ཀྲུང་གོའི་ནུབ་རྒྱུད་ས་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་ནུབ་རྒྱུད་ས་ཁུལ།
ཀྲུང་གོའི་ནུབ་རྒྱུད་ས་ཁུལ་ནི་སི་ཁྲོན་དང་ཡུན་ནན། ཀུའེ་ཀྲུའུ། བོད་ལྗོངས། ཁྲུང་ཆིང་། ཧྲའན་ཞི། ཀན་སུའུ། མཚོ་སྔོན། ཞིན་ཅང་། ཉིང་ཞ། ནང་སོག ཀོང་ཞི་བཅས་རང་སྐྱོང་ལྗོངས་དང་། ཞིང་ཆེན། གྲོང་ཁྱེར་བཅུ་གཉིས་ལ་བརྗོད་པའོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国西部地区
མི་རིགས།
གྲངས་ཉུང་མི་རིགས44ཡོད།
མི་གྲངས།
དུང་ཕྱུར3.8ཡོད།
སྐམ་སའི་མཐའ་མཚམས་ཀྱི་རིང་ཚད།
སྤྱི་ལེ་ཁྲི1.8ལྷག་ཡོད།
1 ངོ་སྤྲོད།

ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དེ་སྲིད་འཛིན་ས་ཁུལ་གྱི་ཆ་ནས་དབྱེ་ན་རང་སྐྱོང་ལྗོངས་དང་། ཞིང་ཆེན། གྲོང་ཁྱེར་བཅུ་གཉིས་འདུས་པ་སྟེ། སི་ཁྲོན་དང་ཡུན་ནན། ཀུའེ་ཀྲུའུ། བོད་ལྗོངས། ཁྲུང་ཆིང་བཅས་ལྷོ་ནུབ་ཀྱི་ལྗོངས་ཞིང་གྲོང་ལྔ་དང་། ཧྲའན་ཞི་དང་ཀན་སུའུ། མཚོ་སྔོན། ཞིན་ཅང་། ཉིང་ཞ་བཅས་ནུབ་བྱང་གི་ཞིང་ཆེན་ལྔ། དེ་མིན་ནང་སོག་དང་ཀོང་ཞི་བཅས་ལ་སྟོན་པ་རེད།

ནུབ་རྒྱུད་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི686ཡོད་ལ། རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི72%ཟིན་ཡོད། མདོ་དབུས་མཐོ་སྔ་གི་ས་ཁོངས་མ་ལུས་ཡོངས་སུ་རྫོགས་པ་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ཁོངས་སུ་གཏོགས། མི་གྲངས་དུང་ཕྱུར3.8ཡོད་པ་དང་། རྒྱལ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི29%ཟིན་ཡོད།

ནུབ་རྒྱུད་ས་ཁུལ་དེ་ཕྱི་སོག་དང་། ཨུ་རུ་སུ། ཐ་ཅི་ཁི་སི་ཐན། ཧ་ས་ཁི་སི་ཐན། ཅི་ཨེར་ཅི་སི་སི་ཐན། ཕ་ཁི་སི་ཐན། ཨ་ཧྥུ་ཧན། འབྲུག་ཡུལ། རྒྱ་གར། བལ་ཡུལ། འབར་མ། ལའོ་ཝུའོ། ཡོ་ནན་བཅས་རྒྱལ་ཁབ་བཅུ་གསུམ་དང་མཐའ་འབྲེལ་ཡོད། སྐམ་སའི་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ་ཁྲི1.8ལྷག་ཡོད་ལ། རྒྱལ་ཡོངས་ཀྱི་སྐམ་སའི་མཐའ་མཚམས་ཀྱི91%ཟིན་ཡོད། སྐམ་ས་དང་རྒྱ་མཚོའི་མཚམས་ཐིག་སྤྱི་ལེ1595ཡོད་པ་དང་། རྒྱལ་ཡོངས་ཀྱི་རྒྱ་མཚོའི་འགྲམ་རྒྱུད་ཀྱི1/10ཟིན་ཡོད། 

2 དབྱེ་མཚམས།

ས་བབ་གྲུབ་ཚུལ་གྱི་ཆ་ནས་བལྟས་ན་ནུབ་རྒྱུད་ས་ཁུལ་དེ་གཙོ་བོ་རླན་ཆེ་བའི་ཤར་ལྷོ་དུས་རླུང་དང་སྐམ་ཤས་ཆེ་བའི་ནུབ་རྒྱུད་ཀྱི་ས་མཐར་གཞིགས་ནས་དབྱེ་མཚམས་ཕྱེས་པ་རེད། ད་སྔ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་མགོ་ཚུགས་པའི་སྐབས་དེར་ཀྲུང་གོའི་སྐད་གྲགས་ཆེ་བའི་དཔལ་འབྱོར་རིག་པ་བ་ཡུའུ་ཀོང་ཡོན་གྱིས་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་དབྱེ་མཚམས་ཕྱེ་ཚུལ་གསལ་བོར་བསྟན། ཁོང་གིས་ཀྲུང་གོའི་ས་ཁྲའི་ཐོག་ནས་ཐིག་རིས་འདི་འདྲ་ཞིག་བྲིས་པ་སྟེ། ཧེ་ལུང་ཅང་ཞིང་ཆེན་གྱི་མའོ་ཧོ་ནས་མགོ་བརྩམས་ཏེ་ལྷོ་ཕྱོགས་སུ་ཧ་ལམ་ནང་སོག་གི་ཁྲི་ཧྥིན་ས་ཁུལ་གྱི་ནུབ་ཕྱོགས་ནས་ཧོ་པེ་ཞིང་ཆེན་གྱི་ཀྲང་ཅཱ ་ཁུའུ། ཧྲའན་ཞིའི་ཡུའུ་མོན། དེ་ནས་ལན་ཀྲོའུ་གྲོང་ཁྱེར་གྱི་བྱང་ནས་ལྷོ་ཕྱོགས་སུ་བསྐྱོགས་ཏེ་ཁྲུན་ཏུའུ་ཡི་ལྷོ་ནུབ་ཕྱོགས་ནས་ཧྲའན་ཞི་ཞིང་ཆེན་གྱི་ནུབ་ཕྱོགས། དེ་ནས་ཡུན་ནན་ཞིང་ཆེན་གྱི་ཐང་ཁྲོན་ས་ཁུལ་ནས་ནུབ་ཕྱོགས་སུ་བསྐྱོགས་ཏེ་བོད་ལྗོངས་ཀྱི་ནུབ་ལྷོའི་ས་ཆ་ཉུང་ཤས་དག་བརྒྱུད་དེ་ཐིག་རིས་ཤིག་བྲིས་ནས་རང་རེའི་རྒྱལ་ཁབ་ཀྱི་ས་ཁོངས་ཕྱོགས་གཉིས་སུ་དབྱེ་བ་རེད། ཐིག་རིས་ཀྱི་བྱང་ཕྱོགས་དང་ནུབ་ཕྱོགས་ནི་ནུབ་རྒྱུད་ཀྱི་སྐམ་ས་ཆེན་པོ་དང་མདོ་དབུས་མཐོ་སྒང་གི་གྲང་ངར་ཆེ་བའི་ས་ཆ་ཡིན།

3 ཆབ་སྲིད།

ནུབ་རྒྱུད་ས་ཁུལ་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་སའི་ས་ཆ་གཙོ་བོ་ཡིན། ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་ཞིན་ཅང་དང་ཉིང་ཞ། བོད་ལྗོངས་བཅས་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ལྗོངས་གསུམ་ནུབ་རྒྱུད་ས་ཁུལ་དུ་ཡོད། ཀྲུང་གའི་གྲངས་ཉུང་མི་རིགས་ང་ལྔ་ཡོད་པའི་ནང་དུ་མི་གྲངས་ས་ཡ་གཅིག་ལོངས་པའི་མི་རིགས་བཅུ་དགུ་ཡོད། དེའི་ནང་དུ་མང་ཆེ་བ་ནུབ་རྒྱུད་ས་ཁུལ་དུ་འཚོ་བ་རོལ་གྱིན་འདུག ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་མི་གྲངས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྤྱིའི་མི་གྲངས་ཀྱི་སུམ་ཆ་གཉིས་ཟིན། ནང་སྒོས་སུ་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆེ་བའི་བོད་རིགས་དང་། ཡུ་གུར་རིགས། ཧ་སག་རིགས། དབྱིས་རིགས། མིའོ་རིགས་སོགས་ཚང་མ་ནུབ་རྒྱུད་ས་ཁུལ་ན་ཡོད། ལྷོ་ནུབ་ས་ཁུལ་གྱི་ཡུན་ནན་ཞིང་ཆེན་དུ་གྲངས་ཉུང་མི་རིགས་ཉེར་གསུམ་དང་། ནུབ་བྱང་ས་ཁུལ་གྱི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ན་གྲངས་ཉུང་མི་རིགས་བཅུ་གསུམ་ཡོད། ཀྲུང་གོ་ནི་ཆོས་ལུགས་གྲུབ་མཐའ་མང་བའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། གྲངས་ཉུང་མི་རིགས་མང་ཆེ་བས་ཆོས་ལུགས་ལ་དད་པ་བྱེད། ནུབ་རྒྱུད་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱིས་རང་རྒྱལ་དུ་ཧ་ཅང་གལ་ཆེ་བའི་གོ་གནས་བཟུང་ཡོད། ཁོ་ཚོས་རང་རྒྱལ་གྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་དང་སྤྱི་ཚོགས་བདེ་འཇགས། རྒྱལ་མཚམས་བདེ་སྲུང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས། ཕྱི་འབྲེལ་སྲིད་ཇུས་སོགས་ལག་བསྟར་བྱེད་པར་གཞན་གྱིས་འགྲན་ཟླ་མེད་པའི་བྱས་རྗེས་བཞག་ཡོད།

ཀྲུང་གོའི་སྐམ་སའི་མཐའ་མཚམས་ཁྲོད་ནུབ་རྒྱུད་ས་ཁུལ་གྱི་མཐའ་མཚམས་སྤྱི་ལེ་13400ཡོད། རང་རྒྱལ་དུ་སྐམ་སའི་མཐའ་མཚམས་སུ་གནས་པའི་རྫོང143ཡོད་པའི་ནང་མི་རིགས་ས་ཁུལ་དུ་རྫོང112ཡོད། ཧ་ཅང་རིང་བའི་མཐའ་མཚམས་ས་ཁུལ་དུ་གྲངས་ཉུང་མི་རིགས་སུམ་ཅུ་ཕྱིའི་རྒྱལ་ཁབ་དང་ས་མཚམས་འབྲེལ་ཏེ་བསྡད་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་ཐད་རྒྱལ་ཁབ་གང་དང་མི་རིགས་གང་ཞིག་གི་ཤུགས་རྐྱེན་ཆེ་ན་གོམས་འདྲིས་ལུགས་སྲོལ་དག་ཡོངས་སུ་དེར་བསྟུན་པ་རེད།

རང་རེའི་རྒྱལ་ཁབ་ལ་སྐམ་སའི་ཁྱིམ་མཚེས་རྒྱལ་ཁབ་བཅོ་ལྔ་ཡོད་པའི་ནང་རྒྱལ་ཁབ་བཅུ་བཞི་ནུབ་རྒྱུད་ས་ཁུལ་དང་ས་མཚམས་འབྲེལ་ཡོད། ལོ་རབས་དགུ་བཅུ་བའི་འགོ་ཚུགས་པ་ནས་བཟུང་ཡོ་རོབ་ཤར་མར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་སུའུ་ལེན་རྒྱལ་ཁབ་ཁ་ཐོར་བར་བརྟེན་རང་རྒྱལ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་ལའང་འགྱུར་ལྡོག་ཆེན་པོ་བྱུང་། ཀྲུང་གོས་སྔ་གཞུག་ཏུ་ཨུ་རུ་སུ་དང་ཧ་སག་སི་ཐན། ཅི་ཨེར་ཅི་སི་སི་ཐན། ཐ་ཅི་ཁེ་སི་ཐན། ཧིན་རྡུ། ཡོ་ནན། མོང་གོལ་བཅས་རྒྱལ་ཁབ་བར་ཡིན་རིང་བོར་ཐག་མ་ཆོད་པའི་སྐམ་སའི་ས་མཚམས་ཀྱི་གནད་དོན་མང་པོ་ཐག་གཅོད་ལེགས་པོ་བྱས་པར་བརྟེན་ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་དགོངས་དོན་བཞིན་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་གསར་དུ་བཙུག་པས། ནུབ་རྒྱུད་ས་ཁུལ་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་གུ་ཡངས་པའི་ཁོར་ཡུག་ཅིག་བསྐྲུན་པ་རེད།

4 དཔལ་འབྱོར།

ལོ་རྒྱུས་ཀྱི་ཤུགས་རྐྱེན་ཅི་རིགས་ཀྱི་དབང་གིས་ཀྲུང་གོ་གསར་བ་དབུ་བརྙེས་པའི་སྐབས་དེར་ནུབ་རྒྱུད་ས་ཁུལ་གྱི་དཔའ་འབྱོར་རྒྱལ་ཡོངས་ནས་བསྡུར་ན་ཧ་ཅང་རྗེས་ལུས་ཡིན། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་ནུབ་རྒྱུད་ས་ཁུལ་གྱི་རིགས་སོ་སོའི་མི་རིགས་རང་ངོས་ནས་འབད་བརྩོན་བྱས་པར་བརྟེན་དཔལ་འབྱོར་ལ་གྲུབ་འབྲས་ཆེན་པོ་བྱུང་།

བསྡོམས་རྩིས་ལྟར་ན་ཀྲུང་གོ་གསར་བ་དབུ་བརྙེས་ནས1978ལོའི་བར་གྱི་ལོ་ངོ་སུམ་ཅུའི་རིང་ལ་ད་ལྟའི་རིན་གོང་ལྟར་བརྩིས་ན་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་འཕར་བའི་མགྱོགས་ཚད་ཤར་རྒྱུད་དང་ནུབ་རྒྱུད་བསྡུར་ན7.08:7.52རེད། ནུབ་རྒྱུད་ས་ཁུལ་ཀྱི་འཕར་ཚད་ཤར་རྒྱུད་ས་ཁུལ་གྱི0.44%ཟིན་ཡོད་པས། ཤར་རྒྱུད་དང་ནུབ་རྒྱུད་བར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཁྱད་པར་ཆེན་པོ་མེད། 1978ལོར་བསླེབས་དུས་ཤར་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར200ཡས་མས་ཡིན།

རྒྱལ་དམངས་དཔལ་འབྱོར་གྱི་ལོ་ལྔའི་འཆར་གཞི་ཨང་དགུ་པའི་སྐབས་སུ(1996ལོ་ནས2000ལོའི་བར)རྒྱལ་ཁབ་ཀྱིས་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་དང་འཕེལ་རྒྱས་གཏོང་བར་རྒྱུན་འཁྱོངས་དང་ས་གནས་བར་གྱི་ཁྱད་པར་ཉུང་དུ་གཏོང་བའི་བྱེད་ཐབས་གཏན་ཁེལ་བྱས་པ་དང་། དབུས་རྒྱུད་དང་ནུབ་རྒྱུད་འཕེལ་རྒྱས་སུ་གཏོང་བའི་ཐབས་ཤེས་བཀོལ་བའི་ཐོག་ནུབ་རྒྱུད་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་འབད་བརྩོན་འོག་རྒྱལ་དམངས་དཔལ་འབྱོར་གྱི་ལོ་ལྔའི་འཆར་གཞི་ཨང་དགུ་པའི་སྐབས་སུ་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་འགྲོས་རིམ་གྱིས་ཇེ་མགྱོགས་ལ་བཏང་། 1996ལོར་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་འཕར་ཚད9.7%རེད། ནུབ་རྒྱུད་ས་ཁུལ9.94%རེད། ཆ་སྙོམས་ཀྱིས་རྒྱལ་ཡོངས་ལས་བར་ཁྱད0.24ལས་མེད་པར་མ་ཟད། ཀན་སུའུ་དང་ཉིང་ཞ། ཧྲའན་ཞི་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འཕར་ཚད་10%ཡན་ཡིན། བསྡོམས་རྩིས་བྱས་པ་ལྟར་ན1979ལོ་ནས1995ལོའི་བར་ཀྲུང་གོའི་དཔལ་འབྱོར་ལོ་རེའི་འཕར་ཚད9.8%ཡིན། ཤར་རྒྱུད་ཀྱི་ཆ་སྙོམས་འཕར་ཚད12.8%དང8.7%ཡིན། ནུབ་རྒྱུད་ཀྱི་འཕར་ཚད4.1%ཟིན་པས་ཤར་རྒྱུད་དང་ནུབ་རྒྱུད་བར་གྱི་ཁྱད་པར་སླར་ཡང་ཇེ་ཆེར་སོང་།

1990ལོར་ནུབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅུ་ཡི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2810ཡོད་པ་དེ་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་གྱི16%ཟིན། ཤར་རྒྱུད་ས་ཁུལ་དུ་སྒོར་དུང་ཕྱུར9239ཡོད་པ་དེ་རྒྱལ་ཡོངས་ཀྱི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་གྱི3%ཟིན། 1990ལོ་ནས་1997ལོའི་བར་དུ་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ཅུང་མགྱོགས་ཤིང་དཔལ་འབྱོར་གྱི་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད། 1997ལོར་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅུ་ཡི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་སྒོར10754.89ལ་བསླེབས་ནའང་རྒྱལ་ཡོངས་ཀྱི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་བསྡོམས་འབོར14.38%ཆགས་ཀྱང་ཤར་རྒྱུད་ས་ཁུལ་གྱི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་རྒྱལ་ཡོངས་ཀྱི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་གྱི65%ཟིན་ཡོད།

5 རང་བྱུང་ཐོན་ཁུངས།

མིའི་རིགས་ཀྱི་ད་ལྟ་དང་མ་འོངས་པར་འཚོ་བའི་རྟེན་གཞི་སྟེ་རང་བྱུང་ཐོན་ཁུངས་ལ་མཚོན་ན་དེའི་གྲུབ་ཚུལ་ལ་སླར་འབྱུང་གི་ནུས་པ་ལྡན་པའི་རང་བྱུང་ཐོན་ཁུངས་དང་སླར་འབྱུང་གི་ནུས་པ་མི་ལྡན་པའི་རང་བྱུང་ཐོན་ཁུངས་ཞེས་སྣ་གཉིས་ཡོད། རང་བྱུང་ཐོན་ཁུངས་ནི་བཟོ་ལས་དང་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་ཡིན།

ཀྲུང་གོ་ནི་བཟོ་ལས་ཐོན་སྐྱེད་སྤྱི་ཚོགས་ཅན་དང་གཞི་ཁྱོན་ཅན། ཞིང་ལས་ཐོན་སྐྱེད་ཐོན་ལས་ཅན་དུ་འགྱུས་དགོས་ན། ངེས་པར་དུ་རང་བྱུང་ཐོན་ཁུངས་ལ་རག་ལས་དགོས། ནུབ་རྒྱུད་ས་ཁུལ་དུ་ས་ཞིང་ཡངས་ཤིང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་ལྡན་པས་ཕྱོགས་བསྡུས་གསར་སྤེལ་གྱི་མི་མངོན་སྦས་ཤུགས་ཧ་ཅང་ཆེ། ནུབ་རྒྱུད་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དེ་དག་གཙོ་བོ་གཤམ་གསལ་གྱི་ཕྱོགས་འདི་དག་ནས་མཚོན་ཐུབ།

དང་པོ་ཆུའི་ཐོན་ཁུངས་ཧ་ཅང་མོད་པོ་ཡོད། ནུབ་རྒྱུད་ས་ཁུལ་གྱི་ཆུའི་བསག་ཚད་སྟོང་ཝ་དུང་ཕྱུར5.57ཡོད། དེའི་ནང་དུ་གསར་སྤེལ་དང་བེད་སྤྱོད་བྱེད་ཆོག་པའི་ཆུ་གློག་ཐོན་ཁུངས་སྟོང་ཝ་དུང་ཕྱུར2.74ཡོད་པ་དེས་རྒྱལ་ཡོངས་བསྡོམས་འབོར་གྱི82.3%ཟིན། ནུབ་རྒྱུད་ས་ཁུལ་གྱི་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་ནི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི1.55ཡོད་པ་དེས་སྤྱིའི་ཐོན་ཁུངས་ཀྱི35%ཡས་མས་ཟིན། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བར་མགོ་ཚུགས་པའི་དུས་དཔག་རྩིས་བྱས་པ་ལྟར་ན། མིའམ་རྨོ་ཞིང་མུའུ་རེ་ཆ་སྙོམས་ཀྱིས་ཆུ་ཡོད་ཚད་རྒྱལ་ཡོངས་ཆ་སྙོམས་ཀྱི་ཚད་ལས་མཐོ། འོན་ཀྱང་ཆུའི་ཐོན་ཁུངས་ཀྱི་ཁྱབ་ཚུལ་དོ་མཉམ་མིན་ཏེ། ལྷོ་ནུབ་ས་ཁུལ་དུ་མོད་པོ་དང་ནུབ་བྱང་ས་ཁུལ་དུ་ཧ་ཅང་དཀོན། ཀྲུང་གོའི་འཁྱགས་རོམ་ཐོན་ཁུངས་མང་ཆེ་བ་ནུབ་རྒྱུད་ས་ཁུལ་ན་ཡོད་པ་དང་སྒོས་མདོ་དབུས་མཐོ་སྒང་ན་ཡོད་ལ། དེས་ཀྱང་མིའི་རིགས་ལ་ཆུའི་ཐོན་ཁུངས་འདོན་སྤྲོད་བྱེད་ཀྱིན་ཡོད་པས་དེ་ནི་གཞན་གྱིས་ཚབ་བྱེད་མི་རུང་བའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་ནོ།།

གཉིས་པ་གཏེར་རྫས་ཀྱི་ཐོན་ཁུངས་རིགས་མང་ཞིང་བསག་ཚད་ཆེ་ལ་ཁྱབ་ཚུལ་ཐར་ཐོར་མིན་པ། སྔོག་འདོན་བྱེད་སླ་བ། གཏེར་རིགས་གཙོ་བོ་ཞེ་ལྔ་ཡོད་ཅིང་ནུབ་རྒྱུད་ས་ཁུལ་གྱི་གཏེར་རིགས་ཀྱིས་རྒྱལ་ཡོངས་ཀྱི་གཏེར་རིགས་བསག་ཚད་ཀྱི55%ཟིན་ཞིང་། དེའི་ནང་དུ་ཕུལ་དུ་བྱུང་བའི་གཏེར་རིགས་ཉེར་གཉིས་ཡོད། གཙོ་བོ་ནུས་ཁུངས་གཏེར་རྫས་དང་མདོག་ལྡན་ལྕགས་རིགས་གཏེར་རྫས། ལྕགས་རིགས་རྫས་འགྱུར་བཟོ་ལས་ཆེ་ཁག་གི་གཏེར་རྫས་སོགས་ཡིན། གཏེར་རྫས་རིགས་ཞེ་ལྔ་ཡི་བསག་ཚད་ཀྱི་མི་མངོན་པའི་རིན་ཐང་གི་བསྡོམས་འབོར་དབུས་རྒྱུད་དང་ཤར་རྒྱུད་གཉིས་ཀའི་སྤྱི་གྲངས་ཡིན། ཞིབ་རྩད་བྱས་པ་ལྟར་ཐེངས་གཅིག་སྤྱོད་པའི་ནུས་ཁུངས་དབུས་རྒྱུད་དང་ཤར་རྒྱུད་གཉིས་ཀྱི་སྤྱི་གྲངས་ལས་ད་དུང13%ཟིན་ཡོད། རྡོ་སོལ་བསག་ཚད་མང་ཆེ་བ་ནང་སོག་དང་ཧྲའན་ཞི། ཞིན་ཅང་། ཉིང་ཞ། ཀུའེ་ཀྲོའུ་སོགས་ས་ཁུལ་དུ་ཁྱབ་ཡོད་པ་དང་བསག་ཚད་ཧ་ལམ་ཏུན་དུང་ཕྱུར་ཁྲི་ཚོ་གཉིས་ལྷག་ཡོད། རྡོ་སོལ་རིགས་སྣ་ཁ་ཚང་ཞིང་སྤུས་ཚད་མཐོ་ལ་གཏིང་མི་ཟབ་པས་སྔོག་འདོན་བྱེད་སླ། རྡོ་སྣུམ་གཙོ་བོ་ཞིན་ཅང་གི་ཐཱ་ལི་མུ་དང་ཐུའུ་ལུའུ་ཧྥན། ཇུན་གར་བཅས་གཤོང་ས་ཆེན་པོ་གསུམ་དང་ཀན་སུའུ། ཧྲའན་པེ། མཚོ་སྔོན་གྱི་ས་ཁུལ་ཁ་ཤས་ན་ཡོད། རང་བྱུང་སོལ་རླངས་དེ་གཙོ་བོ་ཀན་སུའུ་དང་ཉིང་ཞའི་འབྲེལ་མཚམས། སི་ཁྲོན་བཅས་སུ་ཁྱབ་འདུག  མདོག་ལྡན་ལྕགས་རིགས་དང་མདོག་མེད་ལྕགས་རིགས་ཀྱི་བསག་ཚད་ཧ་ཅང་མོད་པོ་ཡིན་པར་མ་ཟད། ཁྱབ་ཚུལ་ཐར་ཐོར་མིན་པས་སྔོག་འདོན་བྱེད་སླ་བ་དང་བཟོ་ལས་ཀྱི་རྨང་གཞི་ཆེན་པོར་འགྱུར་ཐུབ། གཏེར་རྫས་དེ་རིགས་ཀྱི་ཐོན་ཁུངས་ཤར་རྒྱུད་དང་དབུས་རྒྱུད་ལ་མཚོན་ན་ཉིན་རེ་བཞིན་ཇེ་དཀོན་རེད། གཏེར་རྫས་འདི་དག་གིས་དུས་རབས་ཉེར་གཅིག་ནང་དཔལ་འབྱོར་འཕེལ་རྒྱས་ལ་འགྲན་ཟླ་མེད་པའི་ཕན་ནུས་འདོན་ཐུབ།

གསུམ་པ་ས་ཞིང་ཁྱོན་ཆེ་ཞིང་ཡངས་པ་དང་གསར་སྤེལ་བྱེད་ཆོག་པ་མང་པོ་ཡོད། ནུབ་རྒྱུད་ས་ཁུལ་གྱི་ས་ཞིང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ39.3ཡོད་པ་དེས་རྒྱལ་ཡོངས་ས་ཞིང་སྤྱིའི་རྒྱ་ཁྱོན་གྱི56.2%ཟིན།

བཞི་བ་ནུབ་རྒྱུད་ས་ཁུལ་གྱི་གནས་སྐོར་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཡིན། དེ་ནི་ནུབ་རྒྱུད་གསར་སྤེལ་བྱེད་པའི་ཁྲོད་དུ་ཐོག་མར་སྤེལ་དགོས་པའི་ཐོན་ལས་ཤིག་ཡིན་ཏེ། དཔེར་ན་གནའ་མཁར་ཞི་ཨན་དང་ཧྲའན་ཞིའི་ཧོང་ཏིའི་བང་སོ། ཡན་ཨན་སོགས་ལོ་རྒྱུས་དང་གསར་བརྗེའི་གནས་སྐོར་ཐོན་ཁུངས་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། ཐོན་ཁུངས་དེར་གསར་སྤེལ་དང་བེད་སྤྱོད་བྱེད་གང་ཐུབ་བྱས་ན་ས་ཁུལ་དེ་གའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཐུབ་པར་མ་ཟད། རྒྱལ་ཡོངས་ཀྱི་གནས་སྐོར་ལས་རིགས་དང་དཔལ་འབྱོར་གོང་འཕེལ་ལ་སྐུལ་མ་གཏོང་ཐུབ།

ལྔ་བ་ནུབ་རྒྱུད་ས་ཁུལ་དུ་མི་གྲངས་ཉུང་ཞིང་རྒྱ་ཁྱོན་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས་གསར་སྤེལ་དང་འཕེལ་རྒྱས་སུ་གཏོང་བའི་མི་མངོན་སྦས་ཤུགས་ཆེན་པོ་ལྡན་པར་མ་ཟད། དེ་ཡང་མི་མངོན་ཚོང་ར་ཞིག་ཀྱང་རེད། ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་ལ་བཏང་ན། ཐོན་ཁུངས་ཅི་རིགས་ལུགས་མཐུན་ངང་བཀོད་སྒྲིག་དང་བེད་སྤྱོད་བྱེད་ཐུབ་པས། ཤར་རྒྱུད་ཀྱི་ཐོན་ལས་གྲུབ་ཚུལ་སྙོམས་སྒྲིག་བྱེད་པར་ཆ་རྐྱེན་གང་ལེགས་བཟོ་ཐུབ། དུས་མཚུངས་སུ་ཀྲུང་གོའི་རྒྱལ་དམངས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཐུབ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-12

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།