སྲིད་ཏང་།
སྲིད་ཏང་ནི་ཉེ་དུས་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ནས་བྱུང་བ་ཞིག་ཡིན། བཀས་བཀོད་རྒྱུད་འཛིན་སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་བྱེད་པའི་གསར་བརྗེ་ནང་སྔོན་ལ་འབྱོར་ལྡན་གྲལ་རིམ་གྱི་སྲིད་ཏང་བྱུང་བ་དང་། སྔ་ཤོས་དེ་དུས་རབས 17 པའི་ལོ་རབས 70 བར་དབྱིན་ཇིར་བྱུང་བའི་ཧའེ་ཀེ་ཏང་དང་ཐོ་ལི་ཏང་གཉིས་ཡིན་པ་དང་། དེ་རྗེས་འབྱོར་ལྡན་གྲལ་རིམ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་དུ་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་བྱུང་བ་དང་། 1847 ལོར་བྱུང་བའི་གུང་ཁྲན་རིང་ལུགས་ཀྱི་མནའ་མཐུན་རྩ་འཛུགས་དེ་འཛམ་གླིང་ཐོག་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་ཐོག་མ་དེ་ཡིན། 1894 ལོའི་ཟླ 11 པར་སུན་ཀྲུང་ཧྲན་གྱིས་ཨ་རིའི་ཙན་དན་རི་བོར་ཀྲུང་དར་ལྷན་ཚོགས་བཙུགས་པ་དེ་ནི་ཀྲུང་གོའི་ལོ་རྒྱུས་ཐོག་དངོས་སུ་བཙུགས་པའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་ཤོག་ཁའི་སྲིད་ཏང་ཐོག་མ་དེ་ཡིན། ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་སྟེ་གུང་ཁྲན་ཏང་ནི 1921 ལོའི་ཟླ 7པར་བཙུགས་པ་ཞིག་ཡིན།
སྲིད་ཏང་ནི་གྲལ་རིམ་ངེས་ཀྱི་ཁེ་ཕན་གྱི་ཚབ་བྱེད་པའི་ཆབ་སྲིད་ཚོགས་པ་ཞིག་དང་། གྲལ་རིམ་འཐབ་རྩོད་ཀྱི་ལག་ཆ་ཞིག་ཡིན་པས། གྲལ་རིམ་རྨང་གཞིར་གཞིགས་ནས་འབྱོར་ལྡན་གྲལ་རིམ་གྱི་སྲིད་ཏང་དང་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་རིགས་གཉིས་སུ་དབྱེ་བ་དང་། ད་དུང་ས་བདག་གྲལ་རིམ་གྱི་སྲིད་ཏང་དང་འབྱོར་ཆུང་གྲལ་རིམ་གྱི་སྲིད་ཏང་གཉིས་སུ་དབྱེ་བ། འདུ་ཤེས་འཛིན་སྟངས་ལ་གཞིགས་ནས་དབྱེ་ན། མ་རྩ་རིང་ལུགས་ཀྱི་སྲིད་ཏང་དང་དམངས་གཙོ་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་། གུང་ཁྲན་རིང་ལུགས་ཀྱི་སྲིད་ཏང་། མི་རིགས་རིང་ལུགས་ཀྱི་སྲིད་ཏང་བཅས་ཀྱི་དབྱེ་བ་ཡོད་པ་ཡིན། ཆབ་སྲིད་ཀྱི་གནས་བབ་ལྟར་དབྱེ་ན། སྲིད་འཛིན་ཏང་དང་སྲིད་འཛིན་མ་ཡིན་པའི་ཏང་གི་དབྱེ་བ་ཡོད་ལ། ད་དུང་ཁྲིམས་མཐུན་ཏང་དང་ཁྲིམས་མཐུན་མ་ཡིན་པའི་ཏང་། གསང་བའི་ཏང་སོགས་ཀྱི་དབྱེ་བ་ཡོད་པ་ཡིན།
སྲིད་ཏང་གི་རྩ་བའི་ཁྱད་ཆོས་སམ་མཐུན་རྐྱེན།
1 ཆབ་སྲིད་རྩ་འཛིན་གསལ་བོ་དང་ཞིབ་ཕྲ་ཡོད་པ།
2 ཀྲུང་དབྱང་ནས་གཞི་རིམ་བར་རྩ་འཛུགས་ཀྱི་མ་ལག་ཆ་ཚང་ཡོད་པ།
3 ཏང་ཡོན་དང་རིམ་པ་ཁག་གི་འགོ་ཁྲིད་མི་སྣའི་གྲང་འབོར་ངེས་ཅན་ཡོད་པ།
4 ཏང་ཡོན་གྱི་བྱ་སྤྱོད་གཅུན་བྱེད་སྒྲིག་ཁྲིམས་ཡོད་པ།
5 ཆབ་སྲིད་རྩ་འཛིན་མངོན་དུ་འགྱུར་སླད་ནུས་ཤུགས་གང་ཡོད་ཀྱིས་རྒྱལ་ཁབ་ཀྱི་སྲིད་དབང་བརྩོན་ལེན་དང་ཐེ་ཞུགས་བྱེད་པའི་བྱེད་སྒོ་ཡོད་པ་བཅས་ཡིན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-11-11
གསར་སྤེལ་མཁན། :གངསསྨྱུག་སྲས།