ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས།
ཞིན་ཅང་གི་མིང་ཧྲིལ་བོ་ནི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཞེས་པ་དེ་ཡིན་པ་དང་། མིང་བསྡུས་ན་ཞིན་ཞེས་འབོད་པ་ཡིན་ལ། ཀྲུང་གོའི་ནུབ་བྱང་གི་མཐའ་མཚམས་སུ་ཡོད་ཅིང་། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1660000 ཡོད་དེ། རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི1/6 ཟིན་ཡོད་པར་མ་ཟད། ཀྲུང་གོའི་སྐམ་སའི་ཐོག་གི་རྒྱ་ཁྱོན་ཆེས་ཆེ་བའི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ་དེ་ཡིན། དེ་ཡང་ཞིན་ཅང་ནི་ཡ་ཨོ་སྐམ་ས་ཆེན་པོར་གནས་པ་དང་། སྐམ་སའི་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ5600ལྷག་ཡོད་པ་ཡིན་ཞིང་། མཐའ་འཁོར་ནི་ཨུ་རུ་སུ་དང་ཧ་ས་ཁོ་སི་ཐན། ཅི་ཨེར་ཅི་སི་ཐན། ཕ་ཁི་སི་ཐན། མོང་གོལ། རྒྱ་གར། ཨ་ཧྥུ་ཧན་བཅས་རྒྱལ་ཁབ་བརྒྱད་དང་འབྲེལ་ནས་ཡོད་ལ། ལོ་རྒྱུས་ཐོག་ཏུ་གནའ་བོའི་ཟ་འོག་དར་ལམ་གྱི་རྒྱུ་ལམ་གཙོ་བོ་ཡིན། དེང་སྐབས་ནི་ཡ་ཨོ་སྐམ་ས་ཆེན་པོའི་ཟམ་ཆེན་གཉིས་པའི་བརྒྱུད་ལམ་གཙོ་བོ་ཡིན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་མི་རིགས47 ཡོད་དེ། གཙོ་བོ་ཡུ་གུར་རིགས་དང་ཧ་སག་རིགས། ཧུའེ་རིགས། ཁོར་ཁེ་ཙི་རིགས། ཞི་པོ་རིགས། ཐ་ཅི་ཁེ་རིགས། ཨུ་རུ་སུ་རིགས་ཡིན་ལ། ཀྲུང་གོའི་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་ལྔའི་གྲས་ཀྱི་གཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新疆维吾尔自治区
ཕྱི་ཡིག་གི་མིང་།
Xinjiang Uygur Autonomous Region
མིང་གཞན།
ནུབ་ལྗོངས། ཨན་ཞི། ཞིན་ཅང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་ལྗོངས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནུབ་བྱང་ས་ཁུལ།
མངའ་ཁོངས།
གྲོང་ཁྱེར་བཞི་ཡོད།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
(+86)0991—0909
སྦྲག་སྲིད་ཨང་རྟགས།
830000—840000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་དང་དྲུག་འབུམ་དྲུག་ཁྲི།
མི་གྲངས།
བྱེ་བ་གཉིས་དང་ས་ཡ་གཅིག བརྒྱད་འབུམ་ཆིག་ཁྲི་དང་གྲངས་ཆུང་གསུམ་གསུམ།(སྤྱི་ལོ2010ལོར)
སྐད་རིགས།
རྒྱ་སྐད། ཡུ་གུར་སྐད། ཧཱ་ས་ཁུ་སྐད།
གནམ་གཤིས།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཐེན་ཧྲན། ཀའོ་ཁྲང་གནའ་མཁར། པོ་སི་ཐིང་མཚེའུ་སོགས།
གནམ་གྲུ་ཐང་།
ཝུའུ་ལུའུ་མུའུ་ཆི་རྒྱལ་སྤྱིའི་གནམ་གྲུ་ཐང་།
རླངས་འཁོར་ཨང་རྟགས།
新A—新R
1 གནས་ཡུལ།

ཞིང་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ནི་ཤར་གྱི་གཞུང་ཐིག73°40′—96°18 དང་བྱང་གི་འཕྲེད་ཐིག34°25′—48°10′ཡི་བར་དུ་གནས་ཤིང་། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1660000དེ། རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི1/6ཟིན་ཡོད་པར་མ་ཟད། ཀྲུང་གོའི་སྐམ་སའི་ཐོག་གི་རྒྱ་ཁྱོན་ཆེས་ཆེ་བའི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ་དེ་ཡིན་ལ། དེའི་རྒྱ་ཁྱོན་ནི་ཅང་སུའུ་དང་ཀྲེ་ཅང་ཞིང་ཆེན་གཉིས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་ལྡབ་བརྒྱད་ཡོད་པ་དང་། དེ་ལས་སྟོང་སྨི་གྲུ་བཞི་མ40000 ཡི་ལྷག་མ་ཡོད་པ་ཡིན། གཞན་པ་དབྱིན་ཀུའོ་ལེང་སོག་རིགས་རང་སྐྱོང་ཁུལ་གྱི་རུའོ་ཆང་རྫོང་ནི་ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་བའི་རྫོང་དེ་ཡིན།

2 གནམ་གཤིས།

ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ནི་རྒྱ་མཚོ་དང་ཐག་རིང་བ་དང་། རྒྱ་མཚོ་དང་བར་ཐག་རིང་བའི་སྐམ་ས་རུ་ཡོད་ཅིང་། མཐའ་འཁོར་དུ་རི་བོ་མཐོན་པོས་བཀག་ཡོད་ལ། རྒྱ་མཚོའི་རླངས་རྒྱུན་ཐོན་དཀའ་བས། དྲོད་ཁུལ་སྐམ་ས་རང་བཞིན་གྱི་ནམ་ཟླའི་ཁྱད་ཆོས་མངོན་གསལ་ཡིན། ཡང་དྲོད་ཚད་ཀྱི་བར་ཁྱད་ཅུང་ཆེ་བ་དང་ཆར་ཆུ་འབབ་པ་ཉུང་བ་ཡིན་ལ། ནམ་ཟླ་ཧ་ཅང་སྐམ་ཤས་ཆེ་བ་ཡིན། དེ་ཡང་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི150 ཡས་མས་ཡིན་མོད། འོན་ཀྱང་ས་ཁུལ་སོ་སོའི་ཆར་ཆུ་འབབ་ཚད་ཀྱི་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཞིང་། ཆེས་འཁྱག་པའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་གོར་ཐིག་མན་གྱི་དྲོད་ཚད20℃ མན་ཡིན་པས། རྒྱལ་ཡོངས་ཀྱི་ཆེས་འཁྱག་པའི་ས་ཁུལ་གྲས་ཀྱི་གཅིག་ཡིན་པ་དང་། ཆེས་དྲོ་བའི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི33℃ཡན་ལ་སོན་པར་མ་ཟད། ཆེས་མཐོ་བའི་དྲོད་ཚད་ནི49.6℃  ལ་འབུད་མྱོང་བ་ཡིན།

3 མི་རིགས།

ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ནི་མི་རིགས་མང་བོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་ལ། མི་རིགས47 ཡོད་པ་ཡིན་ཞིང་། དེའི་ཁྲོད་ཀྱི་གཞིས་ཆགས་མི་རིགས་ནི་ཡུ་གུར་རིགས་དང་རྒྱ་རིགས། ཧ་སག་རིགས། ཧུའེ་རིགས། ཁོར་ཁེ་ཙི་རིགས། སོག་རིགས། ཐ་ཅི་ཁེ་རིགས། ཞི་པོ་རིགས། མན་ཇུ་རིགས། ཝུའུ་ཙི་པིའེ་ཁེ་རིགས། ཨུ་རུ་སུ་རིགས། ཏ་ཝོར་རིགས། ཐ་ཐར་རིགས་བཅས་ཡོད་པ་ཡིན།


བརྡ་འགྲེལ་གདོང་འཛར།

ས་ཁོངས། རང་སྐྱོང་ལྗོངས། ཞིན་ཅང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-07

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།