ནུབ་རྒྱུད་གསར་སྤེལ་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུབ་རྒྱུད་གསར་སྤེལ་ཆེན་མོ།
ནུབ་རྒྱུད་གསར་སྤེལ་ཆེན་མོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་གི་སྲིད་ཇུས་ཤིག་ཡིན་ཞིང་། དམིགས་འབེན་ནི་ཤར་རྒྱུད་རྒྱ་མཚོའི་འགྲམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ནུས་ཤུགས་ལྷག་མ་དེ་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་དང་། རྒྱལ་སྲུང་སྲ་བརྟན་དུ་གཏོང་བའི་ཐད་ལ་འདོན་སྤེལ་བྱ་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西部大开发
ཁྱབ་ཁོངས།
ཁྲུང་ཆིང་དང་། སི་ཁྲོན། ཀན་སུའུ། མཚོ་སྔོན། ཡུན་ནན་སོགས།
ཕྱི་ཡིག་གི་མིང་།
The development of the western region in China
རིགས་དབྱེ།
སྲིད་གཞུང་གི་སྲིད་ཇུས།
1 ཐོག་མའི་ལག་བསྟར།

སྤྱི་ལོ2000ལོའི་ཟླ1པོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནུབ་རྒྱུད་ས་ཁུལ་གསར་སྤེལ་གྱི་འགོ་ཁྲིད་ཚན་ཆུང་བཙུགས། སྐབས་ཐོག་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་པའི་ཀྲུའུ་རུང་ཅི་འགོ་གཙོ་རུ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་འགན་བཞེས་པའི་ཝུན་ཅ་པའོ་འགོ་གཙོ་གཞོན་པར་བྱས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གྲོས་འཆམ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་གསར་སྤེལ་གཞུང་ལས་ཁང་གིས2000ལོའི་ཟླ3པར་དངོས་སུ་ལག་བསྟར་བྱེད་འགོ་བརྩམས།

2012ལོའི་ཟླ2པར་རྒྱལ་ཁབ་ཀྱི་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་རྣམས་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་གསེད་བཀྲོལ་བྱས་ཤིང་། འཐབ་ཇུས་བཀོད་སྒྲིག་གི་རྩ་བའི་རིགས་ལམ་གསལ་བོར་གཏན་ཁེལ་བྱས།

2 ལོ་རྒྱུས་འཕེལ་རིམ།

རྡོ་ཆས་སྤྱོད་པའི་དུས་རབས།

རྡོ་ཆས་སྤྱོད་པའི་དུས་རབས་གསར་བའི་སྐབས་སུ་ཀྲུང་གོ་རྒྱལ་ཁབ་ཀྱི་ནུབ་རྒྱུད་ས་ཁུལ་ནས་སྔ་གཞུག་ཏུ་སུ་ཏ་ཞི་རིག་གནས་དང་ཏ་ཏུན་ཙི་རིག་གནས། མ་ཅཱ་ཡོ་རིག་གནས། མ་ཁྲང་རིག་གནས། ཆི་ཅཱ་རིག་གནས། དབྱང་ཧྲའོ་རིག་གནས་སོགས་འཛམ་གླིང་དུ་སྐད་གྲགས་ཆེ་ཞིང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཤན་ཤུགས་ཧ་ཅང་ཆེ་བར་མ་ཟད། ད་དུང་ཤུལ་བཞག་དངོས་རྫས་དང་རིག་གཞུང་གི་ཁུངས་ལུང་ལྡན་པའི་རིག་གནས་གང་མང་བྱུང་བར་བལྟས་ན། སྐབས་དེར་རང་རྒྱལ་ཤར་རྒྱུད་ས་ཁུལ་དང་ནུབ་རྒྱུད་ས་ཁུལ་དུ་དཔལ་འབྱོར་འཕེལ་ཚུལ་ལ་ཁྱད་པར་ཆེན་པོ་མེད་པ་ཤེས་ཐུབ།

ཤེས་རིག་རིག་གནས་དར་བའི་དུས་རབས།

ཀྲུང་གོའི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་ཤེས་རིག་རིག་གནས་ལ་གཙིགས་སུ་འཛིན་པའི་དུས་རབས་ལ་སླེབས་པ་ནས་བཟུང་ཨ་ཞ་དང་ཧྲང་། ཀྲོའུ་བཅས་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་རབས་གསུམ་གྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་ཏེ་རྨ་ཆུའི་འབབ་རྒྱུད་ཀྱི་ཧྲའན་ཞི་དང་ཧྲན་ཞི། ཧོ་ནན། ཧྲན་ཏུང་བཅས་ཀྱི་རྒྱ་ཆེ་བའི་ས་ཁོངས་ཡིན། སྐབས་དེར་ཤར་ནུབ་རྒྱུད་ཀྱི་སྲིད་འབྱོར་རིག་གསུམ་ལ་ཁྱད་པར་ཆེན་པོ་མེད། ཞ་རྒྱལ་རབས་དང་ཧྲང་རྒྱལ་རབས། ཀྲོའུ་རྒྱལ་རབས། དེ་མིན་ཁྲུན་ཆིའུ་དང་ཀྲན་གོའི་དུས་སྐབས་སུ་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དུ་རྡོ་ཆས་གསར་བའི་དུས་རབས་ཀྱི་རིག་གནས་གཞིར་བཞག་བྱས་པའི་ཐོག་རིམ་གྱིས་ས་ཁོངས་རིག་གནས་སྤེལ་བ་དང་སྔ་གཞུག་ཏུ་ལི་ཆས་དང་ལྕགས་ཆས་དུས་རབས་བརྒྱུད་དེ་ནུབ་རྒྱུད་ས་ཁུལ་གྱི་གསར་སྤེལ་དེ་དུས་རབས་གསར་བ་ཞིག་ལ་སླེབས།

ཀྲུང་གོ་གསར་བའི་ནུབ་རྒྱུད་གསར་སྤེལ་གྱི་བགྲོད་ལམ།

སྤྱིར་ཀྲུང་གོ་གསར་བ་བཙུགས་པ་ནས་བཟུང་ནུབ་རྒྱུད་གསར་སྤེལ་དེ་འཕེལ་རྒྱས་ཀྱི་བགྲོད་ལམ་འདི་འདྲར་བརྒྱུད་མྱོང་སྟེ། གཅིག་ན་ལོ་ལྔའི་འཆར་གཞི་དང་པོའི་སྐབས་ཡིན། དུས་དེར་བཟོ་ལས་ཆེ་ཁག་གི་འཛུགས་སྐྲུན་གཙིགས་སུ་བཟུང་ནས་གཙོ་བོ་སུའུ་ལེན་གྱིས་ལས་རོགས་བྱས་པའི་འཛུགས་སྐྲུན་རྣམ་གྲངས156དང་མ་རྩ་སྒོར་དུང་ཕྱུར་གཅིག་ཡན་གྱི་འཛུགས་སྐྲུན་རྣམ་གྲངས694ལ་དམིགས་ཏེ་འཛུགས་སྐྲུན་བྱས་པ་ཡིན། དེའི་ནང་མང་ཆེ་བ་ངར་ལྕགས་དང་གློགས་ཤུགས། རྡོ་སོལ། རྡོ་སྣུམ། མདོག་ལྡན་ལྕགས་རིགས། འཕྲུལ་འཁོར་བཟོ་སྐྲུན་སོགས་ཀྱི་ཐོན་ལས་ཡིན། སྐབས་དེར་རྒྱལ་ཁབ་ཀྱིས་གཞི་རྩའི་འཛུགས་སྐྲུན་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར588.47བཏང་ཡོད་པའི་ནང་ནུབ་བྱང་ས་ཁུལ་གྱིས11.53%ཟིན་ཡོད། གཉིས་ན་ལོ་ལྔའི་འཆར་གཞི་ཨང་གཉིས་པའི་སྐབས་ཡིན། དུས་རིམ་དེར་ནུབ་རྒྱུད་ས་ཁུལ་དུ་གཙོ་བོ་ངར་ལྕགས་དང་མདོག་ལྡན་ལྕགས་རིགས། ཆུ་གློག་ས་ཚིགས་སོགས་ཀྱི་འཛུགས་སྐྲུན་ལ་རྩོལ་བ་ཆེན་པོ་བྱས་པ་དང་། ཞིན་ཅང་གི་རྡོ་སྣུམ་དང་མདོག་ལྡན་ལྕགས་རིགས་ཀྱི་བཟོ་ལས་མུ་མཐུད་དུ་འཛུགས་སྐྲུན་བྱས་པ་དང་བོད་ལྗོངས་ཀྱི་ས་གཤིས་རྩད་གཅོད་ལ་ཤུགས་སྣོན་གང་ཐུབ་བྱས། གསུམ་ན་ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་སྐབས་ཡིན། དུས་རབས་སྔོན་མའི་ལོ་རབས་དྲུག་པ་ནས་བཟུང་སྟེ་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། རྒྱལ་ཁབ་ནང་ཁུལ་དུ་ལོ་གསུམ་ལ་རང་བྱུང་ཐན་པ་བྱུང་བའི་ཁར་མཆོང་སྐྱོད་ཆེན་པོའི་ལས་འགུལ་གྱིས་རྒྱལ་དམངས་དཔལ་འབྱོར་ལ་གནོད་པ་ཆེན་པོ་ཕོག ནང་སྒོས་སུ་དམག་འཐབ་ཀྱི་དགོས་མཁོར་བསྟུན་ནས་རྒྱལ་ཁབ་ཀྱིས་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་འགུལ་རྒྱ་ཞིང་རྒྱས་པ་ཞིག་སྤེལ།

བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ནས་ནུབ་རྒྱུད་གསར་སྤེལ་བྱེད་པའི་ཐབས་ལམ་ལེགས་སྒྲིག་བྱས་པ། ལོ་རབས་ཉི་ཤུ་བའི་དུས་རབས་བདུན་ཅུའི་དུས་མཇུག་ཏུ་བཅོས་སྒྱུར་སྒོ་འབྱེད་ཀྱི་འགོ་ཚུགས་པ་ནས་བཟུང་། ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་དེ་དུས་སྐབས་གསར་བ་ཞིག་ལ་སླེབས། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་བཅུ་བའི་ལོ་ལྔའི་འཆར་གཞི་ཨང་དྲུག་པ་དང་ཨང་བདུན་པའི་སྐབས་སུ་རྒྱལ་ཁབ་ཀྱིས་གསར་སྤེལ་བྱེད་ཡུལ་དེ་ནང་ལོགས་ས་ཁུལ་ནས་རིམ་གྱིས་མཚོ་རྒྱུད་ས་ཁུལ་ལ་སྤོ་སྒྱུར་བྱས་པས་ནུབ་རྒྱུད་ས་ཁུལ་ལ་རྒྱལ་ཁབ་ཀྱིས་བཏང་བའི་མ་དངུལ་ལོ་རྒྱུས་ཐོག་ཆེས་ཉུང་བའི་སྐབས་ཡིན།

དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཡུལ་གཙོ་བོ་སྔར་བཞིན་ཤར་རྒྱུད་ས་ཁུལ་ཡིན་ན་ཡང་ལོ་ལྔའི་འཆར་གཞི་ཨང་བརྒྱད་པའི་སྐབས་སུ་འཛུགས་སྐྲུན་རྣམ་གྲངས་མི་ཉུང་བ་ཞིག་ནུབ་རྒྱུད་ལ་བྱིན་ཡོད། སྐབས་དེར་རྨང་གཞིའི་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་མཉམ་འཇོག་བྱས་པ་དང་། ཐོན་ཁུངས་བཀོད་སྒྲིག་ཐད་ཚོང་རའི་ནུས་པ་ཉིན་བཞིན་ཇེ་ཆེ་རེད། ཕྱི་ཕྱོགས་ལ་སྒོ་འབྱེད་ཚུལ་ནི་ལྷོ་ཕྱོགས་ནས་བྱང་ཕྱོགས་དང་། ཤར་ཕྱོགས་ནས་ནུབ་ཕྱོགས་བར་སྤེལ་བའི་རྣམ་པ་གསར་བ་ཞིག་བྱུང་། ས་ཁོངས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ལོ་རབས་སྔོན་མ་དང་མི་མཐུན་པའི་ཁྱད་ཆོས་ལྡན་པའོ། །

དུས་རབས་གསར་བའི་སྐབས་ཀྱི་ནུབ་རྒྱུད་གསར་སྤེལ།

དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བར་འགོ་བརྩམས་པའི་ནུབ་རྒྱུད་གསར་སྤེལ་ནི་དུས་ཡུན་སྔོན་མ་ལས་རིང་ཞིང་སྤེལ་རྒྱ་སྔོན་མ་ལས་ཆེ། སྔོན་གྱི་ནུབ་རྒྱུད་གསར་སྤེལ་དང་བསྟུན་ན་ཐུན་མོང་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་དེ་ད་ལྟའི་གསར་སྤེལ་དང་མ་འོངས་པའི་འཕེལ་རྒྱས་གཉིས་ཟུང་འབྲེལ་བྱས། ད་ལྟའི་གསར་སྤེལ་ལ་གཙོ་བོ་ནུབ་རྒྱུད་གསར་སྤེལ་ལག་བསྟར་བྱེད་པར་བརྒྱུད་དེ་དཔལ་འབྱོར་གྱི་རྒྱུན་སྲིང་འཕེལ་རྒྱས་དང་མགྱོགས་མྱུར་འཕེལ་རྒྱས་ལ་འབད་པ་དང་ཤུགས་སྣོན་རྒྱག་པ་རེད། མ་འོངས་འཕེལ་རྒྱས་ནི་ཀྲུང་དབྱང་གིས་བཏོན་པའི་གོ་རིམ་གསུམ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གིས་བཀོད་སྒྲིག་ལྟར་དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ལ་དུས་རིམ་གསུམ་བཀར་ནས་བསྒྲུབ་རྒྱུ་རེད།

དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་བྱེད་དོན་ནི་ཤར་རྒྱུད་དང་ནུབ་རྒྱུད་ས་ཁུལ་ལ་སྲིད་འབྱོར་རིག་གསུམ་བར་གྱི་བར་ཁྱད་ཇེ་ཆུང་དུ་གཏོང་བའམ་ཡང་ན་མེད་པར་གཏོང་བའི་དམིགས་ཡུལ་ཁོ་ན་མིན། ནུབ་རྒྱུད་གསར་སྤེལ་བརྒྱུད་དེ་རྒྱལ་ཁབ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཇེ་རྒྱས་སུ་བཏང་ནས་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་རིག་གནས་འཚོ་བ་སྔར་ལས་མཐོར་འདེགས་དང་རྒྱལ་སྤྱིའི་ཐོག་མཚན་སྙན་གྲགས་ཇེ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་ཆེད་དུ་ཡིན། ནུབ་རྒྱུད་གསར་སྤེལ་བྱས་པ་དེ་སྔར་དང་བསྡུར་ན་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བརྩི་འཇོག་ཆེན་པོ་བྱས་པ་ལས་གཏོར་བརླག་མི་བཟོ་བ་དེ་ཡིན། རྒྱལ་ཁབ་སྲིད་གཞུང་ཁེ་ལས། ཡང་ན་གསར་སྤེལ་ལས་ཁུངས། གསར་སྤེལ་བྱེད་མཁན་སོགས་མཐའ་དག་གིས་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེའི་ཕྱིར་ནུབ་རྒྱུད་གསར་སྤེལ་གྱིས་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་འཇགས། རྒྱལ་ཁབ་བདེ་འཇགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཚན་རིག་སློབ་གསོ་འཕེལ་རྒྱས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སོགས་ཕྱོགས་མང་པོའི་ཐད་སྔར་མཆིས་མ་མྱོང་བའི་དོན་སྙིང་འགངས་ཆེན་ལྡན་པའོ། །

3 དུས་རིམ་གསུམ།

ནུབ་རྒྱུད་གསར་སྤེལ་ཆེན་མོར་སྤྱིའི་འཆར་བཀོད་ལྟར་ལོ50དེ་དུས་རིམ་གསུམ་དུ་བགོས་ཡོད།

རྨང་གཞི་འདིང་བའི་དུས་རིམ།

དུས་རིམ་དང་པོ་ནི2001ལོ་ནས2010ལོའི་བར་ཡིན་པ་སྟེ། དུས་ཡུན་འདིའི་ནང་གཙོ་བོ་སྒྲིག་གཞི་སྙོམས་སྒྲིག་བྱས་ཐོག  རྨང་གཞིའི་སྒྲིག་བཀོད་དང་སྐྱེ་ཁམས་ཁོར་ཡུག  ཚན་རྩལ་སློབ་གསོ་སོགས་རྨང་གཞིའི་འཛུགས་སྐྲུན་ལེགས་པོར་བསྒྲུབ་ནས། ཚོང་རའི་སྒྲིག་སྲོལ་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་སྟེ། ཁྱད་ཆོས་ལྡན་པའི་ཐོན་ལས་འཕར་གནས་གསོ་སྤེལ་བྱས་པར་བརྒྱུད། ནུབ་རྒྱུད་ས་ཁུལ་གྱི་དངུལ་གཏོང་ཁོར་ཡུག་རིམ་གྱིས་ལེགས་བཅོས་བྱེད་པ་དང་། སྐྱེ་ཁམས་དང་ཁོར་ཡུག་ཇེ་ཞན་དུ་འགྲོ་བའི་གནས་བབ་ལེགས་བསྒྱུར་བྱེད་པ། དེ་མིན་དཔལ་འབྱོར་འཁོར་རྒྱུག་ལེགས་པོ་ཐུབ་ནས། འཕེལ་ཁ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་གོང་འཕེལ་ཆུ་ཚད་དང་དོ་ཉམས་སུ་གཏོང་རྒྱུ་དེ་ཡིན།

མགྱོགས་མྱུར་གྱིས་འཕེལ་བའི་དུས་རིམ།

དུས་རིམ་གཉིས་པ་ནི2011ལོ་ནས2030ལོའི་བར་ཡིན་པ་སྟེ། རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་དང་། སྒྲིག་གཞི་ལ་འཐབ་ཇུས་རང་བཞིན་གྱི་སྙོམས་སྒྲིག་བྱས་པ། ལམ་ལུགས་འཛུགས་སྐྲུན་ལ་གྲུབ་འབྲས་ཡོད་པ་བཅས་ཀྱི་རྨང་གཞིའི་ཐོག  ནུབ་རྒྱུད་གསར་སྤེལ་གྱི་མཐའ་མའི་ཤུགས་སྣོན་གྱི་དུས་རིམ་ནང་བརྒལ་བ་ཡིན། གཙོ་བོ་མཐོར་འདེགས་བྱུང་བའི་རྨང་གཞི་སྲ་བརྟན་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྤེལ་བྱས་པའི་ཁར། དཔལ་འབྱོར་ཐོན་ལས་ཅན་དང་ཚོང་ར་ཅན། སྐྱེ་ཁམས་ཅན། ཆེད་ལས་ས་ཁུལ་གྱི་སྒྲིག་ཚུལ་ཁྱོན་ཡོངས་སུ་གོང་དུ་འཕེལ་ནས། དཔལ་འབྱོར་འཕར་སྣོན་ལ་མཆོང་བརྒལ་ཆེན་པོ་འབྱུང་རྒྱུ་དེ་ཡིན།

དེང་རབས་ཅན་གྱི་དུས་རིམ།

དུས་རིམ་གསུམ་པ་ནི2031ལོ་ནས2050ལོའི་བར་ཡིན་པ་སྟེ། དུས་ཡུན་འདིའི་ནང་སྔོན་ལ་འཕེལ་རྒྱས་སུ་ཕྱིན་པའི་ས་ཁུལ་ཁག་ཅིག་གི་དངོས་ཤུགས་ཇེ་རྒྱས་སུ་བཏང་ནས། རྒྱལ་ནང་དང་རྒྱལ་སྤྱིའི་དེང་རབས་ཀྱི་དཔལ་འབྱོར་མ་ལག་རང་སྟོབས་ཀྱིས་གོང་དུ་འཕེལ་བའི་རྨང་གཞིའི་སྟེང་། ས་མཐའི་རི་ཁུལ་དང་རྗེས་ལུས་ཀྱི་རོང་འབྲོག་ས་ཁུལ་གྱི་གསར་སྤེལ་ལ་ཤུགས་བསྣན་ཏེ། ནུབ་རྒྱུད་མི་དམངས་ཀྱི་ཐོན་སྐྱེད་དང་། འཚོ་བའི་ཆུ་ཚད་མཐོར་འདེགས་དང་ཧེ་བག་ཇེ་ཆུང་དུ་གཏོང་རྒྱུ་དེ་ཡིན།

4 འགན་འཁྲི་གཙོ་བོ།

ནུབ་རྒྱུད་གསར་སྤེལ་ཆེན་མོ་ནི་ཡུན་རིང་ཞིང་ཚེགས་ཆེ་བའི་ལོ་རྒྱུས་འགན་འཁྲི་ཞིག་ཡིན་པར་མ་ཟད། གཞི་རྒྱ་ཧ་ཅང་ཆེ་བའི་ལས་གྲྭ་བརྒྱུད་རིམ་ཅན་ཞིག་ཀྱང་ཡིན། སྤྱིའི་འཆར་བཀོད་ནི་མི་རབས་དུ་མའི་ཧུར་བརྩོན་ལ་བརྟེན་ནས། དུས་རབས21པའི་དུས་དཀྱིལ་དུ་རྒྱལ་ཡོངས་སུ་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱུང་བའི་དུས་སུ། རྩ་བའི་ཐོག་ནས་ནུབ་རྒྱུད་ས་ཁུལ་གྱི་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་རྣམ་པར་འགྱུར་ལྡོག་བྱུང་སྟེ་ཁོར་ཡུག་མཛེས་པ་དང་། དཔལ་འབྱོར་དར་བ། སྤྱི་ཚོགས་འཕེལ་བ། མི་རིགས་མཐུན་སྒྲིལ་ཡིན་པ། མི་དམངས་འབྱོར་བོ་ཡིན་པ་བཅས་ཀྱི་ནུབ་རྒྱུད་གསར་བ་ཧུར་ཐག་གིས་བསྐྲུན་རྒྱུ་དེ་རེད།

དུས་རབས21པའི་ཐོག་མའི་ལོ་བཅུའི་ནང་། ནུབ་རྒྱུད་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ཐད་སྔ་ན་མེད་པའི་འཕེལ་རྒྱས་འབྱུང་བ་དང་། ཁྱད་ཆོས་ལྡན་པའི་དཔལ་འབྱོར་དང་དགེ་མཚན་ལྡན་པའི་ཐོན་ལས་ལ་འཕེལ་རྒྱས་ཅུང་ཙམ་ཡོད་པ། གཙོ་གནད་ས་ཁུལ་གྱི་འདོན་སྤེལ་གོམ་འགྲོས་མངོན་གསལ་གྱིས་མགྱོགས་པ། ཚན་རྩལ་སློབ་གསོ་དང་འཕྲོད་བསྟེན། རིག་གནས་སོགས་སྤྱི་ཚོགས་དོན་ལས་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པ། བཅོས་སྒྱུར་སྒོ་འབྱེད་ལ་རྣམ་པ་གསར་བ་མངོན་པ། མི་དམངས་ཀྱི་འཚོ་བ་ལེགས་བཅོས་འབྱུང་བ་བཅས་མངོན་འགྱུར་བྱུང་དུ་བཅུག་ནས། ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོ་ཞིག་གདིང་དགོས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-27

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།