མདོ་དབུས་མཐོ་སྒང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མདོ་དབུས་མཐོ་སྒང་།
མདོ་དབུས་མཐོ་སྒང(Qinghai-Tibet plateauདངTibetan plateau )ནི་འཛམ་གླིང་དུ་ཆེས་མཐོ་བ་དང་ཀྲུང་གོར་ཆེས་ཆེ་བའི་མཐོ་སྒང་ཡིན། དེ་ཀྲུང་གོའི་རྒྱལ་ཁོངས་ཀྱི་ཁྱབ་སྟངས་ནི་ལྷོ་ནུབ་ཀྱི་བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས། དེ་མིན་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་ཀྱི་ས་ཁུལ་ཁ་ཤས། བྱང་ཤར་ཕྱོགས་སུ་མཚོ་སྔོན་གྱི་ས་ཁུལ་མང་ཆེ་ཤས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས། ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་བཅས་འདུས་པ་ཡིན། མདོ་དབུས་མཐོ་སྒང་གི་ས་ཁོངས་ཧྲིལ་བོའི་ཁྲོད་འབྲུག་ཡུལ་དང་བལ་ཡུལ། རྒྱ་གར། ཕ་ཁི་སི་ཐན། ཨ་ཧྥུ་ཧན། ཐ་ཅི་ཁེ་སི་ཐན། ཅེར་ཅེ་སི་ཐན་གྱི་ས་ཁོངས་ཁག་གཅིག་ཀྱང་འདུས་པ་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི300ལ་ཉེ། ཀྲུང་གོའི་མངའ་ཁོངས་སུ་སྟོང་སྨི་གྲུ་བཞི་མ་ཁྲི257ཡོད། ཆ་སྙོམས་ཀྱི་མཚོ་འཕགས་སྨི4000-5000ཡོད། མདོ་དབུས་མཐོ་སྒང་ལ “འཛམ་གླིང་ཡང་རྩེ”དང“སྣེ་གསུམ་པ”ཞེས་གྲགས་ལ། འཛམ་གླིང་གི་གཙང་བོ་ཆེན་པོ་མང་བོའི་འབྱུང་ཁུངས་ཡིན། མདོ་དབུས་མཐོ་སྒང་ལ་འཛམ་གླིང་གི་ཡང་རྩེ་ཞེས་པའི་མཚན་སྙན་གསོལ་བ་དང་། དེའི་དམིགས་བསལ་གྱི་སྤྱི་ཚོགས་རིག་གནས་དང་རང་བྱུང་ཡུལ་ལྗོངས་དེ་གོ་ལ་ཟླུམ་པོར་མིང་དུ་གྲགས་ཡོད་པས། ཚན་རིག་ཉེན་བརྟག་པ། མྱུལ་ཞིབ་པ། སྐྱེ་ཁམས་ལྗོངས་རྒྱུ་པ་ཚོས་ཡིད་སྨོན་བྱེད་ས་དང་ལྟ་སྐོར་དུ་འགྲོ་བའི་གནས་མཆོག་ཏུ་གྱུར་ཡོད། མདོ་དབུས་མཐོ་སྒང་གི་རྣམ་པ་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་དག་ཀྱང་འཛམ་གླིང་ཡང་རྩེའི་སྐྱེ་ཁམས་ཁོར་ཡུག་ཁྱད་པར་ཅན་དང་སྐྱེ་དངོས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཀྱི་བང་མཛོད་ཅིག་ཡིན་ལ་ཚན་རིག་གི་རིན་ཐང་ཡང་ལྡན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青藏高原
ཕྱི་ཡིག་གི་མིང་།
Qinghai-Tibet plateauདངTibetan plateau
མིང་གཞན།
མཚོ་བོད་མཐོ་སྒང་། མཚོ་ཁམས་བོད་མཐོ་སྒང་།
ཁོངས་གཏོགས་ས་ཁུལ།
གླིང་ཆེན་ཨེ་ཤ་ཡའི་སྐམ་ས་ནང་མ།
མངའ་ཁོངས།
ཀྲུང་གོའི་བོད་ལྗོངས་དང་མཚོ་སྔོན་གཉིས་ཀྱི་ས་ཁོངས་ཧྲིལ་བོ་དང་། སི་ཁྲོན་དང་ཞིན་ཅང་། ཡུན་ནན། ཀན་སུའུ་བཅས་ཀྱི་ས་ཁོངས་ཁག་གཅིག་བཅས་གཏོགས་པ་ཡིན། གཞན་ཉེ་འཁོར་གྱི་རྒྱལ་ཁབ།
རྒྱ་ཁྱོན།
སྤྱིའི་རྒྱ་ཁྱོན་ལ་ཧ་ལམ་སྟོང་སྨི་གྲུ་བཞི་མ་ཁྲི་སུམ་བརྒྱ་ཡོད་ལ། ཀྲུང་གོའི་མངའ་ཁོངས་སུ་སྟོང་སྨི་གྲུ་བཞི་མ་ཉིས་བརྒྱ་ལྔ་བཅུ་ང་བདུན།
མི་གྲངས།
སྟོང་སྨི་གྲུ་བཞི་མ་རེར་མི2.16-11.7ཡོད།
མཚོ་འཕགས།
སྨི་བཞི་སྟོང་ནས་ལྔ་སྟོང་།
གནམ་གཤིས།
ཙག་སའི་ནམ་ཟླ།
ཡུལ་ལྗོངས་གཙོ་བོ།
གངས་ཏི་སེ། ཕོ་བྲང་པོ་ཏ་ལ། མ་ཕམ་གཡུ་མཚོ་སོགས།
1 ​ངོ་སྤྲོད་རགས་བསྡུས།

མདོ་དབུས་མཐོ་སྒང་ནི་ཀྲུང་གོར་ཆེས་ཆེ་བའི་མཐོ་སྒང་ཡིན་ལ། དེ་ཀྲུང་གོའི་ལྷོ་ནུབ་ཏུ་ཡོད།   དེ་རུ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་གྱི་མངའ་ཁོངས་ཧྲིལ་བོ་དང་སི་ཁྲོན་གྱི་ནུབ་ཕྱོགས།  ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས།  ཡུན་ནན་དང་ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་ཁག་གཅིག་བཅས་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི240དང་ཆ་སྙོམས་མཚོ་འཕགས་སྨི4000ནས5000ཡོད་པས་འཛམ་གླིང་ཐོག་ཆེས་མཐོ་བའི་མཐོ་སྒང་ཡིན་ལ་འཛམ་གླིང་གི་ཡང་རྩེ་ཞེས་པའི་མཚན་སྙན་ཡང་གསོལ་ཡོད།  མཐོ་སྒང་གི་མཐའ་བསྐོར་རི་བོས་སྐོར་ཞིང་ལྷོ་རུ་ཧི་མ་ལ་ཡ་རི་རྒྱུད་དང་བྱང་དུ་རི་བོ་ཁུ་ནུ་དང་རི་བོ་ཆི་ལེན།  ནུབ་ཏུ་གཡག་རྭ་སྨུག་པོའི་རི་རྒྱུད།  ཤར་དུ་འཕྲེད་རྒྱུག་རི་བོ།   མཐོ་སྒང་ནང་ཁུལ་དུའང་གདང་ལ་རི་བོ།  གངས་ཏི་སེ།  གཉན་ཆེན་ཐང་ལྷ་སོགས་རི་བོ་མང་བོ་ཡོད།   རི་རྒྱུད་འདི་དག་ལས་མང་ཆེ་བ་མཚོ་འཕགས་སྨི6000བརྒལ་ཡོད། རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་རྩེ་མང་ཆེ་བ་མཚོ་འཕགས་སྨི8000བརྒལ་འདུག  མཐོ་སྒང་ནང་ཁུལ་དུ་རི་རྒྱུད་ཀྱིས་གཤོང་ས་དང་ཁོད་ཡངས་གྲོག་རོང་དུ་མར་བགོས་ཡོད།  མཚེའུ་མང་ཞིང་མཚོ་སྔོན་པོ་དང་གནམ་མཚོ་སོགས་ནི་སྐམ་སའི་ནང་མའི་ཚྭ་ཆུའི་མཚེའུ་ཡིན་པས།  ཚྭ་དང་ཚ་ལ་དཀར་པོ།  ཟེ་ཚྭ་སོགས་འབོར་ཆེན་ཐོན་བཞིན་ཡོད།  མདོ་དབུས་མཐོ་སྒང་ནི་གླིང་ཆེན་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་དག་གི་འབྱུང་ཁུངས་ཡིན་ལ།  འབྲི་ཆུ།  རྨ་ཆུ།   རྫ་ཆུ(སྨི་ཀུང་གཙང་བོ )། རྒྱལ་མོ་རྔུལ་ཆུ (སར་ཧུན་གཙང་བོ)།  སི་ཏ་ཆུ་བོ(སེང་གེ་ཁ་འབབ་སྟེ་ཧིན་རྡུ་ཆུ་བོ་ཟེར)། ཡར་ལུང་གཙང་བོ(པུ་ལོ་མ་ཕུ་ཐི་ལ་གཙང་བོ)།  རྒྱལ་མོ་རྔུལ་ཆུ། ཉག་ཆུ།   གཞན་ཐ་ལི་མུའུ་ཆུ་བོའི་མགོ་ཁུངས་ཀྱང་འདི་ཡིན་ལ། ཆུ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།

མདོ་དབུས་མཐོ་སྒང་གི་བྱང་གི་འཕྲེད་ཚད25°--40°དང་ཤར་གྱི་གཞུང་ཚད74°--104°བར་ཡིན།    དེ་ནི་ཨེ་ཤ་ཡ་གླིང་གི་དབུས་ཁུལ་དུ་ཡོད་པའི་མཐོ་སྒང་ས་ཁུལ་ཞིག་ཡིན་ལ། འཛམ་གླིང་སྟེང་ཆེས་མཐོ་བའི་མཐོ་སྒང་དང་། ཆ་སྙོམས་མཚོ་འཕགས་སྨི4000ཡན་ཡིན་པས་འཛམ་གླིང་གི་ཡང་རྩེ་དང་སའི་གོ་ལའི་སྣེ་གསུམ་པར་གྲགས། མདོ་དབུས་མཐོ་སྒང་དོན་དངོས་སུ་མཐོ་ཞིང་བརྗིད་པའི་རི་རྒྱུད་ཀྱི་འཕྲེང་བས་གྲུབ་པའི་རི་མཐོའི་དམག་སྤྱི་ཁང་ཞིག་ཡིན།  ས་ཁམས་རིག་པ་ཚོས་རི་སྒང་དུ་འབོད།  མཐོ་སྒང་གི་རི་བོ་མང་བོ་ཤར་ནུབ་ཕྱོགས་དང་ནུབ་བྱང--ཤར་ལྷོ་ཕྱོགས་སུ་བསྲིངས་འདུག  བྱང་ནས་ལྷོ་རུ་རི་བོ་ཆི་ལེན་དང་རི་བོ་ཁུ་ནུ།  གཉན་ཆེན་ཐང་ལྷ།  གངས་ཏི་སེ།  རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཡོད།  རི་བོ་དེ་དག་གི་མཚོ་འཕགས་སྨི་སྟོང་ལྔ་དྲུག་ཡན་ཡིན།  དེའི་རྐྱེན་པས་མཐོ་ནི་མདོ་དབུས་མཐོ་སྒང་གི་ས་དབྱིབས་ཐོག་ནས་ཆེས་དམིགས་བསལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན། མདོ་དབུས་མཐོ་སྒང་གི་ས་དབྱིབས་ཐོག་ནས་ཆེས་དམིགས་བསལ་གྱི་ཁྱད་ཆོས་གཞན་ཞིག་ནི་མཚེའུ་མང་བ་དེ་ཡིན།  མཐོ་སྒང་དུ་འགྲོ་ཕྱོགས་མི་འདྲ་བའི་མུ་འབྲེལ་རི་བོ་མཐོན་པོ་ཁག་གཉིས་བསྣོལ་མར་ཡོད་པ་དེས་མཐོ་སྒང་གཤོང་ས་མང་བོ་དང་ཁོད་ཡངས་གྲོག་རོང་།   མཚེའུ་མང་བོར་བགོས་ཡོད།   མཚེའུ་འདི་དག་གཙོ་བོ་མཐའ་སྐོར་གྱི་རི་བོ་མཐོན་པོའི་གངས་དང་འཁྱགས་རོམ་ཞུས་པའི་ཆུས་གསབ་སྤྲོད་བྱས་པ་ཡིན་ལ།  མཚེའུ་མང་ཆེ་བ་རང་རྐྱ་ཐུབ་པའི་སྒོ་ནས་ལྟེམ་མེར་འཁྱིལ་འདུག    མིང་དུ་གྲགས་པའི་མཚོ་སྔོན་པོའམ་ཁྲི་ཤོར་རྒྱལ་མོ་དེ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཡོད་ལ་དེ་ནི་གས་སྲུབས་ས་བརྡིབས་མཚེའུ་ཞིག་ཡིན།   རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ4456ཡོད་ལ་མཚོ་འཕགས་ལ་སྨི3196ཡོད།  ཆེས་གཏིང་སར་སྨི38ཡོད།   དེ་ནི་ཀྲུང་གོའི་ཆེས་ཆེ་བའི་ཚྭ་ཆུའི་མཚེའུ་ཡིན།  བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པའི་གནམ་མཚོ་ཕྱུག་མོའི་རྒྱ་ཁྱོན་ལ་སྟོང་སྨི1920ལྷག་ཡོད་ལ་མཚོ་འཕགས་ལ་སྨི4718ཡོད་པས་དེ་འཛམ་གླིང་གི་ཆེས་མཐོ་བའི་མཚེའུ་ཆེན་པོ་ཞིག་ཡིན།  མཚེའུ་འདི་དག་ལས་མང་ཆེ་བ་སྐམ་སའི་ནང་མའི་ཚྭ་ཆུའི་མཚེའུ་ཡིན་ལ།   ཚྭ་དང་ཚ་ལ་དཀར་པོ།  ཟེ་ཚྭ་སོགས་གཏེར་དངོས་འབོར་ཆེན་ཐོན་བཞིན་ཡོད།  མཚེའུ་མང་ཤས་ནང་དུ་ད་དུང་ཉ་རིགས་འབོར་ཆེན་ཐོན་པ་རེད།   མཚེའུའི་འགྲམ་དང་རི་བོའི་བར་གྱི་གཤོང་ས།  གྱེན་མ་གསེག་གི་ས་ཁུལ་དུ་སྔོ་ལྗང་ལྗང་གི་རྒྱ་ཆེ་བའི་རྩྭ་ཐང་ཡོད་པས་ནང་སོག་དང་ཞིན་ཅང་ལྟ་བུའི་ཕྱུགས་ལས་ཁུལ་གཙོ་བོར་གྱུར་ཡོད།

ས་བབ་མཐོ་བས་ས་ཁུལ་མང་ཆེ་བར་ཚ་ཚད་ཀྱིས་མི་འདང་བ་དང་མཚོ་འཕགས་སྨི4500ཡན་ཆད་ས་ཁུལ་གྱི་ནམ་ཟླའི་ཆ་སྙོམས་དྲོད་ཚད10℃ལའང་ཐོན་མེད་པས་འབྲུ་རིགས་སྨིན་མི་ཐུབ་ལ་ལྗོན་ཤིང་ཡང་སྐྱེ་མི་ཐུབ་པས་ཕྱུགས་འཚོ་སྐྱོང་ལ་ཧ་ཅང་འཚམ་པོ་ཡོད།  ཕྱུགས་ཟོག་གཙོ་བོ་མཐོ་གྲང་བཟོད་ཐུབ་པའི་ནོར་ནག་དང་འབྲོག་ལུག   ར་མ་སོགས་ཡིན། མཚོ་འཕགས་སྨི4200མན་ཆད་ཀྱི་ལུང་གཞུང་དུ་ལོ་ཏོག་འདེབས་འཛུགས་བྱེད་ཆོག་སྟེ།  གཙོ་བོ་ནས་དང་གྲོ།  སྲན་མ།  ཞོག་ཁོག  སྐེ་ཚེ་སོགས་གྲང་བཟོད་ཐུབ་པའི་ལོ་ཏོག་གི་རིགས་ཡིན།  ཡར་ལུང་གཙང་བོའི་ལུང་གཞུང་འཕྲེད་ཚད་དམའ་བས་དགུན་ཁ་ཡང་དེ་འདྲ་གྲང་ངར་ཆེ་རྒྱུ་མེད་པར་དགུན་གྲོ་བདེ་ལེགས་ཀྱིས་དགུན་བསྐྱལ་ཐུབ་པ་ཡིན། ཉི་འོད་འཕྲོ་བའི་ཆ་རྐྱེན་བཟང་བས་དབྱར་དཔྱིད་གཉིས་ཀྱི་དྲོད་ཚད་ཅུང་དམའ་བས་གྲོ་སྐྱེས་པའི་དུས་ཡུན་ཇེ་རིང་དུ་བཏང་ཡོད།  ལྷ་སའི་དགུན་གྲོའི་མུའུ་རེའི་ཐོན་ཚད་སྟོང་ཁེ1638ལ་ཐོན་པའི་ཟིན་ཐོ་ཡོད།   ཉེ་བའི་ལོ་འགའི་རིང་ལ་མཐོ་སྒང་ཐོག་ཏུ་ཆུ་གློག་ས་ཚུགས་དང་རྣོ་ལྕགས་བཟོ་གྲྭ།  རྫས་འགྱུར་བཟོ་གྲྭ།    བལ་འཐག་བཟོ་གྲྭ།    རྡོ་སོལ་གཏེར་ཁ།   ཤོག་བུ་བཟོ་གྲྭ་སོགས་མང་བོ་གསར་དུ་བཙུགས་ཡོད་ལ།  བཟོ་ལས་འཕེལ་རྒྱས་སོང་བ་དང་བསྟུན་ནས་ཟི་ལིང་དང་ལྷ་ས།  ན་གོར་མོ།  ཉིང་ཁྲི་སོགས་བཟོ་ལས་གྲོང་ཁྱེར་གསར་བ་མང་བོ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བཞིན་ཡོད།  མིག་སྔར་མཐོ་སྒང་གི་འགྲིམ་འགྲུལ་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ།   ལྷ་ས་ནས་སི་ཁྲོན།  ལྷ་ས་ནས་མཚོ་སྔོན།  ཡུན་ནན་ནས་ལྷ་ས།   ལྷ་ས་ནས་ཞིན་ཅང་བཅས་གཞུང་ལམ་གཙོ་བོ་བཞི་དང་ཟི་ལིང་ནས་ལྷ་སའི་བར་ལྕགས་ལམ་ཡང་ཤར་གཏོང་ཐུབ་ཡོད།   ཟི་ལིང་དང་ལྷ་ས།  ན་གོར་མོ།  ཉིང་ཁྲི་ས་ཁུལ། ཆབ་མདོ་ས་ཁུལ་བཅས་སུ་དམངས་སྤྱོད་མཁའ་འགྲུལ་ཡོད་པ་ཡིན།

མདོ་དབུས་མཐོ་སྒང་གི་ཁོངས་སུ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ས་ཁོངས་ཧྲིལ་བོ་དང་སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས། ཀན་སུའུ་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་ས་ཁོངས་ཁག་གཅིག་བཅས་གཏོགས་པ་ཡིན། མདོ་དབུས་མཐོ་སྒང་གི་ས་ཁོངས་ཧྲིལ་བོ་ལ་འབྲུག་ཡུལ་དང་བལ་ཡུལ། རྒྱ་གར། ཕ་ཁི་སི་ཐན། ཨ་ཧྥུ་ཧན། ཐ་ཅི་ཁེ་སི་ཐན།  ཅེར་ཅེ་སི་ཐན་གྱི་ས་ཁོངས་ཁག་གཅིག་ཀྱང་འདུས་པ་ཡིན་ལ།   སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི250ཡོད།

2  ས་ཁམས་གནས་ཡུལ།

མདོ་དབུས་མཐོ་སྒང་གི་མཐའ་སྐོར་ཏུ་རི་རྒྱུད་མང་བོ་ཡོད་ལ་མང་ཆེ་ཤས་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་བསྲིངས་འདུག   དེ་དག་བལྟོས་བཅས་ཀྱིས་མཐོ་སྒང་གི་ཕྱི་རོལ་ན་ཀྲོང་ངེར་ལངས་འདུག་པར་མ་ཟད། རེ་རེ་གནམ་ལ་ཟུག་ཡོད།   ལྷོ་ཕྱོགས་སུ་ཡོད་པའི་ཧི་མ་ལ་ཡ་རི་རྒྱུད་ཀྱི་རི་རྩེ་མང་བོ་འཛམ་གླིང་གི་རི་རྩེ་མཐོན་པོ་བཅུ་བོའི་གྲས་སུ་ཡོད་ལ་ལྷག་པར་དུ་ཇོ་མོ་གླང་མ་རི་རྩེ་ནི་འཛམ་གླིང་སྟེང་ཆེས་མཐོ་བའི་རི་རྩེ་ཡིན་ཏེ། རི་རྩེའི་མཐོ་ཚད་ལ་སྨི8844ཡོད།   མཐོ་སྒང་ནང་ཁུལ་དུ་བདེ་ཐང་ལས་གཞན་ད་དུང་རི་རྩེ་མང་བོ་མཐོ་ཞིང་གཟར་བ་ཡིན།  མཐོ་སྒང་དུ་གཞན་འཁྱགས་ཀླུང་དང་མཚེའུ། ས་མཐོའི་འདམ་གཞོང་སོགས་ཀྱང་ཡོད།  མདོ་དབུས་མཐོ་སྒང་ནི་གླིང་ཆེན་ཨེ་ཤ་ཡའི་གཙང་བོ་དང་ཆུ་བོ་ཆེན་པོ་དག་གི་མགོ་ཁུངས་ཡིན་ཏེ། འབྲི་ཆུ་དང་རྨ་ཆུ།  ཟླ་ཆུ།  རྒྱལ་མོ་རྔུལ་ཆུ།  ཡར་ལུང་གཙང་བོ་སོགས་ཀྱི་མགོ་ཁུངས་ཀྱང་འདི་ན་ཡོད།

མདོ་དབུས་མཐོ་སྒང་ནི་འཛམ་གླིང་སྟེང་ཆ་སྙོམས་མཚོ་འཕགས་ཆེས་མཐོ་བའི་མཐོ་སྒང་ཡིན།  སྲིད་འཛིན་ཁུལ་དབྱེ་མཚམས་ནས་བལྟས་ན།  ཀྲུང་གོའི་མངའ་ཁོངས་སུ་མདོ་དབུས་མཐོ་སྒང་ན་ཡོད་པའི་ལྗོངས་ཞིང6དང་རྫོང201ཡོད་དེ།  བོད་རང་སྐྱོང་ལྗོངས།  མཚོ་སྔོན་ཞིང་ཆེན་གྱི་རྫོང་འགའ་ཞིག་གི་ས་ཁུལ་ཁག་གཅིག  ཡུན་ནན་ཞིང་ཆེན་ནུབ་བྱང་ཁུལ་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།  སི་ཁྲོན་ཞིང་ཆེན་ནུབ་ཕྱོགས་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་རང་སྐྱོང་ཁུལ་གཉིས་དང་མུ་ལེ་བོད་རིགས་རང་སྐྱོང་རྫོང་།  ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།  དཔའ་རིས་བོད་རིགས་རང་སྐྱོང་རྫོང་།  སུའུ་ལྷོ་ཡུས་ཀུའུ་རིགས་རང་སྐྱོང་རྫོང་།  སུའུ་བྱང་སོག་རིགས་རང་སྐྱོང་རྫོང་།  ཨ་ཁོ་སའི་ཧ་སག་རིགས་རང་སྐྱོང་རྫོང་།  ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་པ་དབྱིན་ཀུའོ་ལེང་སོག་རིགས་རང་སྐྱོང་ཁུལ།  ཧོ་ཐེན་ས་ཁུལ།  ཁ་ཧྲེན་ས་ཁུལ་དང་ཁོ་ཙི་ལེ་སུའུ་ཁོར་ཁེ་ཙི་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་ཁག་གཅིག  ད་དུང་།  ཀྲུང་གོའི་མངའ་ཁོངས་ལས་གཞན་ཨེ་ཤ་ཡ་ལྷོ་མའི་འབྲུག་ཡུལ།  བལ་ཡུལ།  རྒྱ་གར།   ཕ་ཁི་སི་ཐན་དང་ཨེ་ཤ་ཡ་དབུས་མའི་སྐམ་སའི་ནང་ཁུལ་ས་ཁུལ་གྱི་ཨ་ཧྥུ་ཧན།  ཐ་ཅི་ཁེ་སི་ཐན།  ཅེར་ཅེ་སི་ཐན་གྱི་ས་ཁུལ་ཁག་གཅིག་ཀྱང་གཏོགས་པ་ཡིན།

ཀྲུང་གོའི་མངའ་ཁོངས་སུ་གཏོགས་པའི་མདོ་དབུས་མཐོ་སྒང་དེ་ནུབ་ནས་ཕ་སྨིར་མཐོ་སྒང་དང་ཤར་ནས་འཕྲེད་རྒྱུག་རི་བོ།  གཞུང་ཚད31བརྒྱུད་ཅིང་ཤར་ནུབ་ཀྱི་རིང་ཐུང་ལ་སྟོང་སྨི2945ཡོད།  ལྷོ་ཕྱོགས་ཧི་མ་ལ་ཡ་རི་རྒྱུད་ཀྱི་ལྷོ་ངོགས།  བྱང་ཕྱོགས་རི་བོ་ཁུ་ནུ་དང་རི་བོ་ཆི་ལེན་གྱི་བྱང་ངོས།   འཕྲེད་ཚད13བརྒལ་ཞིང་ལྷོ་བྱང་བར་སྟོང་སྨི1532ཡོད།  མངའ་ཁོངས་བྱང་གི་འཕྲེད་ཚད26°00'12''N--39°46'50''Nཤར་གྱི་གཞུང་ཚད73°18'52''E-104°46'59''E ཡིན།  སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི2572.4×10³དང་ཀྲུང་གོའི་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི26.8%ཟིན་ཡོད།    

3 རྒྱའི་མིང་གི་འགྱུར་བ།

བོད་ལྗོངས་མཐོ་སྒང་།(西藏高原) (དུས་རབས19ནས་དུས་རབས20བའི་ལོ་རབས50པ།)སྔར་ཡོད་ཀྱི་དཔྱད་ཡིག་གཞིར་བཟུང་ནས་དབྱེ་ཞིབ་བྱས་ན།  ཧང་ག་རི་རྒྱལ་ཁབ་ཀྱི་ས་གཤིས་རིག་པLoczy1899ཐེངས་དང་པོར་ཚད་དང་མཐུན་པའི་སྒོ་ནས་བོད་ལྗོངས་མཐོ་སྒང་གི་གནས་ཚུལ་ཞིབ་པར་བརྗོད་ཡོད་དེ།  བོད་ལྗོངས་མཐོ་སྒང་ནི་རི་བོ་ཁུ་ནུའི་ལྷོ་ཕྱོགས་དང་ཧི་མ་ལ་ཡ་རི་རྒྱུད་ཀྱི་བྱང་ཕྱོགས།  ནུབ་ཕྱོགས་ཀྱི་གཡག་རྭ་སྨུག་པོའི་རི་རྒྱུད་དང་ཤར་ཕྱོགས་འཕྲེད་རྒྱུག་རི་བོ་བར་གྱི་ས་ཁོངས་ལ་ངོས་འཛིན།

ལི་སི་ཀོང(སྤྱི་ལོ1939དང་སྤྱི་ལོ1953ལོར)ཀྲུང་གོའི་རང་བྱུང་ཁུལ་བགོ་དུས་བོད་ལྗོངས་མཐོ་སྒང་དུ་འབོད་ཅིང་ཁུ་ནུ་རི་བོ།  འཕྲེད་རྒྱུག་རི་བོ།  ཧི་མ་ལ་ཡ་རི་རྒྱུད་བཅས་ཀྱིས་སྐོར་བའི་འབྱོང་དབྱིབས་ཀྱི་མཐོ་སྒང་དེ་ལ་ངོས་འཛིན་པ་ཡིན།

ཞུས་དབྱི་ཁྲའོ་སྤྱི་ལོ1943ལོར་ཀྲུང་གོའི་ས་དབྱིབས་ས་ཁོངས་སྐོར་ལ་གྲོས་བསྡུར་བྱེད་དུས་བོད་ལྗོངས་མཐོ་སྒང་དུ་འབོད་པ་དང་ཁྱབ་ཁོངས་སུ་ཁམས་ཕྱོགས་དང་ཡུན་ནན་ས་ཁུལ་གྱི་གྲོག་རོང་དང་རི་ཁུལ།  མཚོ་སྔོན་མཐོ་སྒང་གི་གཤོང་ས་བཅས་མི་གཏོགས་པར་ངོས་འཛིན་བྱས་ཡོད།

མཚོ་ཁམས་བོད་མཐོ་སྒང་།(青康藏高原)(དུས་རབས20པའི་ལོ་རབས40པ།)

དུས་རབས20བའི་དུས་དཀྱིལ་ལ།  ཞུས་ཨེར་ཧའོ(སྤྱི་ལོ1945)། རེན་ནའེ་ཆང་།  ཁྲེང་ཧྲི་ཅན(སྤྱི་ལོ1949) “མཚོ་ཁམས་བོད་མཐོ་སྒང”ཞེས་པའི་མིང་འདི་བཏོན་པ་སྟེ། མཚོ་སྔོན--ཁམས་ནུབ--བོད་ལྗོངས་མཐོ་སྒང་ལ་ཟེར།  དེའི་ས་ཁོངས་ཀྱི་ཁྱབ་ཁོངས་ནི་བྱང་ཕྱོགས་ཀྱི་རི་བོ་ཁུ་ནུ--རི་བོ་ཆི་ལེན་དང་། ལྷོ་ཕྱོགས་ཀྱི་ཧི་མ་ལ་ཡ་རི་རྒྱུད།  ནུབ་ཀྱི་གཡག་རྭ་སྨུག་པོའི་རི་རྒྱུད།  ཤར་གྱི་འཕྲེད་རྒྱུག་རི་བོ།

མདོ་དབུས་མཐོ་སྒང་། (青藏高原)(དུས་རབས20བའི་ལོ་རབས50རྗེས་ཀྱི་ཚུན།)

རེན་མའེ་ཨེ(སྤྱི་ལོ1950། སྤྱི་ལོ1952། སྤྱི་ལོ1954། སྤྱི་ལོ1982)ཀྲུག་ཡན་རོའུ་དང་ཧྲི་ཡ་ཧྥུན།   ཁྲིན་ཧྲོའོ་ཕིན(སྤྱི་ལོ1956)། ཧང་པུན་ཝའེ(སྤྱི་ལོ1959)དང་ཞུས་ཅིན་ཀྲི(སྤྱི་ལོ1960)སོགས་ཀྱིས་སྔ་རྗེས་སུ་ མདོ་དབུས་མཐོ་སྒང་ཞེས་པའི་ཐ་སྙད་འདི་དང་ས་ཁོངས་ཀྱི་ཁྱབ་ཁོངས་བཏོན་པ་ཡིན།  མཐོ་སྒང་གི་ཁྱབ་ཁོངས་གོང་མ་རྣམས་དང་ཕལ་ཆེར་གཅིག་མཚུངས་ཡིན།  བྱང་ཕྱོགས་ཀྱི་རི་བོ་ཁུ་ནུ--རི་བོ་ཆི་ལེན།  ལྷོ་ཕྱོགས་ཀྱི་ཧི་མ་ལ་ཡ་རི་རྒྱུད།  ནུབ་ཀྱི་ཕ་སྨིར་མཐོ་སྒང་།  ཤར་གྱི་འཕྲེད་རྒྱུག་རི་བོ།  ཡིན་ཡང་།   ཚྭ་འདམ་གཞོང་ས་དང་མཐོ་སྒང་མཐའ་བསྐོར་གྱི་རི་ཁུལ་དེའི་ཁོངས་སུ་གཏོགས་མིན་ལ་རྩོད་གླེང་བྱུང་ཡོད།  《ཀྲུང་གོའི་ས་བྱད་དབྱེ་ཁུལ》གྱི་ཐོག་མའི་མ་ཡིག་ཏུ་སྤྱི་ལོ1959ལོར་མདོ་དབུས་མཐོ་སྒང་ལ་ མདོ་དབུས་རི་སྒང་དུ་འབོད་ལ།  བོད་ལྗོངས་རི་སྒང་དུའང་འབོད་པ་ཡིན།

དུས་རབས20བའི་དུས་དཀྱིལ་ནས་མདོ་དབུས་མཐོ་སྒང་ཞེས་པའི་མིང་འདི་ཡོངས་ཁྱབ་ཀྱིས་བཀོལ་སྤྱོད་བྱས་པ་དེས་བོད་ལྗོངས་མཐོ་སྒང་ཞེས་པའི་དོན་སྤྱི་འདིས་མདོ་དབུས་མཐོ་སྒང་གི་ཁག་གཅིག་སྟོན་པ་ཡིན་ཏེ། ཆ་སྙོམས་མཚོ་འཕགས་སྨི4500བརྒལ་བ་དང་ཆེས་མཐོ་བའི་མཚོ་འཕགས་སྨི8800ཡོད་པ།  གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་ན་ཡོད་ཅིང་འཛམ་གླིང་ཡང་རྩེའི་གྲུབ་ཆ་གཙོ་བོ་ཡིན།  མདོ་དབུས་མཐོ་སྒང་དང་བོད་ལྗོངས་མཐོ་སྒང་གཉིས་ནི་ཁྱབ་ཁོངས་མི་འདྲ་བའི་ས་ཁམས་རིག་པའི་དོན་སྤྱི་ཡིན།  ཡིན་ཡང་།  ཕྱིའི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་དུས་རབས20བའི་དུས་མགོར་བེད་སྤྱད་པའི་ཐ་སྙད་འདི་སྤྱོད་བཞིན་ཡོད་ལ་བོད་ལྗོངས་མཐོ་སྒང་ཞེས་པ་མདོ་དབུས་མཐོ་སྒང་ཧྲིལ་བོ་ལ་ངོས་འཛིན་བྱེད་བཞིན་ཡོད།  ཀྲུང་གོའི་ཚན་རིག་ཞིབ་འཇུག་ཁང་གིས་ཕྱིའི་རྒྱབ་ཁབ་ལ་བོད་ལྗོངས་མཐོ་སྒང་ཞེས་པ་དེ་མདོ་དབུས་མཐོ་སྒང་དུ་བསྒྱུར་བཞིན་ཡོད།

4 ནམ་ཟླའི་ཁྱད་ཆོས།

མདོ་དབུས་མཐོ་སྒང་ས་བབ་ཧ་ཅང་མཐོ་བས་ཁ་དབུགས་དཀོན་ཞིང་སྐམ་ཤས་ཆེ། ཉི་འོད་འཕྲོ་ཚད་ཤུགས་དྲག་ལ།  དྲོད་ཚད་ཅུང་དམའ་བ་ཡིན། ས་དབྱིབས་རྙོག་འཛིང་དང་འགྱུར་ལྡོག་ཆེ་བས་མཐོ་སྒང་གི་ནམ་ཟླའང་མ་གཞི་ནས་ས་ཁུལ་མི་འདྲ་བར་བསྟུན་ནས་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད།  སྤྱིའི་ངོས་ནས་བཤད་ན་ མདོ་དབུས་མཐོ་སྒང་དུ་ཆར་ཆུ་ཧ་ཅང་དཀོན་པོ་རེད།

གནའ་བོའི་སྐྱེ་དངོས་རིག་པ་དང་ས་གཤིས་རིག་པས་རྟོག་ཞིབ་བྱས་མཐར་ མདོ་དབུས་མཐོ་སྒང་ས་ངོས་སུ་ཡར་འཕགས་པ་དེས་སའི་གོ་ལ་ཧྲིལ་བོའི་ནམ་ཟླ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ར་སྤྲོད་དང་བདེན་དཔང་བྱས་ཡོད།   མདོ་དབུས་མཐོ་སྒང་གི་ས་དབྱིབས་བྱེད་ནུས་ཀྱིས་སའི་གོ་ལའི་ཕྱེད་ལྷོ་མའི་ཆུ་རླངས་སུའོ་མ་ལིའི་དྲག་བཞུར་མཚོ་རྒྱུན་བརྒྱུད་དེ་སའི་གོ་ལའི་ཕྱེད་བྱང་མར་སླེབས་པའི་རྗེས་སུ་བསྐོར་ནས་བཞུར་པ་དང་གྱེན་ལ་འཛེག་པའི་སྣང་ཚུལ་བྱུང་སྟེ།  ཆུ་རླངས་ཁག་གཅིག་བསྐོར་བཞུར་གྱིས་ཨེ་ཤ་ཡ་ཤར་ཕྱོགས་སུ་ཐོན་ཏེ་ཨེ་ཤ་ཡ་ཤར་མའི་ཆར་དུས་སུ་ཆར་ཆུ་འབབ་པ་ཡིན།  ཡང་ཁག་གཅིག་མཐོ་སྒང་གི་ཚ་ཤུགས་ཀྱིས་འཐེན་པའི་བྱེད་ནུས་ཀྱི་འོག་ཏུ་མཐོ་སྒང་གི་ཤར་ལྷོའི་ཕྱོགས་འདུས་ཏེ་ཆར་ཆུ་འབབ་པ་ཡིན།  མདོ་དབུས་མཐོ་སྒང་དེ་མཐོ་ཞིང་ཆེ་བའི་རླུང་འགོག་གི་སྒྲིབ་དངོས་ཤིག་དང་འདྲ་བར་བྱང་ཕྱོགས་སྐམ་སའི་མཁའ་རླུང་གྲང་མོ་བཀག་སྟེ་ཨེ་ཤ་ཡ་ལྷོ་མར་རྒྱུ་མི་ཐུབ་པ་ཡིན།  དེ་དང་མཉམ་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་ལྷོ་ཕྱོགས་ཀྱི་བརླན་གཤེར་ལྡན་པའི་མཁའ་རླུང་བྱང་ཕྱོགས་སུ་རྒྱུ་བ་བཀག་སྟེ་ཨེ་ཤ་ཡ་ལྷོ་མའི་ཆར་དུས་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད།

ཀྲུང་གོའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་བར་ཝོན་སྒང་སའི་གོ་ལ་ཧྲིལ་བོའི་རླུང་ཁམས་ཆེན་མོ་གཞི་རྩའི་ལྟ་ཞིབ་ཚོད་ལེན་ས་ཚུགས་ཀྱིས་ར་སྤྲོད་བྱས་པ་ལྟར་ན།  མདོ་དབུས་མཐོ་སྒང་གི་རླུང་ཁམས་ཆེན་མོ་ཁྲོད་དུ་དབྱང་གཉིས་ཐཱན་རྫས་ཀྱི་འདུས་ཚད་ལོ་རེའི་ཆ་སྙོམས་ཚད1994ལོའི360ppmནས2013ལོའི395ppmལ་འཕེལ།   10%ཇེ་མཐོར་སོང་འདུག  མདོ་དབུས་མཐོ་སྒང་གིས་ཀྲུང་གོའི་བར་སྣང་དམའ་མོའི་ནུབ་རླུང་རླུང་རྒྱུན་བཀག་པ་དེ་ལྷོ་བྱང་རླུང་རྒྱུན་ཡན་ལག་གཉིས་སུ་དབྱེ་སྟེ།  བྱང་གི་རླུང་རྒྱུན་ཡན་ལག་དེ་ཀྲུང་གོའི་ནུབ་བྱང་དང་ཧྭ་བྱང་།  བྱང་ཤར།  ཧྭ་ཤར་བཅས་བརྒྱུད་དེ་ཞི་བདེ་རྒྱ་མཚོ་ཆེན་མོའི་ནང་རྒྱུ་བ་ཡིན།  ལྷོའི་རླུང་རྒྱུན་ཡན་ལག་དེ་ མདོ་དབུས་མཐོ་སྒང་གི་ལྷོ་མཐའ་ནས་དྲོད་ཚད་ཅུང་མཐོ་ཞིང་བརླན་གཤེར་ཅུང་ཆེ་བའི་ལྷོ་ནུབ་རླུང་རྒྱུན་དུ་གྱུར་ཏེ་ཀྲུང་གོའི་སི་ཁྲོན་དང་ཡུན་ནན།  ཀུའེ་ཀྲོའུ། ཧྭ་ལྷོ་དང་འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་ས་ཁུལ་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

དགུན་ཁར། ཀྲུང་གོའི་ས་ངོས་ལ་ཉེ་བའི་ནུབ་རླུང་དྲག་བཞུར་དེ་ལྷོ་ཕྱོགས་སུ་ནུར་བ་ཡིན།  དེ་ལས་བྱང་གི་ཡན་ལག་རླུང་རྒྱུན་ལ་ས་ངོས་ནས་མདོ་མཐོ་སྒང་གིས་འགོག་ཤུགས་ཇེ་ཆུང་དུ་སོང་བས་ཀྲུང་གོའི་བྱང་ཕྱོགས་ཀྱི་རྒྱ་ཆེ་བའི་ས་ཁུལ་གྱི་ནམ་ཟླ་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ་བ་ཡིན།  ལྷོའི་ཡན་ལག་རླུང་རྒྱུན་ཤུགས་ཆེ་རུ་འགྲོ་བ་དང་ཁུན་མིང་ཀུའེ་དབྱང་ནས་ལྷོ་ཕྱོགས་སུ་ནུར་བའི་མཁའ་རླུང་འཁྱགས་པ་དང་འཕྲད་པས།  སི་ཁྲོན་དང་ཀུའེ་ཀྲོའུ།  ཧན་ཅང་གཙང་བོའི་འབབ་རྒྱུད་དང་ཐ་ན་ཧྲན་ཏུང་།  ལིའི་ཉིང་ཁུལ་དུའང་ཁ་བ་ཆེན་པོ་འབབ་པ་ཡིན།   དབྱར་ཁར།  ཀྲུང་གོའི་ས་ངོས་ལ་ཉེ་བའི་ནུབ་རླུང་དྲག་བཞུར་དེ་བྱང་ཕྱོགས་སུ་ནུར་བ་ཡིན།  དེ་ལས་ལྷོའི་ཡན་ལག་རླུང་རྒྱུན་ལ་ས་ངོས་ནས་ མདོ་དབུས་མཐོ་སྒང་གིས་འགོག་ཤུགས་ཇེ་ཆུང་དུ་སོང་བས་ཧི་མ་ལ་ཡའི་རི་རྒྱུད་ལྷོ་མཐའི་ས་ཁུལ་ཁ་ཤས་ཀྱི་རླུང་ཤུགས་ཇེ་ཆུང་དུ་འགྲོ་བ་དང་ནམ་ཟླ་ཆེས་གཏན་འཇགས་ཡིན།  དེ་ལས་བྱང་གི་ཡན་ལག་རླུང་རྒྱུན་དེ་ལས་ལྡོག་པ་ཡིན།  ལྷོ་ནུབ་དུས་རླུང་གི་ཤུགས་ཆེ་རུ་འགྲོ་བ་དང་བསྟུན་ནས་དྲོད་ཅིང་བརླན་གཤེར་ཆེ་བའི་ལྷོ་ནུབ་དུས་རླུང་དེས་འབྲི་ཆུའི་འབབ་རྒྱུད་དང་ཀྲུའུ་ཅང་གཙང་བོའི་འབབ་རྒྱུད་ས་ཁུལ་དུ་གནམ་ཆུ་མོད་པོ་བསྐྱལ་ཡོང་བ་ཡིན།  མདོ་དབུས་མཐོ་སྒང་བྱང་ཁུལ་གྱི་རླུང་རྒྱུན་དེས་ཀྲུང་གོའི་ནམ་ཟླ་ལ་ཤུགས་རྐྱེན་ཐེབས་པ་མངོན་གསལ་ཡིན།  དཔེར་ན།  དཔྱིད་དུས་སུ་ཀྲུང་གོའི་ནུབ་བྱང་རླུང་འཁྱིལ་གྱི་འགུལ་སྐྱོད་ཇེ་མང་དུ་འགྲོ་བ་ཡིན།

དགུན་ཁར།  འཕྲེད་ཚད་མཐོ་བའི་ས་ཁུལ་གྱི་མཁའ་རླུང་མདོ་དབུས་མཐོ་སྒང་བརྒལ་དཀའ་བས།  མདོ་དབུས་མཐོ་སྒང་གི་ལྷོ་ཕྱོགས་ས་ཁུལ་དུ་དགུན་དུས་རླུང་གིས་ཤུགས་རྐྱེན་ཐེབས་པ་ཅུང་ཆུང་བ།  དྲོད་ཚད་མར་ལྷུང་ཚད་མི་ཆེ་བ།   དབྱར་ཁར།  ཧིན་རྡུ་རྒྱ་མཚོ་ཆེན་པོ་ནས་ཐོན་པའི་ལྷོ་ནུབ་དུས་རླུང་ཉུང་ཤས་མ་གཏོགས་མདོ་དབུས་མཐོ་སྒང་བརྒལ་ཏེ་ཀྲུང་གོའི་ནུབ་བྱང་ཁུལ་དུ་ཐོན་མི་ཐུབ་པས་ཀན་སུའུ་དང་ཞིན་ཅང་རྒྱུད་ཀྱི་ཐན་པའི་ནམ་ཟླ་བྱུང་བ་ཡིན།  སི་ཁྲོན་གཤོང་སའི་རྒྱུད་དུ་དགུན་ཁར་མདོ་དབུས་མཐོ་སྒང་གི་འགོག་ནུས་ཀྱི་ཤུགས་རྐྱེན་ཅུང་ཆེ་བས་རླུང་གི་མགྱོགས་ཚད་ཇེ་དལ་དུ་འགྲོ་བ་དང་མཁའ་དབུགས་ཀྱི་བརླན་ཚད་ཅུང་ཆེ་བ་ཡིན།   དེའི་ཐོག་ས་དབྱིབས་ཤུགས་རྐྱེན་འོག་སྤྲིན་མང་བོའི་གནམ་གཤིས་འབྱུང་སླ་བ་ཡིན།  དབྱར་ཁར།  མདོ་དབུས་མཐོ་སྒང་གི་རྒྱབ་ངོས་སུ་ཡོད་པས། གལ་ཏེ་ལྷོ་ནུབ་བརླན་གཤེར་རླུང་རྒྱུན་ལྷོ་ཕྱོགས་སུ་ཐད་རྒྱུག་བྱས་ན་ཤར་ལྷོའི་དུས་རླུང་གི་ཤུགས་ཇེ་ཆུང་དུ་སོང་བས་ཐན་པ་བྱུང་བ་ཡིན། 

མདོ་དབུས་མཐོ་སྒང་ས་ངོས་ནས་ཡར་འཕགས་པ་དེས་ཀྲུང་གོའི་ཤར་རྒྱུད་ས་ཁུལ་དུ་བལྟོས་བཅས་ཀྱིས་རང་རྐྱ་ཐུབ་པའི་ནམ་ཟླའི་སྡེ་ཚན་ཞིག་གྲུབ་ཡོད།  དེས་ཀྲུང་གོའི་སྐམ་མཚོའི་ཚ་ཤུགས་རང་བཞིན་གྱི་ཁྱད་པར་སྔར་ལས་མངོན་གསལ་དུ་བཏང་ཡོད།  ས་བབ་མཐོ་བའི་དབང་གིས།  དབྱར་ཁར།  མདོ་དབུས་མཐོ་སྒང་མཁའ་དབྱིངས་ཀྱི་རླུང་ཁམས་ལ་ཚ་བ་ཕོག་པ་མགྱོགས་པ།  རླུང་རྒྱུན་ཡར་འཕྱུར་བ།  རླུང་གནོན་མར་ལྷུང་བ་སོགས་ཀྱིས་སྐམ་སའི་ཐོག་རླུང་གནོན་དམའ་མོ་བྱུང་བར་སྐུལ་འདེད་བྱས་ཡོད།  དེ་བས་རྒྱ་མཚོ་ནས་སྐམ་སར་གཡུག་འོང་བའི་དབྱར་དུས་རླུང་ཤུགས་ཇེ་ཆེར་སོང་སྟེ་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་དང་ལྷོ་ཕྱོགས་ལའང་ཤུགས་རྐྱེན་ཐེབས་ཀྱིན་འདུག  དགུན་ཁར། མདོ་དབུས་མཐོ་སྒང་མཁའ་དབྱིངས་ཀྱི་རླུང་ཁམས་དྲོད་ཚད་མགྱོགས་མྱུར་ངང་མར་ལྷུང་བ།  རླུང་རྒྱུན་མར་འབབ་པ།   སྐམ་སའི་རླུང་མཐོ་གནོན་ཇེ་ཆེར་སོང་སྟེ་རླུང་རྒྱུན་སྐམ་ས་ནས་རྒྱ་མཚོར་གཡུག་པར་སྐུལ་འདེད་བྱས་པ་ཡིན།

མདོ་དབུས་མཐོ་སྒང་ས་ངོས་ནས་ཡར་འཕགས་པ་དེས་ཀྲུང་གོའི་ཤར་རྒྱུད་དུ་བལྟོས་བཅས་ཀྱིས་རང་རྐྱ་ཐུབ་པའི་དུས་རླུང་ནམ་ཟླ་ཁུལ་གྲུབ་ཡོད་པ་དེའི་རྒྱ་མཚོའི་རླུང་འཚུབ་ཀྱི་ཤུགས་རྐྱེན་འོག་ཀྲུང་གོའི་ཧྭ་ལྷོའི་ས་ཁུལ་དུ་གནམ་ཆུ་ཕུན་སུམ་ཚོགས་པོ་ཡོད་པ་དང་།  ཚ་རྒྱུད་བར་མའི་མཐོ་གནོན་གྱིས་ཚོད་འཛིན་འོག་ནས་བྱེ་མར་གྱུར་བའི་ལས་དབང་ལས་ཐར་ཏེ།  བྱང་ཉི་མ་ལྡོག་ཐིག་སྟེང་གི་མཐའ་ཡས་པའི་བྱེ་ཐང་སྤང་ལྗོངས་སུ་གྱུར་ཡོད།  མདོར་ན། མདོ་དབུས་མཐོ་སྒང་ས་ངོས་ནས་འབུར་བ་དེས་མདོ་དབུས་མཐོ་སྒང་དུ་དམིགས་བསལ་གྱི་ནམ་ཟླ་ཞིག་གྲུབ་ཡོད་པར་མ་ཟད།  ཀྲུང་གོའི་ནམ་ཟླ་ལའང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད་ལ། ཀྲུང་གོའི་ནམ་ཟླ་རྙོག་འཛིང་ཆེ་ཞིང་སྣ་མང་དུའང་བཏང་ཡོད།

མཐོ་ཚད་ཀྱི་དབང་གིས་མདོ་དབུས་མཐོ་སྒང་གི་ཁ་དབུགས་སྐམ་ཤས་ཆེ་ཞིང་ཉུང་བ་དང་། ཉི་འོད་ཁྱབ་འབྱེད་ཅུང་ཤུགས་དྲག་པ།  དྲོད་ཚད་ཅུང་དམའ་བ། ས་དབྱིབས་རྙོག་འཛིང་དང་འགྱུར་ལྡོག་ཆེ་བས་མདོ་དབུས་མཐོ་སྒང་གི་ནམ་ཟླ་རང་སྟེང་ནས་ས་ཁུལ་མི་འདྲ་བ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད།  སྤྱིའི་ཆ་ནས་མཐོ་སྒང་དུ་ཆར་ཆུ་ཧ་ཅང་ཉུང་བ་ཡིན།

མདོ་དབུས་མཐོ་སྒང་རང་སྟེང་གིས་ཀྱང་སའི་གོ་ལའི་ནམ་ཟླ་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད། གནའ་བོའི་སྐྱེ་དངོས་རིག་པ་དང་ས་གཤིས་རིག་པས་རྟོག་ཞིབ་བྱས་པ་ལྟར་ན།  མདོ་དབུས་མཐོ་སྒང་གྱེན་དུ་འཕགས་པ་དེས་སའི་གོ་ལའི་ནམ་ཟླ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མཐོ་ཞིང་ཆེ་བའི་རླུང་འགོག་གི་ཡོལ་བ་དེས་ནུས་ལྡན་གྱི་སྒོ་ནས་བྱང་ཕྱོགས་སྐམ་སའི་ཁ་དབུགས་འཁྱགས་པ་བཀག་ཡོད་པས། མཁའ་རླུང་འཁྱགས་པ་དེ་ཨེ་ཤ་ཡ་ལྷོ་མར་ཐོན་མི་ཐུབ།  དུས་མཚུངས་སུ་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་ཀྱང་ལྷོ་ཕྱོགས་རྒྱ་མཚོ་ཐོག་གི་དྲོད་འཇམ་ལྡན་ཞིང་བརླན་གཤེར་ཆེ་བའི་ཁ་དབུགས་བྱང་ཕྱོགས་སུ་རྒྱུ་བ་བཀག་སྟེ་ཨེ་ཤ་ཡ་ལྷོ་ཕྱོགས་སུ་ཆར་དུས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད།

ས་བབ་མཐོ་བའི་རྐྱེན་གྱིས། ས་ཁུལ་མང་ཆེ་བར་ཚ་ཚད་ཀྱིས་མི་འདང་བ་དང་། མཐོ་ཚད་སྟོང་སྨི4500ཡན་བརྒལ་བའི་ས་ཆའི་ཟླ་རེའི་ཆ་སྙོམས་དྲོད་ཚད10℃ལའང་ཐོན་མེད། ལྟོས་མེད་ཀྱི་སད་མེད་དུས་སྐབས་མེད་པ་ཡིན།  འབྲུ་རིགས་སྨིན་དཀའ་བར་ཕྱུགས་འཚོ་བ་ལ་འཚམ་པོ་ཡོད།  སྒོ་ཕྱུགས་གཙོ་བོ་མཐོ་གྲང་ཐུབ་པའི་ནོར་གནག་དང་ལུག  ར་མ།  རྟ་སོགས་ཡིན། མཚོ་འཕགས་སྟོང་སྨི4200མན་ཆད་ཀྱི་ལུང་གཞུང་དུ་ནས་དང་གྲོ  ཞོག་ཁོག  སྲན་མ། སྐེ་ཚེ།  ཡུངས་དཀར་སོགས་མཐོ་གྲང་ཐུབ་པའི་འབྲུ་རིགས་འདེབས་འཛུགས་བྱས་ཆོག་ལ། ཡར་ལུང་གཙང་བོའི་ལུང་གཞུང་ཁུལ་ནི་འཕྲེད་ཚད་དམའ་བས་དགུན་དུས་གྲང་ངར་དེ་འདྲ་ཆེ་རྒྱུ་མེད་པར་དགུན་གྲོ་གདབ་ཆོག་པ་ཡིན།  ཉི་འོད་ཕོག་པའི་ཆ་རྐྱེན་ལེགས་པ་དང་དབྱར་དཔྱིད་གཉིས་སུ་དྲོད་ཚད་ཅུང་དམའ་བས་གྲོ་སྐྱེ་འཚར་གྱི་དུས་ཡུན་ཇེ་རིང་དུ་བཏང་ཡོད་པ་དང་། ལྷ་སའི་དགུན་གྲོ་མུའུ་རེའི་ཐོན་ཚད་རྒྱ་མ1638ཟིན་ཐོ་ཡོད།

5 ས་གཤིས་གྲུབ་ཚུལ།

མདོ་དབུས་མཐོ་སྒང་ནི་ཀྲུང་གོའི་ས་བབ་སྐས་རིམ་དང་པོར་ཡོད་ལ།  མཐོ་སྒང་གི་ཆ་སྙོམས་མཚོ་འཕགས་སྨི4000ནས5000ཡིན།  སྤྱིའི་ཆ་ནས་བལྟས་ན། མདོ་དབུས་མཐོ་སྒང་གི་ཤར་དང་བྱང་ནས་ས་བབ་མར་བབས་ཡོད་དེ།  བྱང་ཕྱོགས་སུ་རྒྱལ་མཚམས་སུ་ཐོན་ཞིང་ཤར་ཕྱོགས་སུ་རི་བོ་ཞིན་ཨན་ལིང་།  རི་བོ་ཐའེ་ཧང་ཧྲན།  རི་བོ་ཧྥུ་ཉིའུ་ཧྲན།  རི་བོ་ཝུའུ་ཏང་།  རི་བོ་ཝུའུ་ལིན་མཚམས་ཐིག་གི་རྒྱ་ཆེ་བའི་ས་ཁུལ་ཡིན།  འདི་ལས་རི་ཁུལ་ཉུང་ཤས་མ་གཏོགས་ས་བབ་སྨི3000མར་བབས་ཡོད་ལ།  གཤོང་ས་འགའ་ཤས་ཀྱི་མཐོ་ཚད་སྨི1000ཡས་མས་ཡིན།  འདི་ནི་ས་བབ་སྐས་རིམ་གཉིས་པ་ཡིན།  དེ་ནས་ཤར་དུ་ས་བབ་དེ་ལས་དམའ་བ་ཡིན་ལ།   གཙོ་བོ་རི་མ་ཐང་དང་རི་དམའ་མོས་གྲུབ་པ་ཡིན།  མཚོ་རྒྱུད་ཀྱི་རི་ཁུལ་འགའ་ཤས་མ་གཏོགས་མཚོ་འཕགས་སྨི1500མན་ཆད་ཡིན་ལ།  ཤར་ཕྱོགས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་པོའི་མཐོ་ཚད་སྨི200ཐོན་མེད་པ་དང་།  རྒྱ་མཚོའི་ཕྱོགས་སུ་གཏིང་ཐུང་རྒྱ་མཚོའི་རྒྱ་མཚོར་བརྒྱངས་པའི་ས་སྒྲོམ་ཏུ་བསྲིངས་འདུག  འདི་ནི་ས་བབ་སྐས་རིམ་གསུམ་པ་ཡིན།  ས་བྱད་ཁྱབ་ཚུལ་གྱི་ཁྱད་ཆོས་འདི་ལྟ་བུ་བྱུང་བ་ནི་གསར་ཐོན་དུས་རབས་སུ་ མདོ་དབུས་མཐོ་སྒང་ཤུགས་དྲག་པས་ས་ངོས་ནས་ཡར་འབུར་བ་ལ་འབྲེལ་བ་དམ་པོ་ཡོད་དེ།  ས་བྱད་སོ་སོའི་སྐས་རིམ་གྱི་བར་མཚམས་སུ་གྲུབ་ཚུལ་གསར་བའི་གས་སྲུབས་ཁྱབ་ཚུལ་གྱི་གནས་ཡུལ་ཡོད།  ལེ་བར་སྟོང་དུ་བསྲིངས་པའི་རི་རྒྱུད་ཆེན་པོ་མང་བོའི་འགྲོ་ཕྱོགས་ལ་གས་སྲུབས་གྲུབ་ཚུལ་ཐིག་གིས་ཚོད་འཛིན་ཐེབས་ཡོད།

མདོ་དབུས་མཐོ་སྒང་གི་ས་གཤིས་ལོ་རྒྱུས་ད་ནས་ཡར་ལྡོག་འདེད་བྱས་ན་ལོ་དུང་ཕྱུར4ནས5སྔོན་གྱི་ཨོ་ཐོའི་དུས་རབས་སུ་གཏུགས་ཐུབ་པ་ཁུངས་ལུང་བཙན་པོས་བདེན་དཔང་བྱེད་ཐུབ།  དེའི་རྗེས་སུ་མཚོ་བོད་ས་ཁུལ་ཁག་སོ་སོ་སྔོན་ཆད་ཚད་མི་འདྲ་བའི་ས་ཤུན་འཕར་ཆག་བྱུང་ཡོད་ལ།  སྐབས་རེར་མཚོ་ཆུས་བསྣུབས་པ་དང་མཚམས་རེར་སྐམ་སར་གྲུབ་པ་ཡིན་ངེས།  ལོ་དུར་ཕྱུར2.8སྔོན་ལ(ས་གཤིས་ལོ་རབས་ཀྱི་ཉིས་བརྩེགས་དུས་རབས་སྔ་མ)དེང་དུས་ཀྱི་ མདོ་དབུས་མཐོ་སྒང་ནི་རྦ་རླབས་དྲག་ཏུ་འཕྱོ་བའི་རྒྱ་མཚོ་ཆེན་མོ་ཞིག་ཡིན།  རྒྱ་ཆེ་བའི་མཚོ་ཁོངས་འདི་ནི་དེང་དུས་ཀྱི་ཡ་ཡོབ་སྐམ་ས་ཆེན་པོའི་ལྷོ་ཕྱོགས་ས་ཁུལ་དུ་ཡོད།  དེ་ཨ་ཧྥེ་རི་ཁ་གླིང་གི་བྱང་ཕྱོགས། ཡོ་རོབ་གླིང་གི་ལྷོ་ཕྱོགས།  ཨེ་ཤ་ཡ་ནུབ་མ།  ཨེ་ཤ་ཡ་ཤར་ལྷོའི་མཚོ་ཁོངས་དང་འབྲེལ་མཐུད་བྱས་ཡོད།  དེ་ལ“ཐེ་ཐི་སི་རྒྱ་མཚོ”དང“གནའ་བོའི་ས་དབུས་རྒྱ་མཚོ”འབོད། སྐབས་དེའི་ཐེ་ཐི་སི་རྒྱ་མཚོའི་ས་ཁུལ་གྱི་ནམ་ཟླ་དྲོ་འཇམ་ལྡན་པས་རྒྱ་མཚོའི་སྐྱེ་དངོས་དང་སྲོག་ཆགས་དར་རྒྱས་ཆེ་བའི་ས་ཁོངས་སུ་གྱུར་ཡོད། དེའི་ལྷོ་བྱང་ལོགས་གཉིས་ནི་སྔར་ནས་ཁ་བྲལ་དུ་སོང་བའི་གནའ་བོའི་སྐམ་ས་ཆེན་པོ་ཡིན།  ལྷོ་ཕྱོགས་ལ་ཀང་ཝ་ན་སྐམ་ས་ཆེན་པོ་ཟེར་ཞིང་དེའི་ཁོངས་སུ་ལྷོ་ཨ་མེ་རི་ཁ་གླིང་དང་ཨ་ཧྥེ་རི་ཁ་གླིང་།  ཨོ་སི་ཁྲུ་ལི་ཡ། ལྷོ་སྣེ་གླིང་དང་ཨེ་ཤ་ཡ་ལྷོ་མའི་སྐམ་ས་ཆེན་པོ་ཕལ་བ་བཅས་འདུས།  བྱང་ཕྱོགས་ཀྱི་སྐམ་ས་ཆེན་པོར་ཡ་ཡོབ་སྐམ་ས་ཆེན་པོ་ཟེར་ལ། ལའོ་ཡ་སྐམ་ས་ཆེན་པོའང་འབོད། དེའི་ཁོངས་སུ་གླིང་ཆེན་ཡོ་རོབ་དང་གླིང་ཆེན་ཨེ་ཤ་ཡ།  གླིང་ཆེན་མེ་གླིང་བྱང་མ་བཅས་འདུས།

ལོ་དུང་ཕྱུར2.4སྔོན་ལ། གླིང་དུམ་འགུལ་བསྐྱོད་ལས་གྱེས་པའི་ཧིན་རྡུའི་གླིང་དུམ་ཅུང་མགྱོགས་པའི་མྱུར་ཚད་ཀྱིས་བྱང་ཕྱོགས་སུ་འགུལ་བསྐྱོད་དང་བཙུར་གནོན་འོག་ཏུ།  བྱང་ཕྱོགས་སུ་ལྟེབ་རྩེག་གས་སྲུབས་དང་མཐོར་འདེགས་ཤུགས་དྲག་བྱུང་བས། ཁུ་ནུ་རི་བོ་དང་ཨ་ཆེན་གངས་རྒྱབ་ས་ཁུལ་འབུར་དུ་ཐོན་ནས་སྐམ་སར་གྱུར་བ་རེད། ཧིན་རྡུའི་གླིང་དུམ་མུ་མཐུད་དུ་བྱང་ཕྱོགས་སུ་འགུལ་བསྐྱོད་བྱས་ཏེ་གནའ་བོའི་རྒྱ་མཚོའི་ས་ཤུན་འོག་ཏུ་འཛུལ་བར་མ་ཟད། གནའ་བོའི་རྒྱ་མཚོའི་ས་ཤུན་གས་སྲུབས་བསྟུད་མར་བྱུང་བར་སྐུལ་འདེད་བྱས། ཧ་ལམ་ལོ་ངོ་དུང་ཕྱུར2.1སྔོན་ལ། ཐེ་ཐི་སི་རྒྱ་མཚོའི་བྱང་ཕྱོགས་ཡང་བསྐྱར་ས་གཤིས་ཆགས་ཚུལ་འཁྲུག་པོའི་དུས་སྐབས་སུ་ཐོན། བྱང་ཐང་ས་ཁུལ། གཡག་རྭ་སྨུག་པོ། གདང་ལ་རི་བོ། འཕྲེད་རྒྱུག་རི་བོ་སོགས་རྒྱ་མཚོས་རློན་པ་དང་བྲལ་བ་ཡིན། ད་ནས་ལོ་ངོ་ཁྲི8000སྔོན་ལ། ཧིན་རྡུའི་གླིང་དུམ་མུ་མཐུད་དུ་བྱང་ཕྱོགས་སུ་རྒྱང་སྐྱོད་བྱས་པས་ཡང་བསྐྱར་ས་གཤིས་ཆགས་ཚུལ་འགུལ་བསྐྱོད་ཤུགས་དྲག་པོ་བྱུང་བར་བཅུག གངས་ཏེ་སེ། གཉན་ཆེན་ཐང་ལྷ། གདང་ལ་རི་བོའི་ས་ཁུལ་འཕྲལ་དུ་ཡར་འཕགས་ཤིང་བྱང་ཐང་ས་ཁུལ་དང་ལྷོ་ཁ་ས་ཁུལ་གྱི་ཁག་ཅིག་ཀྱང་རྒྱ་མཚོ་དང་ཁ་བྲལ་ཏེ་སྐམ་སར་གྱུར་བ་རེད།  ས་བབ་ཁོད་ཡངས་ཤིང་གཟར་ཚད་ཆུང་བ། ཆུ་རྒྱུན་འཕྲེད་གཞུང་དྲ་བ་ལྟར་ཆགས་པ། མཚེའུ་མང་བོ་ཁྱབ་པ་སོགས་ཀྱི་བར་ན་ཡངས་ཤིང་རྒྱ་ཆེ་བའི་བདེ་ཐང་ཡོད། མཁའ་དབུགས་བརླན་གཤེར་ཆེ་བ། ནགས་ཚལ་ཚང་ཚིང་དུ་ཡོད་པ།  རྩ་བའི་ཆ་ནས་མཐོ་སྒང་གི་ས་བྱད་རྣམ་པ་གྲུབ་འདུག  ས་གཤིས་རིག་པ་ཚོས་མཐོ་སྒང་ཡར་འཕགས་པའི་ཆགས་ཚུལ་འགུལ་བསྐྱོད་འདི་ལ་ཧི་མ་ལ་ཡའི་འགུལ་སྐྱོད་ཟེར།  མདོ་དབུས་མཐོ་སྒང་ཡར་འཕགས་པའི་བརྒྱུད་རིམ་གྱི་འགུལ་སྐྱོད་ཆ་སྙོམས་མིན་ལ་ཐེངས་གཅིག་གིས་གློ་བུར་ཡར་འཕགས་པའང་མིན་པར། ཡར་འཕགས་ཀྱི་དུས་རིམ་མི་འདྲ་བ་དུ་མ་བརྒྱུད་པ་ཡིན་ཞིང་།  ཡར་འཕགས་ཐེངས་རེ་རེར་མཐོ་སྒང་གི་ས་བྱད་ལ་རིམ་བཞིན་འགྱུར་ལྡོག་བྱུང་བ་ཡིན།

ད་ནས་ལོ་ཁྲི་གཅིག་གི་སྔོན་ལ། མཐོ་སྒང་ཡར་འཕགས་པའི་མྱུར་ཚད་སྔར་ལས་མགྱོགས་ཤིང་། ལོ་རེའི་ཆ་སྙོམས་འཕགས་ཚད་ལི་སྨི7གྱི་མྱུར་ཚད་ཀྱིས་ཡར་འཕགས་བཞིན་ཡོད་པས། ད་ལྟའི་སའི་གོ་ལ་སྟེང་དུ“འཛམ་གླིང་གི་ཡང་རྩེ”ཞེས་པ་དེ་ཡིན། མཐོ་བོད་མཐོ་སྒང་ནི་འཛམ་གླིང་ཐོག་ཆེས་ན་གཞོན་གྱི་མཐོ་སྒང་ཞིག་ཡིན། ལོ་དུང་ཕྱུར2.4སྔོན་ལ། ཧིན་རྡུའི་གླིང་དུམ་བྱང་ཕྱོགས་སུ་འགུལ་སྐྱོད་བྱས་ཏེ་ཨེ་ཤ་གླིང་དུམ་དང་བཙིར་གནོན་ཐེབས་པས། ཁུ་ནུ་རི་རྒྱུད་དང་ཨ་ཆེན་གངས་རྒྱབ་རི་རྒྱུད་ས་ཁུལ་གྱེན་དུ་འཕྱུར་བ་རེད། ཧིན་རྡུའི་གླིང་དུམ་མུ་མཐུད་བྱང་ཕྱོགས་སུ་འགུལ་སྐྱོད་བྱས་པ་དང་ཨེ་ཤ་ཡ་གླིང་གི་འོག་ཏུ་འཛུལ་བས་ མདོ་དབུས་མཐོ་སྒང་སྐབས་དེའི་ཡར་འཕགས་པའི་བརྒྱུད་རིམ་ཁྲོད་དུ་གྲུབ་པ་ཡིན།  མདོ་དབུས་མཐོ་སྒང་ནི་ཐེངས་གཅིག་ལ་གྲུབ་པ་ཞིག་མིན་པར།  དེ་ཡར་འཕགས་པའི་མྱུར་ཚད་གཅིག་མཚུངས་མིན་པར་ཐེངས་འགར་ཡར་འཕགས་མཚམས་བཞག་ནའང་། སྐབས་རེར་ཧ་ཅང་མགྱོགས་པའི་སྒོ་ནས་ཡར་འཕགས་པ་རེད། ད་ནས་ལོ་ཁྲི་གཅིག་གི་སྔོན་ལ། མཐོ་སྒང་ཡར་འཕགས་པའི་མྱུར་ཚད་སྔར་ལས་མགྱོགས་ཤིང་། ལོ་རེའི་ཆ་སྙོམས་ལི་སྨི7གྱི་མྱུར་ཚད་ཀྱིས་ཡར་འཕགས་བཞིན་ཡོད་པས། དེ་རིང་གི་ མདོ་དབུས་མཐོ་སྒང་གི་དབུས་རྒྱུད་དུ་རླུང་ཟད་གཙོ་བོ་ཡིན་ནའང་མཐའ་བསྐོར་ད་དུང་མུ་མཐུད་དུ་ཡར་འཕགས་བཞིན་ཡོད།  


6 རང་བྱུང་གི་ཐོན་ཁུངས།
6_1 གཏེར་ཁ།

མདོ་དབུས་མཐོ་སྒང་གི་གཏེར་ཁ་འཚོལ་ཞིབ་ལྟར་ན། གཏེར་ཁའི་ཐོན་ཁུངས་ཀྱི་གསོག་ཚད་ནི།  ཟངས་ཏུན་ཁྲི1100ཞ་ཏིལ་བསྲེས་སྦྱོར་ལྕགས་རིགས་ཏུན་ཁྲི960ལྕགས་རྡོ་གཏེར་ཏུན་དུང་ཕྱུར3.2ཀེ་ལྕགས་གཏེར་ཏུན་ཁྲི187གསེར་གཏེར་ཏུན326མུའུ་འདྲེས་ངར་ལྕགས་ཏུན་ཁྲི94རྡོ་སོལ་ཏུན་དུང་ཕྱུར13ཅ་ཚྭ་ཏུན་དུང་ཕྱུར2ཚྭ་མཚོ་དང་ལི་གཏེར་སོགས་ཀྱིས་ཐོན་ཁུངས་ཀྱི་རྟེན་གཞི་ཆེན་པོ་ཞིག་གྲུབ་ཡོད།

6_2 རི་རྒྱུད།

中国山脉.jpg

ཀྲུང་གོའི་རི་རྒྱུད་གཙོ་བོ།

ཧི་མ་ལ་ཡ།

འདི་ནི་བོད་ལྗོངས་ཀྱི་ལྷོ་མཐའ་དང་པ་ཀི་སི་ཐན། རྒྱ་གར། བལ་བོ། འབྲས་ལྗོངས། འབྲུག་ཡུལ་བཅས་ཀྱི་བར་དུ་ཆགས་ཤིང་། འཛམ་གླིང་ཐོག་ཆེས་མཐོ་ཞིང་རིང་ལ་རི་ཚོགས་མང་པའི་རི་རྒྱུད་རེད། རི་རྒྱུད་འདིའི་རིང་ཚད་ལ་སྤྱི་ལེ2450དང་། ཞེང་ཚད་སྤྱི་ལེ200-350ཡོད། རི་རྒྱུད་ཀྱི་སྣེ་གཉིས་བྱང་དུ་གུག་ཅིང་དཀྱིལ་ལྷོ་ཕྱོགས་སུ་འབུར་བས་གཞུ་དབྱིབས་དང་མཚུངས་ལ་མཐོ་ཞིང་གཟར། ཆ་སྙོམས་ཀྱི་མཚོ་འཕགས་སྨི7000-8000ལྷག་ཡོད་པ་དང་། རི་རྩེ་མཐོ་ཤོས་ནི་ཇོ་མོ་གླང་མ་ཡིན་ཏེ། མཚོ་འཕགས་སྨི8844.43ཡོད།

དེ་ལས་གཞན་བོད་ཁོངས་དང་བལ་བོད་ས་མཚམས་སུ་ཇོ་མོ་གླང་མ། ཉང་སྟོད་ཧ་བོའི་གངས། འབྲོག་ལ་ཕྱིའི་གངས། ཙ་རི་ཏྲ། བསམ་གཏན་གངས་བཟང་། གཉན་ཆེན་ཐང་ལྷ། གཉན་པོ་གཡུ་རྩེ། གནས་མཆོག་ཁ་བ་དཀར་པོ། རྨ་ཆེན་གངས་རི། བ་ཡན་ཧ་རི། གངས་དཀར་ཕྱོགས་ལས་རྣམ་རྒྱལ་སོགས་མཐོ་ཚད་སྨི8000ཅན་གྱི་རི་བོ་དུ་མ་ཡོད།

གངས་ཏེ་སིའམ་གངས་ཏི་སེ་དང་གཉན་ཆེན་ཐང་ལྷའི་རི་རྒྱུད།

རི་རྒྱུད་འདི་གཉིས་བོད་རང་སྐྱོང་ལྗོངས་སུ་ཡོད་དེ། མངའ་རིས་སེང་གེ་ཁ་འབབ་ནས་འཕྲེད་བཅད་རི་རྒྱུད་བར་འཁྱོག་པོར་ཆགས་ཡོད། རི་རྒྱུད་འདིའི་རིང་ཚད་ལ་སྤྱི་ལེ1100ལྷག་དང་མཚོ་འཕགས་སྨི6000ཡོད། རི་རྒྱུད་འདིའི་སྣེ་གཉིས་མཐོ་ལ་དཀྱིལ་དམའ་ཞིང་། ཕྱི་འབབ་ཆུ་བོ་དང་ནང་འབབ་ཆུ་བོ་གཉིས་ཀྱི་མཚམས་སུ་གྱུར་ཡོད། གངས་ཏེ་སིའི་རི་རྒྱུད་ཀྱི་གངས་རྩེ་མཐོ་ཤོས་ནི་གངས་རིན་པོ་ཆེ་དང་། བློན་པོ་གངས་གཉིས་ཡོད།

ཁ་ལ་ཁུ་ནུ་དང་གདང་ལ་རི་རྒྱུད།

རི་རྒྱུད་འདི་གཉིས་ནུབ་ནས་ཤར་དུ་མཐུད་དེ་ཆགས་ཤིང་། མཚོ་འཕགས་སྨི4767ཡོད། ཁ་ལ་ཁུ་ནུ་རི་རྒྱུད་ནི་ཞིན་ཅང་དང་ཀ་ཤི་སྨིར་འབྲེལ་མཚམས་སུ་ཆགས་ཤིང་། བོད་ཁོངས་སུ་ཤར་རྒྱུད་ཀྱི་ཆ་ཤས་ཙམ་ལས་མེད། རི་རྒྱུད་འདི་ནི་འཁྱགས་ཀླུང་རྒྱས་ས་ཞིག་ཡིན་ལ། ཤར་སྣེ་རུ་ལེ་ལག་མང་བས་གཙོ་རྒྱུད་གང་ཡིན་པ་ངོས་འཛིན་དཀའ་བར་བཤད། གདང་ལ་རི་རྒྱུད་ནི་ཁ་ལ་ཁུ་ནུའི་རི་རྒྱུད་ཀྱི་ཤར་སྣེར་མཐུད་ཡོད་ཅིང་། བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མཚམས་སུ་ཆགས་ཡོད། རི་རྒྱུད་འདིའི་མཚོ་འཕགས་སྨི6000ཡས་མས་ཡོད་ཅིང་། རི་རྩེ་གཙོ་བོ་ནི་སྐུ་ལ་དར་མདུང་ཡིན་ལ་འདི་ནི་འབྲི་ཆུའི་མགོ་ཁུངས་ཀྱང་རེད།

ཁུ་ནུ་རི་རྒྱུད་ནི་ཕ་མེས་ཨེར་མཐོ་སྒང་ནས་སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་བར་ཆགས་ཤིང་། རིང་ཚད་ལ་སྤྱི་ལེ2500དང་ཞེང་ཚད་ལ་སྤྱི་ལེ130-200ཡོད། ཆ་སྙོམས་ཀྱི་མཚོ་འཕགས་སྨི5500-6000ཡོད། རི་རྒྱུད་འདིའི་བྱང་ཕྱོགས་སུ་ཐ་ལི་མོའུ་གཤོང་ས་དང་ཚྭ་འདམ་གཤོང་ས་གཉིས་ཡོད་ལ། ལྷོ་ཕྱོགས་སུ་བོད་ལྗོངས་ཀྱི་བྱང་ཐང་ཡོད། ཤར་རྒྱུད་དུ་བ་ཡན་ཧ་རི་དང་ཨ་ཆེན་གངས་རྒྱབ། ཨ་མྱེས་རྨ་ཆེན་སོགས་ལེ་ལག་མང་དུ་ཡོད།

ཨ་ཨེར་ཅིན་ཧྲན་དང་མདོ་ལ་རིང་མོ་རི་རྒྱུད།

རི་རྒྱུད་འདི་གཉི་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་དུ་མུ་འབྲེལ་དུ་ཆགས་ཡོད་ལ། འབྲེལ་མཚམས་ན་ཏིང་ཅིན་ཉག་ག་ཡོད། ཨ་ཨེར་ཅིན་ཧྲན་རི་རྒྱུད་ཀྱི་ཆ་སྙོམས་མཚོ་འཕགས་སྨི3000-4000ཡོད། ཁ་བས་གཡོགས་པའི་རི་རྩེ་ཉུང་ལ་མང་ཆེ་ཤོས་ནི་བྲག་རི་ཡིན། མདོ་ལ་རིང་མའི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ800དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ200-400ཡོད་ལ། མཚོ་འཕགས་སྨི4000-6000ཡོད། ནུབ་སྣེ་རུ་སྨི5300-སྨི5600ལྷག་ཅན་གྱི་རི་རྩེ་དུ་མ་ཡོད་ལ་འཁྱག་ཀླུང་རྒྱས། རི་རྒྱུད་འདིའི་བྱང་རྨ་ནུབ་དོག་ལམ་དང་ལྷོ་ཚྭ་འདམ་གཤོང་སར་འབྲེལ་ཞིང་། ལྷོ་བྱང་གི་ཕྱོགས་གཉིས་སུ་ཆུ་བོ་མང་པོ་འབབ་ཀྱིན་ཡོད།

འཕྲེད་བཅད་རི་རྒྱུད།

འདི་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་ཕྱོགས་ཏེ། བོད་ལྗོངས་ཀྱི་ཤར་ཕྱོགས་དང་སི་ཁྲོན་གྱི་ནུབ་ཕྱོགས་ཀྱི་བར་ཁུལ་དུ་ཡོད་ལ། ལྷོ་ནས་བྱང་དུ་ཆགས་པའི་རི་རྒྱུད་ཉག་གཅིག་ཡིན། འདི་ལ་རི་རྒྱུད་ཟེར་ཡང་དོན་དུ་སྒང་གཤོང་མང་པོ་མཉམ་གཤིབ་ཏུ་ཡོད་པའི་རི་མཐོ་ལུང་ཟབ་ཀྱི་སའི་ཆགས་ཚུལ་ཁྱད་པར་བ་ཞིག་གི་སྤྱི་མིང་རེད། དེ་རུ་རི་མང་པོ་ཡོད་པ་ལས་མཐོ་ཤས་ནི་སྨི2556ཅན་གྱི་མི་ཉག་གངས་དཀར་ཡིན། འབྲི་ཆུ་དང་རྫ་ཆུ་རྒྱལ་མོ་རྔུལ་ཆུ་སོགས་ཆུ་ཆེན་དུ་མས་རི་དེ་དག་དུམ་བུར་བཅད་དེ་ཤར་དུ་བཞུར་གྱིན་ཡོད།

6_3 འཁྱགས་ཀླུང་།

སའི་གོ་ལའི་ཐོག་གི་འཕྲེད་ཚད་དམའ་བའི་ས་ཁུལ་གྱི་འཁྱགས་ཀླུང་མང་ཆེ་བ་མཐོ་སྒང་དུ་འདུས་ཡོད།  མདོ་དབུས་མཐོ་སྒང་དུ་འཁྱགས་ཀླུང་གིས་ཁེབས་པའི་རྒྱ་ཁྱོན་ཧ་ལམ་སྟོང་སྨི་གྲུ་བཞི་མ་ཁྲི4.7ཡོད་པ་དེས་རྒྱལ་ཡོངས་འཁྱགས་ཀླུང་གི་རྒྱ་ཁྱོན་གྱི80%ཟིན་ཡོད། ཧི་མ་ལ་ཡའི་དེང་རབས་འཁྱགས་ཀླུང་། ཁུ་ནུ་རི་བོའི་དེང་རབས་འཁྱགས་ཀླུང་། གཡག་རྭ་སྨུག་པོའི་དེང་རབས་འཁྱགས་ཀླུང་། འཕྲེད་རྒྱུག་རི་བོའི་དེང་རབས་འཁྱགས་ཀླུང་། གདང་ལ་རི་བོའི་དེང་རབས་འཁྱགས་ཀླུང་། གངས་ཏི་སེའི་དེང་རབས་འཁྱགས་ཀླུང་། བྱང་ཐང་མཐོ་སྒང་གི་དེང་རབས་འཁྱགས་ཀླུང་། ཆི་ལེན་རི་བོའི་འཁྱགས་ཀླུང་།

6_4 མཚོ་དང་མཚེའུ།

མཚོ་གྲགས་ཅན།

ཞི་བདེ་རྒྱ་མཚོ་ཆེན་པོ་དང་། དེའི་ཆུའི་ཚད་ལ་སྨི་གྲུ་བཞི་མ་དུང་ཕྱུར2548ཡོད། ཧིན་རྡུ་རྒྱ་མཚོ་ཆེན་པོདང་། དེའི་ཆུའི་ཚད་ལ་སྨི་གྲུ་བཞི་མ2500ཡོད་པའི་ནང་སྐམ་སའི་ས་ཁུལ་གྱི་ཆུ་ཚད་ལ་སྨི་གྲུ་བཞི་མ་དུང་ཕྱུར515ཡོད་པ་དང་ས་འོག་ཆུ་བོའི་ཐོན་ཁུངས་ཕལ་ཆེར་སྨི་གྲུ་བཞི་མ1568ཡོད། ཞི་བདེ་རྒྱ་མཚོ་ཆེན་པོའི་ནང་ལ་འབྲི་ཆུ་དང་རྨ་ཆུ། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་ཆུ་བོ་བཅས་འདུ། ཧིན་རྡུ་རྒྱ་མཚོའི་ཆུའི་ནང་ལ་ཡར་ཀླུང་གཙང་བོ་དང་རྫ་ཆུའམ་ཟླ་ཆུ། ཧིན་རྡུ་གཙང་བོའི་སྟོད་རྒྱུད་གྱི་སྐམ་སའི་ནང་གི་ཆུ། ཚྭ་འདམ་གཤོང་དང་ཆི་ལེན་རི་རྒྱུད་དང་ནང་གི་སྐམ་སའི་ཆུ་ལག་བཅས་འདུ།

ཆུ་ཀླུང་གྲགས་ཆེ་བ་ཡར་ཀླུང་གཙང་བོ་དང་།  འབྲི་ཆུ་དང་།  རྨ་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ལྷ་སའི་སྐྱིད་ཆུ། མྱང་ཆུ། ཉིང་ཆུ། ཉག་ཆུ ། ངོམ་ཆུ། ཙོང་ཆུ། དགུ་ཆུ། རྩེ་ཆུ། བསང་ཆུ་སོགས་ཡོད་པར་མ་ཟད ། གངས་རི་ཆེན་པོ་ཏི་སེའི་ཕྱོགས་བཞི་ནས་འབབ་པའི་ཁ་འབབ་ཀྱི་ཆུ་བོ་བཞི་སྟེ།   ཡར་ཀླུང་གཙང་པོའི་ཆུ་མགོ་རྟ་མཆོག་ཁ་འབབ་དང་། ཆུ་བོ་གངྒཱའི་ཆུ་མགོ་རྨ་བྱ་ཁ་འབབ། ཆུ་བོ་སིན་ངྷུའི་ཆུ་མགོ་གླང་ཆེན་ཁ་འབབ། ཆུ་བོ་སི་ཏའི་ཆུ་མགོ་སེང་གེ་ཁ་འབབ་སོགས་ཡོད།

མཚོ་དང་མཚེའུ་ལ། གནམ་མཚོ་ཕྱུག་མོ་དང་། བཀྲ་རི་གནམ་མཚོ། གསེར་གླིང་མཚོ། མཚོ་ཁྲི་ཤོར་རྒྱལ་མོ།   སྟོང་རི་གཡུ་མཚོ ། མཚོ་མ་དྲོས་སམ་མ་ཕམ་གཡུ་མཚོ། ཡར་འབྲོག་གཡུ་མཚོ ། ལྷ་མོ་བླ་མཚོ།   ཕག་མཚོ།    རོང་པོ་མཚོ།  བེའུ་དུག་མཚོ།  མཚོ་སྐྱ་རེངས།   མཚོ་སྔོ་རེངས།  རྟ་རྫོང་གཡུ་མཚོ། ཨ་མྱེས་མཚོ་རྒན་སོགས་མཚོ་སྔོན་པོ་གཡུ་ཡི་མེ་ལོང་འདྲ་བ་མང་པོ་ཡོད། དེའི་ནང་ནས་མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ནི་ཚྭ་མེད་མཚོ་ཡིན་པ་དང་། མཚོ་སྔོ་རེངས་ནི་མཐོ་སྒང་གི་ཆེས་ཆེ་བའི་ཚྭ་མེད་མཚོ་ཞིག་ཡིན།   ད་དུང་མཚོ་ཁྲི་ཤོར་རྒྱལ་མོ་ནི་ཀྲུང་གོའི་ཆེས་ཆེ་བའི་ཚྭ་མཚོ་ཡིན་ཞིང་།  གནམ་མཚོ་ཕྱུག་མོ་ནི་མདོ་དབུས་གཙང་ས་ཁུལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཞིག་ཡིན།

མདོ་དབུས་མཐོ་སྒང་གི་ཆུ་ཚན་ནམ་ཆུ་ཁོལ་གྲགས་ཆེ་བ།

བོད་ལྗོངས་གཙང་ཁུལ་གྱི་གྲོ་མོ་ཁམ་བུ་ལུང་ངམ་སྨན་བུ་ལུང་ཆུ་ཚན་ཏེ། ཆུ་ཚན་འདི་ལ་རིགས་མི་འདྲ་བའི་རྫིང་བཅུ་གཉིས་ཡོད།   གཞན་ཡང་མང་ཕུ་ཆུ་ཚན། རྒྱལ་རྩེའི་སྐྱིད་གུད་ཆུ་ཚན་དང་སྐྱིད་མཁར་ཆུ་ཚན།  དབུས་ཁུལ་གྱི་འབྲི་གུང་གཏེར་སྒྲོམ་ཆུ་ཚན། མལ་གྲོ་གུང་དཀར་རྫོང་རུ་ཐོག་ཆུ་ཚན། ལྷོ་ཁ་ས་ཁུལ་གྱི་ཟངས་རིའི་འོལ་ཁ་ཆུ་ཚན། ཆུ་གསུམ་རྫོང་བསེ་བ་ལུང་ཆུ་ཚན། ལྷུན་རྩེ་རྫོང་གསེར་ཁུང་ཆུ་ཚན། མཚོ་སྨད་རྫོང་གྲི་གུ་ཆུ་ཚན། སི་ཁྲོན་ཁམས་དཀར་མཛེས་ཁུལ་དར་རྩེ་མདོའི་ཟམ་ཁ་གཉིས་པའི་ཆུ་ཚན། མཚོ་སྔོན་རེབ་གོང་ཁུལ་ཡར་ནང་ཆུ་ཁོལ་ལམ་རེབ་གོང་ཆུ་ཁོལ། རེབ་གོང་བློན་ཆོས་ཆུ་ཁོལ། ཁྲི་ཀའི་བདེ་སྐྱིད་ཆུ་ཁོལ་སོགས་ནད་བརྒྱ་སྨན་གཅིག་ཏུ་གྲགས་པའི་ཆུ་ཚན་ངོ་མཚར་བ་ཕན་ནུས་བརྗོད་ཀྱིས་མི་ལངས་བ་ཧ་ཅང་མང་པོ་ཞིག་བོད་ཁམས་སུ་ཡོད།

སྤྱིར་ཆུ་ཚན་ནམ་ཆུ་ཁོལ་ཞེས་པ་ནི་བརླན་བཤེར་ཆུ་ཡི་དངོས་པོ་ལ་ཚ་བ་མེ་ཞུགས་པ་ལས་བྱུང་བ་དང་དེའི་གྲུབ་ཆ་གཙོ་བོ་ནི་རྡོ་སོལ་དང་ཅོང་ཞི། མུ་ཟི། བྲག་ཞུན་བཅས་ཡིན་ཞིང་སྤྱིར་བཏང་དུ་ཆུ་ཚན་རིགས་ལྔ་རུ་དབྱེའོ།

གཞན་ཡང་རང་བྱུང་སྨན་ཆུ་གྲགས་ཆེ་བ་ལ་མཚོ་སྔོན་གྱི་སྐུ་འབུམ་གསེར་དཀར་སྨན་ཆུ། ཟི་ལིང་མཁར་ནུབ་སྨན་ཆུ། རེབ་གོང་ཚོ་བཞིའི་སྨན་ཆུ། གསེར་ཁོག་སྨན་ཆུ་སོགས་ཡོད་དོ།

6_5 རི་སྐྱེས་སྲོག་ཆགས།

དོམ་ཁྲ་དང་སྤྲེའུ་སྤུ་སེར། གཙོད། འབྲོང་། གསའ། རྐྱང་། གནའ། ཤྭ་བོ་ཁ་དཀར། ཤྭ་བ་ཁྲ་རིས་སོགས་ཡོད།

7 ལྗོངས་རྒྱུའི་གནས་མཆོག
7_1 རིག་གནས་ཤུལ་བཞག

ཡུམ་བུ་བླ་སྒང་།  ཕོ་བྲང་པོ་ཏ་ལ།  ས་སྐྱ་དགོན་པ།  གཙང་བཀྲ་ཤིས་ལྷུན་པོ།  སེ་འབྲས་དགེ་གསུམ། བསམ་ཡས་གཙུག་ལག་ཁང་།  ཞ་ལུ་དགོན་པ། ཁྲ་འབྲུག་དགོན་པ། གསང་ཕུ་དགོན་པ། མཐོ་ལྡིང་དགོན་པ། ཚལ་གུང་ཐང་། སྣར་ཐང་དགོན་པ། མཚུར་ཕུ་དགོན་པ། སྡེ་དགེ་དགོན་ཆེན། བིས་མདོ་དགོན་ཆེན། སྟག་ཚང་ལྷ་མོ། བྲག་དཀར་སྤྲེལ་རྫོང་། རྭ་རྒྱ་དགོན་ཆེན། ཨ་ཆུང་གནམ་རྫོང་། རོང་བོ་དགོན་ཆེན། ནོར་བུ་གླིང་ཀ། གཙོས་གསེར་མཁར་དགུ་ཐོག  སྐུ་འབུམ་བྱམས་པ་གླིང་། བླ་བྲང་བཀྲ་ཤིས་འཁྱིལ། རི་བོ་ཉི་ཟླ།  རྒྱ་བཟའ་ཀོང་ཇོའི་ལྷ་ཁང་། ཐང་བོད་གནའ་ལམ། གསེར་རྟ་དགོན་པ། བྱང་གི་དགོན་ཆེན་བཞི་སྟེ། དགོན་ལུང་། ཆུ་བཟང་། གསེར་ཁོག  བྱ་ཁྱུང་དགོན་པ་སོགས་ཡོད།

7_2 ཡུལ་ལྗོངས་གྲགས་ཅན།

མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུག་མོ།  གངས་ཏི་སེ།  རྨ་ཆེན་སྦོམ་ར།  ཡར་འབྲོག་གཡུ་མཚོ།  ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོ། གཉན་པོ་གཡུ་རྩེ། ཨ་ཆེན་གངས་འཁྱགས་རི་རྩེ(རྡོ་རྗེ་དཔལ་ལྡན་རི་རྩེ)  ཆུ་དམར་ལེབ།  ཐའོ་ཐའོ་ཆུ་བོ། གདང་ལ་རི་བོ།  གཟི་ཚ་སྡེ་དགུ།  ཁམས་ར།  སྟོང་རི་ལྷ་མཚོ། མཚོ་བྱང་གསེར་དངུལ་ཐང་།

8 སྐྱེ་ཁམས་ཀྱི་གནད་དོན།

ཆུའི་ཐོན་ཁུངས་ཉིན་རེ་བཞིན་ཉམས་དམས་སུ་འགྱུར་བ།

བྱེ་མའི་གནོད་པ་ཇེ་མང་དུ་སོང་བ།

རྩྭ་ཐང་ཉམས་དམས་སུ་འགྱུར་བ།

རི་སྐྱེས་སྲོག་ཆགས་རིགས་ཇེ་ཉུང་དུ་སོང་བ།

རྩི་ཤིང་རིགས་ཇེ་ཉུང་དུ་སོང་བ།

འཁྱགས་རོམ་བཞུར་ཟད་དང་གཏན་ཆགས་འཁྱགས་རིམ་སོབ་པོར་འགྱུར་བཞིན་པ་སོགས་སོ། །

9 སྐྱེ་ཁམས་སྲུང་སྐྱོབ།

མདོ་དབུས་མཐོ་སྒང་ནི་གསར་སྤེལ་བྱས་པའི་ཚད་ཅུང་དམའ་བའི་ས་ཁོངས་ཤིག་ཡིན། ས་ཁུལ་མང་བོར་ད་དུང་གདོད་མའི་རང་བྱུང་གི་རྣམ་པ་སོར་བཞག་བྱས་ཡོད། བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་ནི་འཛམ་གླིང་ཐོག་ཆེས་གཙང་བའི་གྲོང་ཁྱེར་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།  ཡིན་ནའང་། འགྲིམ་འགྲུལ་སྐྱེལ་འདྲེན་ལ་བཅོས་བསྒྱུར་དང་དཔལ་འབྱོར་གྱི་འཕེལ་རྒྱས། མིའི་རིགས་འགུལ་བསྐྱོད་ཀྱིས་རང་བྱུང་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པ་ཉིན་རེར་མངོན་གསལ་ཡིན་པ་དང་།  རང་བྱུང་ཐོན་ཁུངས་བེད་སྤྱོད་བྱས་པ་འོས་འཚམ་མིན་པ། ས་རྒོད་སློག་སྟེ་ཞིང་ས་འདེབས་པ་འོས་འཚམ་མིན་པ། ཕྱུགས་ཟོག་འཚོ་སྐྱོང་ཚད་ལས་བརྒལ་བ་སོགས་ནི་མཐོ་སྒང་གི་ཐོན་ཁུངས་དང་ས་ཞིང་ལ་གཏོར་བརླག་ཐེབས་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། དུས་རབས20པའི་ལོ་རབས50-60ནང་དུ། མཚོ་སྔོན་ཕྱུགས་ལས་ས་ཁུལ་ལ་མུན་འཐོམས་ཀྱིས་རྩྭ་ས་མུའུ་ཁྲི600ལྷག་སློག་སྟེ་རྩྭ་བསྐྱུར་ཞིང་འདེབས་ཀྱི་ལས་ལ་ཞུགས་པ་དེ་མཇུག་མཐར་འབྲས་མེད་དུ་གྱུར་བས།  མ་གཞི་ནས་ཉམས་ཞན་ཆེ་བའི་སྐྱེ་ཁམས་ཁོར་ཡུག་ལ་སྔོ་ཁེབས་ཀྱི་སྲུང་སྐྱོབ་ཉམས་ནས། ས་རྒྱུ་རླུང་ཆེན་གྱིས་འཁུར་བའི་ཤུལ་ནས་ལྷག་པ་ནི་རྒྱ་ཆེ་བའི་བྱེ་མ་དང་རྡོ་ཧྲུག་ཡིན། 

མཐོ་སྒང་གི་རྩྭ་རར་ཕྱུགས་ཟོག་འཚོ་སྐྱོང་བྱས་པ་ཚད་ལས་བརྒལ་བས་དེས་རྩྭ་ར་སྔར་ལས་ཞན་འགྱུར་དུ་འགྲོ་བ་དང་། ནགས་ཚལ་དང་སྡོང་ཕྲན་གང་བྱུང་དུ་བཅད་པས་ཁོར་ཡུག་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། མཐོ་སྒང་དཀྱིལ་དབུས་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་དུ་གསེར་བརྐོ་པ་ཚོས་རྒྱུ་ནོར་གྱི་ཆེད་དུ་གང་འདོད་དུ་ས་བརྐོ་རྡོ་སློག་བྱས་པས་མཛེས་ཤིང་གཙང་བའི་ས་གཞི་གཡུ་ཡི་གཞོང་བ་འདི་ལ་རྨ་ཁ་མང་བོ་བཟོས་འདུག   རྐུན་ཇག་གིས་རྒྱལ་ཁབ་བཅའ་ཁྲིམས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་བཀག་སྡོམ་བྱས་པ་སྣང་མེད་དུ་བཞག་སྟེ།  ཐེངས་མང་བོར་ཨ་ཆེན་གངས་རྒྱབ་ས་ཁུལ་ལ་ལྐོག་ཏུ་སོང་ནས་གཙོད་དང་རྐྱང་།  འབྲོང་སོགས་མང་བོ་རྔོན་གསོད་བྱེད་བཞིན་ཡོད།  མཐོ་སྒང་གི་ཤར་ལྷོའི་ནགས་ཁུལ་གྱི་ནགས་ཚལ་མང་བོ་བཅད་པས་ད་ཡོད་ནགས་ཚལ་ཐོན་ཁུངས་ཀྱི་ཟད་གྲོན་སྔར་བས་ཇེ་མགྱོགས་སུ་བཏང་བ་རེད། བྲག་རོང་ནགས་ཁུལ་དང་མཐོ་སྒང་ངོས་གཉིས་བར་བརྒལ་ས་མཚམས་ཀྱི་སྐྱེ་ཁམས་མ་ལག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་དང་། ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་དེ་དག་ལ་གལ་ཏེ་གཏོར་བརླག་ཐེབས་ན་སླར་གསོ་བྱེད་རྒྱུ་ཧ་ཅང་ཁག་པོ་འདུག   འཛམ་གླིང་གིས་དོ་སྣང་བྱེད་བཞིན་པའི་མདོ་དབུས་མཐོ་སྒང་ནི་རིགས་སོ་སོའི་མི་དམངས་ཀྱི་རྩོལ་བ་ལ་བརྟེན་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་དང་འབྱུང་མུས་སུ་ཡོད། སྐྱེ་ཁམས་ཁོར་ཡུག་ངན་འགྱུར་ཇེ་ཆུང་དུ་འགྲོ་བ་དང་བཀག་འགོག་བྱས་པའི་ཆེད་དུ།  ཆོད་སེམས་ཆེན་པོས་རང་བྱུང་ཁམས་དང་མིའི་བར་གྱི་འབྲེལ་བ་དང་།  གསར་སྤེལ་དང་སྲུང་སྐྱོབ་ཀྱི་འབྲེལ་བ་སྙོམ་སྒྲིག་གང་ལེགས་བྱེད་དགོས།  སྟོང་སྨི་གྲུ་བཞི་མ་ཁྲི250ལྷག་ཡོད་པའི་མཐོ་སྒང་གི་རྒྱ་ཆེ་བའི་ས་གཞི་ལ་འོས་འཚམ་གྱིས་འཆར་འགོད་དང་། རྩྭ་རའི་བདག་དོན།   རྨོ་བསྐྱུར་རྩྭ་འདེབས། རྨོ་བསྐྱུར་ནགས་སྐྱོང་།  སྡོང་འཛུགས་རྩྭ་འདེབས་ལག་བསྟར་བྱས་པ། ས་ཞིང་གི་གཞི་རྩའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་།  འོས་འཚམ་གྱིས་ཤིང་སྡོང་གཅོད་པ་དང་ནགས་འཛུགས་གསོ་སྐྱོང་གཙིགས་སུ་འཛིན་པ། དམིགས་བསལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་དང་། རྩ་ཆེ་བའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་དང་། ངོ་མཚར་བའི་རང་བྱུང་ཡུལ་ལྗོངས་ལ་འོས་འཚམ་གྱིས་བཀོད་སྒྲིག་བྱས་པ་དང་ནན་ཏན་གྱིས་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་འགྲོ་བ་མིའི་གཡོལ་མེད་ཀྱི་འགན་འཁྲི་ཡིན།  

མཐོ་སྒང་གི་ཁྱབ་ཁོངས་སུ་རྣམ་པ་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ཁུལ་མང་བོ་བཙུགས་ཡོད་པ་དེས། ཉམས་ཉེན་ཆེ་བའི་ཁོར་ཡུག་སྲུང་སྐྱོབ་དང་། རྩ་མེད་དུ་འགྲོ་ཉེ་བ་དང་ཧ་ཅང་དཀོན་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱས་ཐུབ་ཡོད།   མདོ་དབུས་མཐོ་སྒང་ནས་མི་རྣམས་ཀྱིས་རྒྱུན་དུ་མཐོ་སྒང་ན་དམིགས་བསལ་ཏུ་ཡོད་པའི་སྣ་འཛོམས་རང་བཞིན་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་དམིགས་ཡུལ་ཏུ་བཟུང་བའི་སྲུང་ཁུལ་མཐོང་ཐུབ་པ་དང་། མཐོ་རི་དང་རྩྭ་ཐང་།  ནགས་ཚལ་སོགས་རི་ཁུལ་དྲང་འཕྱང་ཁུལ་གྱི་ཧི་མ་ལ་ཡའི་སྲུང་ཁུལ་ཡང་མཐོང་ཐུབ་ལ། སྐྱེ་དངོས་ག་གེ་མོ་དང་དངོས་རིགས་རྩ་ཆེན་སྲུང་སྐྱོབ་དམིགས་ཡུལ་དུ་བཟུང་བའི་སྲུང་སྐྱོབ་ཁུལ་ཡང་མཐོང་བ་ཡིན། གཞན། ཚ་ཁུལ་དུས་ཚིགས་ཆར་ནགས་གཙོ་བྱས་པའི་མེ་ཏོག་རྫོང་སྲུང་སྐྱོབ་ཁུལ་དང་ཉིང་ཁྲི་ས་ཁུལ་གྱི་བྲག་ཆུའི་གནའ་བོའི་ཤུག་པའི་ནགས་ཚལ་ལ་ཆེད་དུ་བཙུགས་པའི་སྲུང་སྐྱོབ་གནས་སོགས་ཡོད།   

མདོ་དབུས་མཐོ་སྒང་གི་དམིགས་བསལ་གྱི་སྐྱེ་ཁམས་ཁོར་ཡུག་ཁྲོད་དུ་ཁྱད་མཚར་ཞིང་ཧ་ཅང་དཀོན་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་འགའ་རེ་ཡོད། “རྒྱལ་ཁབ་ཀྱི་ནོར་བུ” དེ་དག་ལ་སྲུང་སྐྱོབ་བྱེད་པར་ཆེད་དུ་སྲུང་སྐྱོབ་ཁུལ་བཙུགས་ཡོད་པ་དེར། འཛམ་གླིང་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྩ་འཛུགས་དང་སྲོག་ཆགས་རིག་པ་ཆེད་མཁས་ཚོས་སྔར་ལས་ལྷག་པར་མཐོང་ཆེན་དང་གཙིགས་འཛིན་བྱེད་བཞིན་ཡོད། དཔེར་ན། སི་ཁྲོན་ནུབ་ཕྱོགས་ཀྱི་ལུང་དགུ་དོམ་ཁྲ་སྲུང་སྐྱོབ་ཁུལ་དེ་ མདོ་དབུས་མཐོ་སྒང་ཤར་མཐའི་འཕྲེད་རྒྱུག་རི་བོའི་ཁུལ་དུ་ཡོད། ཆབ་མདོའི་རི་བོ་ཆེའི་ཤྭ་བ་སེར་ཆེན་རང་བྱུང་སྲུང་སྐྱོབ་ཁུལ། ཆབ་མདོའི་སྨར་ཁམས་ཡུལ་གྱི་སྤྲེའུ་སྤུ་སེར་སྲུང་སྐྱོབ་ཁུལ། ཨ་ཆེན་གངས་རྒྱབ་ཀྱི་གཙོད་སྲུང་སྐྱོབ་ས་ཁུལ།

མདོ་དབུས་མཐོ་སྒང་ས་ཁུལ་གྱི་རང་བྱུང་ཡུལ་ལྗོངས་ངོ་མཚར་ཞིང་ཉམས་དགའ་བ་ཡོད།  ཐུན་མོང་མ་ཡིན་པའི་ས་གཤིས་ས་བྱད་ཀྱི་རྣམ་པ་ཡོད་པ་དེ་དག་ལ་སྲུང་སྐྱོབ་ཀྱི་ཆེད་དུ་སྲུང་སྐྱོབ་ཁུལ་བཙུགས་པ་ནི་ལྗོངས་རྒྱུ་པར་མཚོན་ན་ཆེས་ཡིད་དབང་འགུག་པའི་གནས་མཆོག་ཏུ་གྱུར་ཡོད།   དེ་དག་ལས་ཆེས་མིང་དུ་གྲགས་པའི་རང་བྱུང་ཡུལ་ལྗོངས་སྲུང་སྐྱོབ་གཙོ་བྱས་པའི་སི་ཁྲོན་གྱི་གཟི་ཚ་སྡེ་དགུ་སྲུང་སྐྱོབ་ཁུལ། གཞན་གཟི་ཚ་སྡེ་དགུ་དང་ཐག་ཅུང་ཉེ་བའི་ཟུང་ཆུའི་རྡོ་ཐལ་ཆུ་མིག་སྲ་འགྱུར་ས་བྱད་སྲུང་སྐྱོབ་ཁུལ།  ཀུན་དགའ་རི་བོའི་དུང་དཀར་ལུང་བའི་འཁྱགས་ཀླུང་ནགས་ཚལ་གླིང་ག  ཀན་སུའུ་ཞིང་ཆེན་གྱི་ཅོ་ནེ་པད་མ་རི་བོའི་སྲུང་སྐྱོབ་ཁུལ། གཅན་ཚ་ཁམས་ར་རང་བྱུང་ས་གཤིས་སྲུང་སྐྱོབ་ཁུལ།  ཡ་རྫི་སྟོང་རི་ལྷ་མཚོའི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་ནི་རང་རང་གི་ཁྱད་ཆོས་ལྡན་ལ་སྤྱན་གཟིགས་ཀྱི་རིན་ཐང་ཆེན་པོ་ལྡན་པ་ཡིན།

མདོ་དབུས་མཐོ་སྒང་གི་རང་བྱུང་སྲུང་སྐྱོབ་ཁུལ་འདི་དག་གིས་དམིགས་བསལ་གྱི་ས་ཁུལ་འདིའི་སྐྱེ་ཁམས་ཁོར་ཡུག་ཁྲོད་འཚོ་གནས་བྱེད་པའི་རི་སྐྱེས་སྲོག་ཆགས་ལ་ཅུང་བདེ་འཇགས་ཀྱི་རྒྱུད་སྤེལ་ཁོར་ཡུག་ཅིག་སྐྲུན་ཡོད། མདོ་དབུས་མཐོ་སྒང་དུ་ཧ་ལམ་རི་སྐྱེས་འོ་འཐུང་སྲོག་ཆགས་རིགས210འཚོ་བ་རོལ་བཞིན་ཡོད་པ་དེས་རྒྱལ་ཡོངས་ཀྱི་སྤྱིའི་རིགས་གྲངས་ལས50%ཡས་མས་ཟིན་ཡོད་ལ། རི་སྐྱེས་སྲོག་ཆགས་འདི་དག་ཁྲོད་རྒྱལ་ཁབ་སྲུང་སྐྱོབ་རིམ་པ་དང་པོ་དང་གཉིས་པའི་སྲོག་ཆགས་ཀྱི་བསྡུར་ཚད་ཅུང་ཆེ་བ་ཡིན་ལ།  དོམ་ཁྲ་དང་སྤྲེའུ་སྤུ་སེར། གཙོད། འབྲོང་། གསའ། རྐྱང་། གནའ། ཤྭ་བོ་ཁ་དཀར། ཤྭ་བ་ཁྲ་རིས་སོགས་སྲོག་ཆགས་གྲགས་ཅན་མང་བོ་འདིའི་གྲས་སུ་གཏོགས་པ་ཡིན། མདོ་དབུས་མཐོ་སྒང་ས་ཁུལ་དུ་ཕྲ་ཕུང་སྐྱེ་དངོས་རིགས12000ཡན་ཆད་ཡོད་ལ་དེས་རྒྱལ་ཡོངས་ཀྱི40%ཡས་མས་ཟིན་ཡོད། སྤོས་དཀར་ཤིང་། ཤུག་སྡོང་ཆེན་པོ། ཧི་མ་ལ་ཡའི་ལོ་མ་རིང་བའི་གསོམ་ཤིང་། ཧི་མ་ལ་ཡའི་སྲན་དམར་སྒྲོམ་ཤིང་། ཡུན་ཧྲན་སྒྲོམ་ཤིང་སོགས་རྩ་ཆེ་ཞིང་ཉེན་ཁར་འཕྲད་པའི་སྐྱེ་དངོས་མང་བོ་ས་ཁུལ་འདི་ན་ཡོད་པ་ཡིན།  མདོ་དབུས་མཐོ་སྒང་ནི་སྟག་མའི་མེ་ཏོག་རིགས་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཡིན། དེ་ལ“སྟག་མའི་མེ་ཏོག་གི་རྒྱལ་ཁབ”ཟེར་བའི་མཚན་སྙན་ཐོབ་ཡོད།  སྐྱེ་དངོས་དང་སྲོག་ཆགས་རྩ་ཆེན་འདི་དག་ མདོ་དབུས་མཐོ་སྒང་གི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་བྱ་ཡུལ་གཙོ་བོར་གྱུར་ཡོད།

མདོ་དབུས་མཐོ་སྒང་ནི་ས་ཁྱོན་ཆེ་ཞིང་མི་གྲངས་ཉུང་བའི་ས་ཁུལ་དུ་གཏོགས་པས་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གནོད་འཚེ་ཐེབས་པ་བལྟོས་བཅས་ཀྱིས་ཡང་བ་ཡིན།  རང་བྱུང་སྲུང་སྐྱོབ་ཁུལ་མང་ཆེ་བའི་སྐྱེ་ཁམས་མ་ལག་སྔར་སོར་གནས་ནའང་། མཐོ་སྒང་གི་རང་བྱུང་སྐྱེ་ཁམས་མ་ལག་ཅུང་ཉམས་ཉེན་ཆེ་བས་ཕྱི་ཡུལ་རྒྱུ་རྐྱེན་གྱིས་གཏོར་བརླག་ཐེབས་སླ་བ་ཡིན། དེའི་རྐྱེན་གྱིས་སྲུང་སྐྱོབ་ཁུལ་མང་བོ་ལ་བཀག་སྡོམ་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད།  སྲུང་སྐྱོབ་ཁུལ་ཏུ་ཚུལ་མི་མཐུན་པ་དང་འོས་འཚམ་མིན་པའི་འགུལ་བསྐྱོད་ཡོད་ཚད་གཏན་འགོག་བྱེད་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-12

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།