས་ཡིན་པའི་དཔྱིད་ཀ》ཞེས་པའི་ནང་དུ་བཟོ་ལས་གསར་བརྗེ་སྤེལ་བ་ནས་བཟུང་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་བྱས་ཚུལ་གྱི་དཔེ་འཇོག་མང་པོ་བརྗོད་ཡོད། དེ་བཞིན1966ལོར་ཨ་རིའི་མཁས་པ་པོར་ཏིན་གྱིས་འཇིག་རྟེན་འཕུར་གྲུ་ཞེས་བྱ་བའི་དཔལ་འབྱོར་རིག་པའི་གཞུང་ལུགས་བཏོན། གཞུང་ལུགས་དེར་བསྟན་དོན། མིའི་རིགས་ཀྱིས་འཚོ་བ་རོལ་བཞིན་པའི་སའི་གོ་ལ་འདི་ནི་རང་སྟེང་གི་ཐོན་ཁུངས་མུ་མཐུད་དུ་ཟད་གྲོན་བྱས་ནས་རང་གི་ཚེ་སྲོག་གསོ་བཞིན་འཇིག་རྟེན་བར་སྣང་དུ་འཕར་བའི་གྲུ་གཟིངས་ལྟ་བུ་རེད། སའི་གོ་ལའི་ཐོག་གི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་མི་ཕོག་པའི་ཆེད་དུ་ངེས་པར་དུ་མི་གྲངས། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་བར་གྱི་འབྲེལ་བར་ཐག་གཅོད་ཡག་པོར་བྱ་དགོས་པར་གསུངས། 1972ལོའི་ཟླ་དྲུག་པར་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པས་སུའེ་ཏེན་རྒྱལ་ཁབ་ཀྱི་རྒྱལ་ས་སི་ཐོག་ཁོར་མོ་ནས་མིའི་རིགས་ཀྱི་ཁོར་ཡུག་ཅེས་པའི་ཚོགས་འདུ་འཚོགས། ཚོགས་ཐོག་རྒྱལ་ཁབ113གྱི་འཐུས་མི1300ལྷག་གིས་སའི་གོ་ལའི་ཁོར་ཡུག་སྐོར་གྱི་གནད་དོན་གལ་ཆེན་མང་པོར་གྲོས་བསྡུར་བྱས་ནས《མིའི་རིགས་ཀྱི་ཁོར་ཡུག་བསྒྲགས་གཏམ》ཞེས་པ་བསྒྲགས་པར་ཚང་མ་འཐད་པ་བྱུང་། བསྒྲགས་གཏམ་དེའི་ནང་བསྟན་དོན། མིའི་རིགས་ལ་སའི་གོ་ལ་གཅིག་མ་གཏོགས་མེད་པས་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་གཙིགས་སུ་འཛིན་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་གྲངས་ཚོད་འཛིན། འཆར་གཞི་ལྡན་པའི་ངང་ནས་རང་བྱུང་ཐོན་ཁུངས་བེད་སྤྱོད་སོགས་ཀྱི་ལྟ་བ་མང་པོ་བཏོན། 1980ལོའི་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་མནའ་འབྲེལ་གྱིས་རང་བྱུང་ཐོན་ཁུངས་ཀྱི་རྒྱུན་སྲིང་འཕེལ་ནུས་ལ་སྲུང་སྐྱོབ་བྱེད་དགོས་པའི་ལྟ་བ་བཏོན་ཞིང་། 1987ལོར་འཛམ་གླིང་ཁོར་ཡུག་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཞེས་བྱ་བའི་མཚན་ཉིད་ལ་གསལ་འགྲེལ་བྱས་པར་བརྟེན་རྒྱལ་ཁབ་མང་ཆེ་བས་རིག་གཞུང་དེར་ཁས་བླངས་ཡོད། གོང་སྨོས་ཀྱི་གནས་ཚུལ་དེར་གཞིགས་ནས་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཞེས་བྱ་བའི་རིགས་གཞུང་གི་དགོངས་དོན་དང་ཐོག་བྱུང་བའི་སྐབས་ནས་ཀྱང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དམིགས་བྱ་ཟུང་འབྲེལ་དམ་པོ་བྱས་ཡོད། རིག་གཞུང་དེས་ཀྱང་སྲོལ་རྒྱུན་གྱི་འཕེལ་རྒྱས་དེ་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཕྱོགས་སུ་བསྒྱུར་བས་དེ་ནི་སྤྱི་ཚོགས་ཡོངས་ཁྱབ་ནས་ཡར་ཐོན་བྱུང་ཐུབ་པའི་འཕེལ་རྒྱས་ཀྱི་རིགས་གཞུང་ཞིག་ཏུ་གྱུར།

2 མཚན་ཉིད་གྲུབ་ཚུལ།

1980ལོར་རྒྱལ་སྤྱིའི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་མནའ་འབྲེལ་ཚོགས་པ་དང་རྒྱལ་ཚོགས་མཉམ་འབྲེལ་ཁོར་ཡུག་འཆར་འགོད་ལས་ཁུངས། འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་བཅས་ཀྱིས་སྤེལ་བའི《འཛམ་གླིང་རང་བྱུང་རྩ་འཛིན》ཞེས་པའི་ནང་དུ་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཀྱི་རིག་གཞུང་དང་དགོངས་དོན་སྔར་ལས་འཐུས་ཚང་དུ་བཏང་བ་དང་། འཛམ་གླིང་ཡོངས་ལ་ངེས་པར་དུ་རང་བྱུང་དང་སྤྱི་ཚོགས། སྐྱེ་ཁམས། དཔལ་འབྱོར་སོགས་དང་རང་བྱུང་ཐོན་ཁུངས་ཁྲོད་ཀྱི་གཞི་རྩའི་འབྲེལ་བར་ཞིབ་འཇུག་བྱས་ནས་འཛམ་གླིང་ཡོངས་ཀྱི་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ལ་མཉམ་འཇོག་བྱ་དགོས་ཞེས་གསུངས། འདིར་ཐེངས་དང་པོར་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཞེས་པའི་མཚན་ཉིད་བཀོལ་སྤྱོད་བྱས། 1987ལོར་ནོར་ཝེ་རྒྱལ་ཁབ་ཀྱི་གཙོ་འཛིན་ལྕམ་མོ་པུ་ལུན་ཐེ་ལན་གཙོ་བྱས་པའི་འཛམ་གླིང་ཁོར་ཡུག་དང་འཕེལ་རྒྱས་སུ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ《ང་ཚོ་ཐུན་མོང་གི་འབྱུང་འགྱུར》ཞེས་བྱ་བའི་རིགས་གཞུང་སྙན་ཞུ་ཞིག་བཏོན་པའི་ནང་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཞེས་བྱ་བའི་རིགས་གཞུང་གི་བསམ་བློའི་དགོངས་དོན་ལ་འགྲེལ་བཤད་གསལ་བོ་དང་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཞེས་བའི་རིགས་གཞུང་གི་མཚན་ཉིད་ལ་ཡང་འགྲེལ་གསལ་བོ་བྱས། 《ང་ཚོ་ཐུན་མོང་གི་འབྱུང་འགྱུར》ཞེས་པའི་རིག་གཞུང་སྙན་ཞུ་སྤེལ་བ་ནས་བཟུང་དེ་ནི་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཀྱི་ལྟ་བའི་གཞི་ཚུགས་པའི་མཚོན་རྟགས་ཡིན།

3 རྩ་བའི་ནང་དོན།

རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ལ་ནང་དོན་ཕྱོགས་གསུམ་དུ་འདུས་པ་སྟེ།

གཅིག  དཔལ་འབྱོར་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས།

གཉིས། སྐྱེ་ཁམས་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས།

གསུམ། སྤྱི་ཚོགས་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས།

4 ལག་བསྟར་བྱས་ཚུལ།

1994ལོའི་ཟླ་གསུམ་པར་ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་དུས་རབས་ཉེར་གཅིག་པའི་གྲོས་རིམ་ཞེས་པའི་ཡིག་ཆ་གཏན་འཁེལ་བྱས་པ་དེ་ནི་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཞེས་བྱ་བའི་རིག་གཞུང་ཀྲུང་གོ་རྒྱལ་ཁབ་ནས་ལག་བསྟར་བྱས་པའི་མཚོན་རྟགས་ཡིན། དེ་ནས་བཟུང་ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པས་བཀོད་སྒྲིག་གི་གཞུང་ལུགས་དང་རྩ་དོན་ལ་མཐུན་པའི་བཀོད་སྒྲིག་གང་ལེགས་བྱས། དུས་མཚུངས་སུ་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ཏེ་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཀྱི་བྱེད་ཐབས་བཀོད། ཀྲུང་གོའི་དུས་རབས་ཉེར་གཅིག་པའི་གྲོས་རིམ་ལྟར་ན་ཀྲུང་གོ་རྒྱལ་ཁབ་ནས་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཀྱི་གཞུང་ལུགས་ལག་བསྟར་བྱེད་པ་དེར་གཤམ་གསལ་གྱི་ཕྱོགས་སྣ་བཞི་ལྡན་པ་རེད། དང་པོ་ནི་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་དང་སྲིད་ཇུས་ཀྱི་སྐོར་ཡིན། གཉིས་པ་ནི་མི་གྲངས་དང་མི་དམངས་ཀྱི་འཛད་སྤྱོད། སྤྱི་ཚོགས་ཞབས་ཞུ། དབུལ་ཕོངས་སེལ་ཚུལ། འཕྲོད་བསྟེན་དང་བདེ་ཐང་སོགས་གཏོགས་པའི་སྤྱི་ཚོགས་ཀྱི་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཡིན། གསུམ་པ་ནི་དཔལ་འབྱོར་གྱི་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཡིན། བཞི་བ་ནི་རང་བྱུང་ཐོན་ཁུངས་ལ་ལུགས་མཐུན་གྱི་སྒོ་ནས་བེད་སྤྱོད་གང་ལེགས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་ཡིན།

སྤྱིར་ཀྲུང་གོའི་དུས་རབས་ཉེར་གཅིག་པའི་གྲོས་རིམ་ཞེས་པ་ནི་ཀྲུང་གོ་རྒྱལ་ཁབ་ནས་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཀྱི་རིག་གཞུང་ལག་བསྟར་བྱས་དང་བྱེད་བཞིན་པའི་མཚོན་རྟགས་ཡིན། རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཀྱི་རིག་གཞུང་དེར་བརྩི་འཇོག་བྱེད་མིན་ནི་མིའི་རིགས་སྤྱི་ཚོགས་དང་སའི་གོ་ལའི་སྐྱེ་ཁམས་ཀྱི་འཕེལ་རྒྱུན་སྲིང་ཐུབ་མིན་ལ་ཐུག་ཡོད། དེའི་ཕྱིར་ཀྲུང་གོའི་དུས་རབས་ཉེར་གཅིག་པའི་གྲོས་རིམ་ནི་ཀྲུང་གོ་རྒྱལ་ཁབ་ནས་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཀྱི་རིག་གཞུང་ལག་བསྟར་དང་སྤྱི་ཚོགས་གོང་འཕེལ། དཔལ་འབྱོར་དར་བ། མི་གྲངས་ཚོད་འཛིན། རང་བྱུང་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱེད་པའི་རྩ་བའི་རྩ་ཚིག་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-12

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།