མཚོ་སྔོན་ཞིང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་སྔོན་ཞིང་ཆེན།
མཚོ་སྔོན་ནི་ཀྲུང་གོའི་མདོ་དབུས་མཐོ་སྒང་གི་གལ་ཆེ་བའི་ཞིང་ཆེན་ཞིག་ཡིན་ཞིང་། ཞིང་ཆེན་གྱི་ལྟེ་གནས་ནི་གནའ་མཁར་ཟི་ལིང་ཡིན། རི་བོ་ཁུ་ནུའི་དབུས་ཁུལ་བརྒལ་ཡོད་ཅིང་། རི་བོ་གདང་ལའི་ལྷོ་རུ་འགྱིང་བ་དང་། རི་བོ་མདོ་ལའི་བྱང་དུ་གནས་ཡོད། མཐའ་ཡས་པའི་རྩྭ་ཐང་མུ་འབྲེལ་དུ་སྣང་བ་དང་། ཚྭ་འདམ་གཞོང་ནི་ཤིན་ཏུ་ས་རྒྱ་ཆེ་བ་ཞིག་ཡིན། རྨ་ཆུ་དང་འབྲི་ཆུའི་འགོ་ཁུངས་མཚོ་སྔོན་དུ་ཡོད་ཅིང་། ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་མཐོ་སྒང་ཚྭ་མཚོ་ཡང་མཚོ་སྔོན་དུ་ཡོད་པས་མཚོ་སྔོན་དུ་ཐོགས། ཀན་སུའུ་དང་། སི་ཁྲོན། བོད་ལྗོངས། ཞིན་ཅང་སོགས་དང་འབྲེལ་ཡོད་པ་དང་། དེར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་བཅས་ས་གནས་རིམ་པའི་གྲོང་ཁྱེར་གཉིས་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་མི་རིགས་རང་སྐྱོང་གི་ཁུལ6གཏོགས་པ་དང་། བསྡོམས་པས་རྫོང་རིམ་པའི་སྲིད་འཛིན་སྡེ་ཁག48ཡོད་ལ། མཚོ་སྔོན་ཞིང་ཆེན་དུ་བོད་རིགས་དང་། ཧུའེ་རིགས། སོག་རིགས། ཧོར་རིགས། ས་ལར་རིགས་སོགས་གྲངས་ཉུང་མི་རིགས43དང་། མི་གྲངས57779 00ཡོད། མཚོ་སྔོན་ལ་འཛམ་གླིང་གི་ཡང་རྩེ་ཞེས་སུ་གྲགས་ཤིང་། མཚོ་སྔོན་གྱི་ཤར་ཕྱོགས་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་ཡིན་པ་དང་། གཙང་གསུམ་འབྱུང་ཡུལ་ལམ་རྨ་འབྲིའི་འབྱུང་ཡུལ། ཆུའི་གཏེར་མཛོད་བཅས་སུ་གྲགས། མཚོ་སྔོན་ཞིང་ཆེན་ནི་མདོ་དབུས་མཐོ་སྒང་གི་ཤར་བྱང་དུ་གནས་ཤིང་། འདི་གའི་ཁྱད་ལྡན་ས་དབྱིབས་ནི་གཞོང་ས་དང་། རི་སྒང་། ཆུ་ལུང་བཅས་འདུས་པའི་མཐོ་སྒང་ཞིག་ཡིན་ལ། དེ་ནི་འཛམ་གླིང་ཡང་རྩེ་ཞེས་པའི་མདོ་དབུས་མཐོ་སྒང་གི་ཁག་ཅིག་ཡིན། སྤྱི་ལོ2013ལོར། མཚོ་སྔོན་ས་ཁུལ་དུ་ཐོན་སྐྱེད་སྤྱི་འབོར་ནི་དུང་ཕྱུར2101.05ཡིན་པ་དང་། བསྡུར་རུང་བའི་རིན་གོང་ལྟར་རྩིས་ན། ལོ་སྔོན་མ་ལས 10.8%འཕར་སྣོན་བྱུང་ལ། འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོའི་ཁྲོད་ཨང9བ་ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青海省
ཕྱི་ཡིག་གི་མིང་།
Qinghai Province
མིང་གཞན།
ནུབ་མཚོ། མཚོ་སྔོན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནུབ་བྱང་ས་ཁུལ་དུ་གཏོགས།
མངའ་ཁོངས།
གྲོང་ཁྱེར་གཉིས་དང་རང་སྐྱོང་ཁུལ་དྲུག
སྲིད་གཞུང་གནས་ཡུལ།
ཟི་ལིང་གྲོང་ཁྱེར་ནུབ་སྲང་ཆེན་མོའི་ཨང་རྟགས12པ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0971-0979
སྦྲག་སྲིད་ཨང་རྟགས།
810000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་དྲུག་འབུལ་དགུ་ཁྲི་དྲུག་སྟོང་བདུན་བརྒྱ་ཡོད།
མི་གྲངས།
ས་ཡ་ལྔ་དང་བརྒྱད་འབུམ་སུམ་ཁྲི་བཞི་སྟོང་ཉིས་བརྒྱ་ཡོད། (སྤྱི་ལོ2014ལོར)
སྐད་རིགས།
བོད་སྐད་དང་མཚོ་སྔོན་གྱི་རྒྱའི་ཡུལ་སྐད།
གནམ་གཤིས།
མཐོ་སྒང་སྐམ་ས་ཆེན་པོ་རང་བཞིན་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
མཚོ་སྔོན་པོ་དང་སྐུ་འབུམ་དགོན་པ། རི་བོ་ཁུ་ནུ། ན་གོར་མོ་སོགས་ཡོད།
གནམ་ཐང་།
ཟི་ལིང་ཚའོ་ཅ་པའོ་གནམ་ཐང།
མེ་འཁོར་འབབ་ཚིགས།
ཟི་ལིང་འབབ་ཚིགས། ཟི་ལིང་ནུབ་ཀྱི་འབབ་ཚིགས།
རླངས་འཁོར་ཚབ་ཨང་།
青A-青H
མཐོ་རིམ་སློབ་ཆེན།
མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་སློབ་ཆེན་སོགས་ཡོད།
ཆུ་རྒྱུན་གཙོ་བོ།
རྨ་ཆུ་དང་འབྲི་ཆུ། རྫ་ཆུ།
1 ལོ་རྒྱུས།

གནའ་བོའི་དུས་སྐབས་སུ། འབྲི་ཆུའི་འགོ་ཁུངས་ཀྱི་སུམ་མདོའི་ཨ་ཆེན་གངས་རྒྱབ་དང་ཐུའོ་ཐུའོ་གཙང་བོའི་འགྲམ་རྒྱུད་སོགས་སུ་རྙེད་པའི་རྡོ་ཆས་རྙིང་བ་ལས་ལོ་ངོ་ཁྲི་ལྷག་གི་སྔོན་དུ་གནའ་བོའི་མིའི་རིགས་གནས་འདིར་འཚོ་སྡོད་བྱས་མྱོང་ཞིང་། རྡོ་ཆས་རྙིང་མ་དང་རྡོ་ཆས་གསར་མའི་བར་དུ་མང་རྫོང་ར་འོག་ཡུལ་ཚོའི་རྨ་ཆུའི་སྐས་རིམ་གཉིས་པའི་ཐལ་སྙིགས་ཁྲོད་རྡོ་ཆས་དང་རུས་ཆས། སྲོག་ཆགས་ཀྱི་ཀེང་རུས། དེ་མིན་སྲོག་ཆགས་ཀྱི་ཀེང་རུས་སྟེང་གཅོག་རྡུང་དང་ཡང་ན་མེ་སྦར་བའི་ཤུལ་འདུག་ཅིང་། དེས་སྐབས་དེར་སྲོག་ཆགས་ནི་དུས་དེའི་མིའི་རིགས་ཀྱི་འཚོ་བའི་རྒྱུ་ཆ་གལ་ཆེན་དུ་གྱུར་ཡོད་པ་གསལ་བཤད་བྱས།

ཐང་རྒྱལ་རབས་ཀྱི་ཡར་སྔོན་ལ། སྤྱི་ལོ589ནས618ལོའི་བར་ཏེ་དུས་རབས6པའི་མཇུག་ཏུ། སུའེ་རྒྱལ་རབས་བཙུགས་ཏེ་ཀྲུང་གོ་གཅིག་གྱུར་བྱས་པར་མ་ཟད། འ་ཞ་བོད་ལ་གཏོགས་པར་ཁས་ལེན་བྱས། ཡིན་ཡང་འ་ཞའི་སྐུ་དྲག་རྣམས་ཀྱིས་རྨ་ནུབ་དོག་ལམ་གྱི་དར་གོས་ཚོང་ལམ་དུ་བཀག་འགོག་དང་འཕྲོག་བཅོམ་བྱས་པས། སུའེ་ཡི་རྒྱལ་བོ་དབྱང་གིས་འ་ཞ་འདུལ་བའི་དམག་འཁྲུག་བསླངས། སྤྱི་ལོ608ལོར། འ་ཞ་ལ་ཕར་རྒོལ་བྱས་ཏེ་ཞི་ཕིང(ཟི་ལིང)དུ་དམག་དྲངས་ཤིང་། འ་ཞ་ཚོ་བའི་མགོ་འདོགས་པ100000ལྷག་བརྒལ། དུས་མཚུངས་སུ་ནུབ་མཚོ་ཅུན་དང་ཧོ་ཧོང་ཅུན་བཙུགས་ཏེ་མཚོ་སྔོན་པོའི་ཤར་རྒྱུད་དང་ལྷོ་རྒྱུད་ཚོད་འཛིན་བྱས་པ་དང་། སུའེ་རྒྱལ་རབས་ཀྱི་དུས་མཇུག་ཏུ་འ་ཞའི་ཧྥུ་ཡུན་གྱིས་མང་ཚོགས་ཁྲིད་དེ་མཚོ་སྔོན་པོའི་མཐའ་འཁོར་དུ་བསླེབས།

ཐང་དང་སུང་རྒྱལ་རབས་ཀྱི་དུས་སྐབས་སུ། སྤྱི་ལོའི་དུས་རབས10བ་ནས་དུས་རབས13བར། སྤྱི་ལོ960ལོར། ཀྲའོ་ཁོང་དབྱིན་གྱིས་ཀྲོའུ་རྒྱལ་རབས་རྗེས་མའི་ཚབ་བྱས་ཏེ་སུང་རྒྱལ་རབས་བཙུགས་པ་དང་། རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུས་ཕན་ཚུན་རྩོད་འཛིན་གྱི་རྣམ་པ་མཇུག་སྒྲིལ་བར་བྱས། སྤྱི་ལོའི་དུས་རབས11པའི་དུས་འགོར། མཚོ་སྔོན་ཤར་ཕྱོགས་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་སྟོབས་ཤུགས་ཀྱིས་བོད་བཙན་པོའི་གདུང་རྒྱུད་ལས་མཆེད་པའི་ཇོ་སྲས་རྒྱལ་བོར་འཁོད་ཅིང་ཙོང་ཁའི་རྒྱལ་བོ་རུ་གྲགས་ལ། རྒྱལ་ས་གྱི་ཐང་དུ(ད་ལྟའི་ཟི་ལིང)བཙུགས། དེས་ཕྱོགས་གཅིག་ནས་ཐུ་བྷོད་ཀྱི་རིག་གནས་སྲོལ་རྒྱུན་སྲུང་འཛིན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་ཡོན་ས་ཁུལ་གྱི་རྒྱའི་རིག་གནས་དང་ལེན་བྱས་ཏེ་མཚོ་སྔོན་ཤར་ཕྱོགས་ཀྱི་རིག་གནས་དང་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་བྱུང་། སྤྱི་ལོ1099ལོ་ནས1104ལོའི་བར། སུང་བྱང་མའི་ཀྲུང་དབྱང་སྲིད་དབང་ནུས་ཤུགས་ཧོ་ཧོང་ས་ཁུལ་དུ་ཐོན་པར་མ་ཟད། ཧྲན་ཀྲོའུ་དེ་ཞི་ཉིང་ཀྲོའུ་རུ་བསྒྱུར་བས།  ཞི་ཉིང(ཟི་ལིང)ཞེས་པའི་མིང་འདི་སྤྱོད་འགོ་བརྩམས།

ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ། སྤྱི་ལོ1271ལོར། སོག་པོས་རྒྱལ་ཡོངས་གཅིག་གྱུར་བྱས་ཏེ་ཡོན་རྒྱལ་རབས་བཙུགས་ཤིང་། དུས་རབས13པའི་དུས་འགོར། ­ཧོར་ཇིང་གར་རྒྱལ་བོ་ཡ་གླིང་དབུས་མ་ནས་སླར་ལོག་ཅིང་དམག་དཔུང་གི་སྣེ་ཁྲིད་དེ་ལིན་ཐའོ་ནས་ཞི་ཉིང་ཀྲོའུ(ཟི་ལིང)བཙན་བཟུང་བྱས་པར་མ་ཟད། ཧོ་ཀྲོའུ(ད་ལྟའི་ལིན་ཞ་རྫོང)རུ་ཐུ་བྷོད་ཞོན་ཝེ་སི་ཡོན་བཙུགས་ཏེ་ཀན་སུའུ་དང་། ཁྲོན་པེ། མཚོ་སྔོན་གྱི་བོད་རིགས་ས་ཁུལ་སོགས་དོ་དམ་བྱེད་དུ་བཅུག ཧོང་ཆུ་རྒྱུད་ཀྱི་རྫོང་སོ་སོ་ནི་ཞི་ཉིང་ཀྲོའུ་ཡིས་བཀོད་འདོམས་བྱས། སྐབས་དེར་འབྲོག་ཁུལ་དུ་ཐུའུ་སི་ལམ་ལུགས་སྤེལ་བ་དང་། བོད་ཀྱི་ཚོ་བའི་མཐོ་རིམ་གོ་གནས་ནི་ཐུའུ་སི་དང་། སྟོང་དཔོན་སོགས་བཞག་ཡོད་ཅིང་དེས་ཁོངས་གཏོགས་ས་ཁུལ་དབང་བསྒྱུར་བྱེད་པ་ཡིན། དུས་སྐབས་འདིར། མཚོ་སྔོན་གྱི་འབྲོག་པའི་ཚོ་བར་གཏན་འཇགས་ཀྱི་འཚོ་གནས་ཤིག་ཐོབ་པ་དང་། ཧོར་ཇིང་གིར་རྒྱལ་བོའི་རྒྱབ་སྐྱོར་འོག  བོད་བརྒྱུད་ནང་བསྟན་དེ་མཚོ་སྔོན་དུ་རིམ་བཞིན་དར་སྤེལ་བྱུང་བར་མ་ཟད་དགོན་པ་མང་བོ་འཛུགས་སྐྲུན་གནང་།

ཆིང་རྒྱལ་རབས་ཀྱི་དུས་སྐབས། སྤྱི་ལོ1644ལོར། ཆིང་རྒྱལ་རབས་ཀྱིས་དམག་དྲངས་ཏེ་རྒྱལ་ཁབ་གཅིག་གྱུར་བྱས་པ་དང་། དུས་རབས17པར། གུ་ཤྲི་ཧན་གྱིས་མཚོ་སྔོན་ལ་དབང་བསྒྱུར་བྱས་པ་དང་། སྤྱི་ལོ1653ལོར། རྒྱལ་དབང་ལྔ་བ་པེ་ཅིང་དུ་གོང་མ་ཧྲུན་ཀྲི་ལ་མཇལ་འཕྲད་དུ་ཕྱིན་ཏེ་ཕྱིར་ལོག་པའི་ལམ་བར་དུ་ཆིང་སྲིད་གཞུང་གིས་བློན་པོ་མངགས་ཏེ་གསེར་གྱི་ཆོ་ལོ་དང་གསེར་གྱི་ཐམ་ག་གནང་བ་ནས་བཟུང་ཏཱ་ལའི་བླ་མའི་གོ་གནས་དངོས་སུ་ཁག་ཐེག་བྱུང་ལ། དུས་མཉམ་དུ་གུ་ཤྲི་ཧན་ལའང་གསེར་གྱི་ཆོ་ལོ་དང་གསེར་གྱི་ཐམ་ག་གནང་སྟེ་མཚོ་སྔོན་དང་བོད་ལྗོངས་ཀྱི་དབང་སྒྱུར་གོ་གནས་ཁྲིམས་མཐུན་ཅན་དུ་བསྒྱུར། སྤྱི་ལོ1713ལོར། པཎ་ཆེན་ལ་པཎ་ཆེན་ཨེར་ཏི་ནི་ཞེས་གསོལ་ཞིང་། གསེར་གྱི་ཆོ་ལོ་དང་གསེར་གྱི་ཐམ་ག་གནང་།

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་དུས་སྐབས་སུ། སྤྱི་ལོ1912ལོ་ནས1949ལོའི་བར། ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ། པེ་དབྱང་དམག་ཤེད་ཅན་དང་གོ་མིན་ཏང་གཡས་ལྷུང་པས་ཆིང་རྒྱལ་རབས་རྒྱུད་འཛིན་བྱས་ཤིང་། སྤྱི་ལོ1949ལོར། མཱ་རྒྱུད་ཁྱིམ་རྒྱུད་ཀྱིས་ལོ་ངོ40ལ་དབང་བསྒྱུར་བ་དང་། དུས་སྐབས་འདིའི་ནང་མཱ་རྒྱུད་ཁྱིམ་རྒྱུད་ཀྱིས་མཚོ་སྔོན་མི་དམངས་ལ་དཔལ་འབྱོར་བཤུ་གཞོག་དང་། དམག་དོན་དྲག་གནོན། ཆབ་སྲིད་མནར་གཅོད་སོགས་སྔར་ལས་གདུག་རྩུབ་ཆེ་བ་བྱས། སྤྱི་ལོ1915ལོར། གོ་མིན་ཏང་གིས་སི་ཁྲོན་ལུང་ཆིང་དང་ཡུལ་ཤུལ་རུས་རྒྱུད་ཚོ་བ25བར་གྱི་འཐབ་རྩོད་ཐག་གཅོད་བྱས་ཏེ་ཡུལ་ཤུལ་ནི་ཟི་ལིང་གཞུང་དམག་གི་དོ་དམ་ཁོངས་སུ་བསྡུ་བར་ཐག་བཅད། སྤྱི་ལོ1928ལོར། གོ་མིན་ཏང་མཚོ་སྔོན་དུ་ཐོན་པ་དང་མཚོ་སྔོན་ཞིང་ཆེན་གསར་འཛུགས་བྱེད་པར་ཐག་བཅད་ཅིང་། ཟི་ལིང་དང་། ཏ་ཐུང་། གྲོ་ཚང་། ཡ་རྫི། བ་ཡན། སྟོང་སྐོར། ཁྲི་ཀ་སོགས་ས་ཁུལ་མང་བོ་མཚོ་སྔོན་ཞིང་ཆེན་གྱི་དོ་དམ་ཁོངས་སུ་བཞག སྤྱི་ལོ1929ལོའི་ཟླ1པར་མཚོ་སྔོན་ཞིང་ཆེན་དངོས་སུ་བཙུགས་པ་དང་སུན་ལེན་ཀྲུང་གིས་ཀྲུའུ་ཞིའི་འགན་ཁུར།

བཅིངས་འགྲོལ་བཏང་རྗེས། སྤྱི་ལོ1949ལོའི་ཟླ9བའི་ཚེས5ཉིན། ཟི་ལིང་བཅིངས་འགྲོལ་བྱས། སྤྱི་ལོ1949ལོའི་ཟླ9བའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་དམག་སྲིད་ཨུ་ཡོན་ལྷན་ཁང་བཙུགས་པ་ཁྱབ་སྒྲོག་བྱས། སྤྱི་ལོ1950ལོའི་ཟླ1པའི་ཚེས1ཉིན་མཚོ་སྔོན་མི་དམངས་སྲིད་གཞུང་དངོས་སུ་གྲུབ་ཅིང་ཟི་ལིང་ནི་ཞིང་ཆེན་གྱི་ལྟེ་གནས་བྱས།

2 མིང་གི་བྱུང་བ།

མཚོ་སྔོན་ནི་མཚོ་སྔོན་པོ་ལས་ཐོགས་པ་ཡིན་ཞིང་། ཐང་དང་སུང་རྒྱལ་རབས་ཀྱི་དུས་སྐབས་སུ་ཐུ་བྷོད་དུ་གཏོགས་ཤིང་། ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་དེའི་ས་ཁོངས་ཞོན་ཀྲེང་ཡོན་དོ་དམ་གྱི་ཁོངས་སུ་གཏོགས་པ་དང་། མིང་རྒྱལ་རབས་སྐབས་སུ་མདོ་ཁམས་བཀོད་འདོམས་གླིང་སོགས་ལ་གཏོགས། ཆིང་རྒྱལ་རབས་སྐབས་སུ་ཐོག་མར་དབུས་གཙང་དུ་བྱས་པ་དང་། རྗེས་སུ་ཟི་ལིང་ལས་སྒྲུབ་བློན་ཆེན་བཙུགས་ལ། དེར་མཚོ་སྔོན་ལས་སྒྲུབ་བློན་ཆེན་ཡང་ཟེར་ཞིང་། དེ་ནི་མཚོ་སྔོན་གྱི་མིང་བྱུང་བའི་ཐོག་མ་ཡིན། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ཐོག་མའི་དུས་སྐབས་སུ་མཚོ་སྔོན་ལས་སྒྲུབ་དཔོན་ཆེན་བཙུགས་པ་དང་། རྗེས་སུ་མཚོ་སྔོན་བཙུགས་ཏེ་ད་ལྟའི་བར་མིང་མ་འགྱུར་བར་གནས།

3 གནས་ཡུལ།

མེས་རྒྱལ་གྱི་ནུབ་ཕྱོགས་དང་། མདོ་དབུས་མཐོ་སྒང་གི་ཤར་བྱང་དུ་ཡོད་ཅིང་། མངའ་ཁོངས་སུ་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་སྟེ་མཚོ་སྔོན་པོ་ཡོད་པས་མིང་ཡང་དེ་ལྟར་ཐོགས། མཚོ་སྔོན་ནི་རྨ་ཆུ་དང་འབྲི་ཆུརྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པས་གཙང་གསུམ་འབྱུང་ཡུལ་དུ་གྲགས། ཤར་གྱི་གཞུང་ཐིག 89°35′-103°04′དང་བྱང་གི་འཕྲེད་ཐིག 31°9′-39°19′ཡི་བར་དུ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ1200ལྷག་དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ800ལྷག  སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ72.23དང་། རྒྱལ་ཡོངས་སྤྱིའི་རྒྱ་ཁྱོན་གྱི1/30ཟིན།

4 རང་བྱུང་ཐོན་ཁུངས།

ཆུའི་ཐོན་ཁུངས་ཏེ་འབྲི་ཆུའི་འགོ་ཁུངས་དང་། རྨ་ཆུའི་འགོ་ཁུངས། རྫ་ཆུའི་འགོ་ཁུངས། མཚོ་སྔོན་པོ། ཚྭ་མཚོ། འཁྱགས་ཀླུང་སོགས་དང་། དེ་མིན་འོད་ནུས་ཀྱི་ཐོན་ཁུངས་དང་།  འགྱུར་རྡོའི་ཐོན་ཁུངས། གཏེར་ཁུངས། ས་ཁུངས། ཕྱུགས་རིགས་ཐོན་ཁུངས། སྐྱེ་དངོས་ཐོན་ཁུངས། ནག་ལས་ཐོན་ཁུངས་སོགས་ཡོད།

5 སྲིད་འཛིན་ས་ཁོངས།

སྤྱི་ལོ2015ལོའི་བར། མཚོ་སྔོན་ལ་ས་གནས་རིམ་པའི་གྲོང་ཁྱེར2དང་། མི་རིགས་རང་སྐྱོང་ཁུལ6 རྫོང28 མི་རིགས་རང་སྐྱོང་རྫོང7 རྫོང་རིམ་པའི་གྲོང་ཁྱེར3 གྲོང་ཁྱེར་དུ་གཏོགས་པའི་ལྗོངས5 སྲིད་འཛིན་ཨུ་ཡོན་ལྷན་ཁང5 གཞི་རིམ་སྲིད་འཛིན་ལས་ཁུངས་ལ། ཡུལ་ཚོ369དང་། མི་རིགས་ཡུལ་ཚོ34 གྲོང་རྡལ36བཅས་ཡོད།

6 མི་གྲངས།

མཚོ་སྔོན་དུ་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་ཀྱི་ས་རྒྱ་ཆེ་ཞིང་མི་གྲངས་མང་བ་དང་། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ལྗོངས)46ཁྲོད་མི་གྲངས150000མན་གྱི་རྫོང37དང་། དེ་ལས་མི་གྲངས50000མན་གྱི་རྫོང23 རྨ་སྟོད་རྫོང་ལ་མི་ཆིག་ཁྲི་ལྷག་ལས་མེད།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་སུ་རྒྱུན་སྡོད་མི་གྲངས5731700ཡིན། ཡུལ་ཚོ་དང་གྲོང་རྡལ་ལྟར་ན། མཁར་གྲོང་དུ་མི2719200དང་རྒྱུན་སྡོད་མི་གྲངས་ཀྱི 47.44%ཟིན་པ་དང་། གྲོང་སྡེ་རུ་མི3012500དང་རྒྱུན་སྡོད་མི་གྲངས་ཀྱི52.56%ཟིན། ཕོ་མོའི་དབྱེ་བ་ལྟར་དབྱེ་ན། ཕོའི་མི་གྲངས2949500དང་རྒྱུན་སྡོད་མི་གྲངས་ཀྱི51.5%ཟིན། སྐྱེས་མའི་མི་གྲངས2782200དང་རྒྱུན་སྡོད་མི་གྲངས་ཀྱི 48.5%ཟིན།

7 མི་རིགས།

སྤྱི་ལོ2010ལོར་རྒྱལ་ཡོངས་མི་གྲངས་ཞིབ་བཤེར་ཐེངས་དྲུག་པ་ལྟར་ན། རྒྱ་རིགས་མི་གྲངས་ནི2983516དང་སྤྱིའི་མི་གྲངས་ཀྱི53.02%ཟིན། གྲངས་ཉུང་མི་རིགས་སོ་སོའི་མི་གྲངས་ནི2643206དངསྤྱི་མི་གྲངས་ཀྱི46.98%ཟིན། དེ་ལས་བོད་རིགས་ཀྱི་མི་གྲངས་ནི1375062དང་སྤྱིའི་མི་གྲངས་ཀྱི24.44%ཟིན། ཧུའེ་རིགས་ཀྱི་མི་གྲངསནི834298དང་སྤྱིའི་མི་གྲངས་ཀྱི14.83%ཟིན། ཧོར་རིགས་ཀྱི་མི་གྲངས་ནི204413དང་སྤྱིའི་མི་གྲངས་ཀྱི3.63%ཟིན། ཟ་ལར་རིགས་ཀྱི་མི་གྲངས་ནི107089དང་སྤྱིའི་མི་གྲངས་ཀྱི1.90%ཟིན། སོག་རིགས་ཀྱི་མི་གྲངས་ནི99815དང་སྤྱིའི་མི་གྲངས་ཀྱི1.77%ཟིན། གྲངས་ཉུང་མི་རིགས་གཞན་དག་གི་མི་གྲངས་ནི22529དང་སྤྱིའི་མི་གྲངས་ཀྱི0.40%ཟིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-07

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།