མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་བོད་རིགས་གཙོ་བྱས་པའི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་ས་ཁུལ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་དྲུག་གི་གྲས་ཀྱི་གཅིག་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ34068.44ཡོད། མངའ་ཁོངས་སུ་འཇུ་ལག་རྫོང་དང་མདོ་ལ་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་བཅས་རྫོང་བཞི་དང་ཞིང་ར་གཅིག་སྟེ་མཚོ་སྔོན་པོ་ཞིང་ར་བཅས་ཡོད། ཁྱོན་སྡོམ་ཡུལ་ཚོ19དང་གྲོང་རྡལ11ཡོད་པ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང214ཡོད། མཚོ་བྱང་ཁུལ་ཞེས་པའི་མིང་ནི་སྙན་པའི་གྲགས་པ་ཕྱོགས་ཀྱི་མཐའ་ལ་འཕུར་བའི་མཚོ་ཁྲི་ཤོར་རྒྱལ་མོའམ་ཡོངས་གྲགས་སུ་མཚོ་སྔོན་པོ་རུ་འབོད་པའི་མཚོ་མོ་དེའི་བྱང་ཕྱོགས་ཀྱི་ཕང་བར་ཆགས་པས་མིང་དེ་ལྟར་ཐོགས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海北藏族自治州
ཕྱི་ཡིག་གི་མིང་།
Tibetan Autonomous Prefecture of Haibei
མིང་གཞན།
མཚོ་བྱང་ཁུལ།
སྲིད་འཛིན་རིགས་དབྱེ།
རང་སྐྱོང་ཁུལ།
སྲིད་འཛིན་ཁོངས་གཏོགས།
ཀྲུང་གོའི་མཚོ་སྔོན་ཞིང་ཆེན།
མངའ་ཁོངས།
མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་། མདོ་ལ་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་བཅས་རྫོང་བཞི་ཡོད།
སྲིད་གཞུང་གནས་ཡུལ།
མདའ་བཞི་རྫོང་།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0970
སྦྲག་སྲིད་ཨང་རྟགས།
810300
ས་གནས།
མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་ཡོད་དེ། མཚོ་སྔོན་པོའི་བྱང་འགྲམ་དུ་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་སུམ་ཁྲི་ལྔ་སྟོང་ཡོད།
མི་གྲངས།
ཉིས་འབུམ་དགུ་ཁྲི་བདུན་སྟོང་བརྒྱ་མེད་གཅིག་ཡོད།
སྐད་རིགས།
བོད་ཨ་མདོའི་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
གསེར་དངུལ་ཐང་། མཚོ་སྔོན་པོ་བྱེ་གླིང་། མཚོ་སྔོན་པོ་མཚེར་བ་རིའམ་བྱ་གླིང་། མཚོ་སྔོན་པོའི་བྱེ་གླིང་། འཇུ་ལག་ལོག་དཀར་མེ་ཏོག་སོགས་མང་པོ་ཡོད།
མེ་འཁོར་ས་ཚུགས།
མདའ་བཞི་ས་ཚུགས། མཚོ་སྔོན་པོ་ས་ཚུགས།
རླངས་འཁོར་ཨང་རྟགས།
青C
དཀར་ཆག
1   ​ངོ་སྤྲོད་རགས་བསྡུས།
2   སྲིད་འཛིན་ཁོངས་དབྱེ།       
3   ས་ཁམས་ཁོར་ཡུག
3.1 ས་གནས།
3.2 ས་བབ། 
3.3 གནམ་གཤིས།
4   རང་བྱུང་གི་ཐོན་ཁུངས།
4.1 འཁྱག་རོམ་དང་ཆུ་བོ་མཚེའུ།   
4.2 ཆུ་ཤུགས་ཐོན་ཁུངས།
4.3 རླུང་ནུས་ཐོན་ཁུངས།
4.4 ཉི་ནུས་ཐོན་ཁུངས།
4.5 གཏེར་ཁའི་ཐོན་ཁུངས།
4.6 སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས།
4.7 ས་ཞིང་ཐོན་ཁུངས།
4.8 ནགས་ཚལ་ཐོན་ཁུངས།
4.9 རྩྭ་ཐང་གི་ཐོན་ཁུངས།
4.10 གནས་སྐོར་གྱི་ཐོན་ཁུངས།
5   མི་གྲངས་དང་མི་རིགས།
5.1 མི་གྲངས།
5.2 མི་རིགས།
6   འགྲིམ་འགྲུལ་སྐྱེལ་འདྲེན།
7   དཔལ་འབྱོར།
8   སྤྱི་ཚོགས།
8.1 རིག་གནས་ལས་དོན།
8.2 སྨན་བཅོས་ལས་དོན།
8.3 སློབ་གསོའི་ལས་དོན།
8.4 སྤྱི་ཚོགས་ལས་དོན།
9   མཛེས་ལྗོངས།
9.1 སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
9.2 གངས་ཞོ་བླུགས།
9.3 བྱེ་གླིང་།
9.4 མཚེར་བ་རིའམ་བྱ་གླིང་།
10   ཆོས་སྡེ་གྲགས་ཅན།
1 ​ངོ་སྤྲོད་རགས་བསྡུས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་གནའ་ནས་ད་ལྟའི་བར་བོད་རིགས་འདུས་སྡོད་བྱེད་སའི་ས་ཁུལ་ཞིག་ཡིན་ལ། ད་ལྟ་ནི་བོད་རིགས་གཙོ་བྱས་པའི་རྒྱ་དང་སོག་པོ། ཧུའེ་རིགས། ཧོར། ཟ་ལར་སོགས་མི་གྲངས་ཉིས་འབུམ་དགུ་ཁྲི་བདུན་སྟོང་བརྒྱ་མེད་གཅིག་གིས་གྲུབ་པའི་སྲིད་འཛིན་ས་ཁུལ་ཞིག་ཡིན། མཚོ་བྱང་ཁུལ་ཞེས་པའི་མིང་ནི་མཚོ་སྔོན་པོའི་བྱང་རྒྱུད་དུ་གནས་པས་མིང་དེ་ལྟར་ཐོགས། 

མཚོ་བྱང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་ཡོད་དེ། བྱང་ཕྱོགས་ནི་ཀན་སུའུ་ཞིང་ཆེན་དང་ཐག་ཉེ་བ་ཡིན་ལ། ཤར་གྱི་གཞུང་ཐིག98°05′-102°41དང་བྱང་གི་འཕྲེད་ཐིག36°44′-39°05′ཡི་བར་དུ་གནས་པ་ཡིན། དེ་ཡང་ཤར་ལྷོའི་ཕྱོགས་ནི་མཚོ་ཤར་ས་ཁུལ་གྱི་རྟ་ཐང་དང་དགོན་ལུང་། སྐུ་འབུམ། སྟོང་སྐོར་བཅས་རྫོང་བཞི་དང་འབྲེལ་ཡོད་ཅིང་། ནུབ་ཕྱོགས་ནི་མཚོ་ནུབ་ཁུལ་གྱི་ཐེམ་ཆེན་རྫོང་ལ་འབྲེལ་ཡོད་པ་དང་། ལྷོ་ཕྱོགས་ནི་མཚོ་ལྷོ་ཁུལ་གྱི་གསེར་ཆེན་རྫོང་གཉིས་ཀྱི་བར་དུ་མཚོ་སྔོན་པོས་བཅད་པ་དང་ཁ་གཏད་དུ་ཡོད། ཡང་བྱང་ཤར་ནི་ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་རང་སྐྱོང་རྫོང་དང་ཧྲན་ཏན། རྨིན་ལེ། ཡུང་ཁྲང་། ཀྲང་ཡེ། སུའུ་ནན་སོགས་རྫོང་དང་གྲོང་ཁྱེར་བཅས་ལ་ཐག་ཉེ་བ་ཡིན། གཞན་ཁུལ་སྲིད་གཞུང་ནི་མདའ་བཞི་རྫོང་ཐོག་ཏུ་ཡོད་ཅིང་། ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་གྱི་བར་ལ་བར་ཐག་སྟོང་སྨི103ཡོད་ལ། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི413ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྟོང་སྨི261ཡོད། ཡང་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ34700ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི4.71%ཟིན།

2 སྲིད་འཛིན་ཁོངས་དབྱེ།       

སྤྱི་ལོ1953ལོའི་ཟླ12པའི་ཚེས31ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ལྗོངས“区”བཙུགས་པ་ཡིན། སྤྱི་ལོ1955ལོའི་ཟླ5པའི་ཚེས20ཉིན་རང་སྐྱོང་ཁུལ་ཏེ“州”ཏུ་བསྒྱུར། ཁུལ་སྲིད་གཞུང་འཇུ་ལག་རྫོང་རྒྱ་མདོ་གྲོང་རྡལ་དུ་གནས་བཅས། སྤྱི་ལོ1993ལོའི་ཟླ7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ(སྔོན་གྱི་རྒྱལ་གཉེར221བཟོ་གྲྭ)གནས་སྤར། གནས་འདིའི་མཚོ་འཕགས་མཐོ་ཚད་སྨི3100ཡིན་ཞིང་། ཟི་ལིང་དང་བར་ཐག་སྤྱི་ལེ104 ཡོད། རང་སྐྱོང་ཁུལ་གྱི་ཁོངས་གཏོགས་སུ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་དང་། མདའ་བཞི་རྫོང་། མདོ་ལ་རྫོང་། རྐང་ཚ་རྫོང་། མཚོ་སྔོན་པོ་ཞིང་ར་བཅས་ཡོད་ལ། ཁུལ་ཡོངས་སུ་གྲོང་རྡལ11དང་། ཡུལ་ཚོ19སྡེ་དམངས་ཨུ་ཡོན་ལྷན་ཁང214ཡོད་ཅིང་དེའི་ཁྲོད་ཕྱུགས་ལས་སྡེ་དམངས་ཨུ་ཡོན་ལྷན་ཁང77ཡོད། གཞིས་ཁུལ13ཡོད།

འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་ལ་གྲོང་རྡལ4དང་ཡུལ་ཚོ8དང་། སྡེ་དམངས་ཨུ་ཡོན་ལྷན་ཁང109དང་། གཞིས་ཁུལ7ཡོད། གྲོང་རྡལ་དང་ཡུལ་ཚོ་སོ་སོ་ནི། རྒྱ་མདོ་གྲོང་རྡལ། ཤར་ཐང་གྲོང་རྡལ། ཆུ་མིག་གྲོང་རྡལ། བྱེ་སྣ་སྔོ་ལྡང་གྲོང་རྡལ་། སེམས་ཉིད་ཡུལ་ཚོ། འབྲུ་གུ་ཡུལ་ཚོ། བྱང་རི་ཡུལ་ཚོ། སྲིབ་ཞིང་ཡུལ་ཚོ། སྐྱེར་མ་ཡུལ་ཚོ། ནུང་ཐང་ཡུལ་ཚོ། གསེར་ཆུ་ཐང་ཡུལ་ཚོ། རྒྱལ་མཁར་ཡུལ་ཚོ་བཅས་ཡིན།

མདོ་ལ་རྫོང་ལ་གྲོང་རྡལ3དང་། ཡུལ་ཚོ4དང་། སྡེ་དམངས་ཨུ་ཡོན་ལྷན་ཁང45གཞིས་ཁུལ2ཡོད། གྲོང་རྡལ་དང་ཡུལ་ཚོ་སོ་སོ་ནི། བཙུན་མོ་གཞོང་གྲོང་རྡལ་དང་མཁར་དམར་གྲོང་རྡལ་དང་། མུ་རི་གྲོང་རྡལ་། ཨ་རིག་ཡུལ་ཚོ། རྫ་དམར་ཡུལ་ཚོ། འབྲོང་ལུང་ཡུལ་ཚོ། གཡང་ལུང་ཡུལ་ཚོ་བཅས་ཡིན།

རྐང་ཚ་རྫོང་ལ་གྲོང་རྡལ2དང་། ཡུལ་ཚོ3དང་། སྡེ་དམངས་ཨུ་ཡོན་ལྷན་ཁང31དང་། གཞིས་ཁུལ1ཡོད། གྲོང་རྡལ་དང་ཡུལ་ཚོ་སོ་སོ་ནི། འོམ་ཆུ་གྲོང་རྡལ། དཔལ་དགེ་གྲོང་རྡལ། གཡི་དཀར་འོམ་ལུང་ཡུལ་ཚོ། སྐྱིད་སྨོན་ཡུལ་ཚོ། མཚོ་འཁྱིལ་ཡུལ་མཚོ་བཅས་ཡིན།

མདའ་བཞི་རྫོང་ལ་གྲོང་རྡལ2དང་། ཡུལ་ཚོ4དང་། སྡེ་དམངས་ཨུ་ཡོན་ལྷན་ཁང29དང་། གཞིས་ཁུལ3ཡོད། གྲོང་རྡལ་དང་ཡུལ་ཚོ་སོ་སོ་ནི། ནུབ་མཚོ་གྲོང་རྡལ། མཁར་ཟུར་གསུམ་གྲོང་རྡལ། གསེར་ཐང་ཡུལ་ཚོ། མཚོ་སྔོན་པོ་ཡུལ་ཚོ། དཔལ་རྒྱན་ཡུལ་ཚོ། ཝ་གྱོག་ཡུལ་ཚོ་བཅས་ཡིན། 

མཚོ་སྔོན་པོ་ཞིང་ར་ནི་ཁུལ་གཏོགས་རྒྱལ་གཉེར་ཞིང་ར་ཡིན།

3 ས་ཁམས་ཁོར་ཡུག
3_1 ས་གནས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་ལ། ཤར་ལྷོ་ནི་རྟ་ཐང་དང་ཧོར་རྫོང་། སྐུ་འབུམ། སྟོང་སྐོར་བཅས་རྫོང་དང་འབྲེལ་ཡོད་པ་དང་། ནུབ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་དང་མཐའ་འབྲེལ། ལྷོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དང་མཚོ་སྔོན་པོས་བར་ཆོད་དེ་ཁྱིམ་མཚེས་སུ་གནས། བྱང་ནི་ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་དང་། ཧྲན་ཏན། མེང་ལིག སུའུ་ནན་བཅས་རྫོང་གི་མཐའ་མཚམས་དང་འབྲེལ་ཡོད། ཁུལ་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ413.45དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ261.41ཡོད། ས་ཆའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ34068.44ཡོད་པ་དང་དེས་ཞིང་ཆེན་ཡོངས་ཀྱི་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི4.71%ཟིན།

3_2 ས་བབ། 

མཚོ་བྱང་ཁུལ་ནི་མདོ་ལ་རིང་མོའི་དཀྱིལ་དབུས་སུ་གནས་པ་དང་། དམུ་རིའི་རི་རྒྱུད་ནི་བརྗིད་ཆགས་ཤིང་མེ་ལ་གངས་དཀར་དང་ཨ་མྱེས་སྟོང་སོ། རྐང་ཚའི་རྫ་དམར་སོགས་ནི་མཚོ་བྱང་མཐོ་སྒང་གི་རུས་སྒྲོམ་གཙོ་བོ་ཡིན་པ་དང་། ས་བབ་ནུབ་མཐོ་ལ་ཤར་དམའ་ཞིང་། རི་བོ་མང་ཆེ་བ་མཚོ་འཕགས་སྨི4000ཡས་མས་ཡིན་ལ། ཆེས་མཐོ་བའི་རི་ཡི་མཚོ་འཕགས་སྨི5287ཡིན་པ་དང་། ཆུ་ནག་སྨད་རྒྱུད་ཀྱི་ལུང་ཤུར་ཆེས་དམའ་བ་མཚོ་འཕགས་སྨི2180ཡིན་པ་དང་བལྟོས་བཅས་ཀྱི་མཐོ་དམན་སྨི3100ཡོད་ལ། ཆ་སྙོམས་མཚོ་འཕགས་ཀྱི་མཐོ་ཚད་སྨི3654ཡིན། མཚོ་འཕགས་སྨི3000ཡན་བརྒལ་བའི་ས་ཆའི་རྒྱ་ཁྱོན་ཀྱིས་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི85%ཡན་ཟིན་ཡོད། ཁུལ་ཡོངས་ཀྱི་ས་བབ་དེ་ས་དབྱིབས་ཁུལ་གསུམ་དུ་ཕྱེ་སྟེ། གཅིག་ནི་མདོ་ལ་རིང་མོ་ས་མཐོའི་ས་དབྱིབས་ཁུལ་ཡིན་ཏེ། དེའི་ནང་དུ་མདོ་ལ་རྫོང་ཡོངས་དང་རྐང་ཚ་དང་། མདའ་བཞི་རྫོང་ཁོངས་ཀྱི་རྟ་ཐང་རི་བོ་དབྱེ་མཚམས་བྱས་པའི་བྱང་ཕྱོགས་ཀྱི་ས་རྒྱ་ཆེན་པོ་ཡིན་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ16965.86ཡོད། དེས་མཚོ་བྱང་ཁུལ་གྱི་ས་རྒྱ་སྤྱིའི་རྒྱ་ཁྱོན་གྱི54.6%ཟིན། གཉིས་ནི་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་མཚོ་འགྲམ་ས་དབྱིབས་ཁུལ་ཡིན་ཏེ། དེ་ནི་རང་རྒྱལ་གྱི་མིང་དུ་གྲགས་པའི་ཚྭ་མཚོ་ཆེན་པོ་སྟེ་མཚོ་སྔོན་པོ་སྐམ་སའི་དབུས་ཁུལ་གྱི་གཤོང་སའི་ཆ་ཤས་ཤིག་ཡིན་པ་དང་། དེར་མདའ་བཞི་རྫོང་དང་རྐང་ཚ་རྫོང་ཁོངས་ཀྱི་རྟ་ཐང་རི་བོ་དབྱེ་མཚམས་བྱས་པའི་ལྷོ་རྒྱུད་དང་། མཚོ་སྔོན་པོའི་བྱང་རྒྱུད། ཙོང་ཆུའི་སྟོད་རྒྱུད་ཀྱི་ས་ཆ་དག་ཡིན་ཏེ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9937.26ཡོད། དེས་མཚོ་བྱང་ཁུལ་གྱི་ས་རྒྱ་སྤྱིའི་རྒྱ་ཁྱོན་གྱི29.17%ཟིན། གསུམ་ནི་འཇུ་ལག་ཆུ་རྒྱུད་ཀྱི་ས་དབྱིབས་ཁུལ་ཡིན་ཏེ། དེའི་ནང་འཇུ་ལག་རྫོང་ཁོངས་ཚང་མ་འདུས་ཤིང་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7165.32ཡོད་པ་དང་། དེས་མཚོ་བྱང་ཁུལ་གྱི་ས་རྒྱ་སྤྱིའི་རྒྱ་ཁྱོན་གྱི21.03%ཟིན། 

3_3 གནམ་གཤིས།

མཚོ་བྱང་ཁུལ་གྱི་ནམ་ཟླ་ནི་ས་མཐོའི་སྐམ་ས་ཆེན་མོའི་ནམ་ཟླ་རུ་གཏོགས་ཤིང་། དེའི་ཁྱད་ཆོས་ནི་གྲང་ངར་ཆེ་བའི་ཡུན་རིང་ལ་བསིལ་དྲོད་ལྡན་པའི་དུས་ཡུན་ཐུང་བ་དང་། ཉི་འོད་ཕོག་ཚད་ཧ་ཅང་མོད་ལ་ཉི་མའི་འཕྲོ་འགྱེད་དྲག སྐམ་བརླན་མངོན་པར་གསལ་བ་དང་། ཚ་བ་དང་ཆར་བ་དུས་མཉམ། མཚན་ཆར་དང་མཚན་ལྷགས་ཆེ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད-2.4> ℃ ~ 1.4 ℃ཡིན་པ་དང་། དྲོད་ཚད་མཐོ་ཤོས33.3℃དང་། དྲོད་ཚད་དམའ་ཤོས-36.3℃ཡིན་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི426.8ཡིན་པ་དང་། ཆར་ཆུ་འབབ་ཚད་མཐོ་ཤོས་ཧའོ་སྨི479.4དང་། ཆར་ཆུ་འབབ་ཚད་དམའ་ཤོས་ཧའོ་སྨི341.1ཡིན། ལོའི་ཉི་འོད་ཕོག་ཡུན་དུས་ཚོད2517.6~ 2995.3ཡིན། བལྟས་མེད་ཀྱི་སད་མེད་དུས་མེད།    

4 རང་བྱུང་གི་ཐོན་ཁུངས།
4_1 འཁྱག་རོམ་དང་ཆུ་བོ་མཚེའུ།   

མཚོ་བྱང་ཁུལ་གྱི་མངའ་ཁོངས་སུ་འཁྱག་རོམ་རྒྱ་ཆེན་པོ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ371.71དང་། མཚོ་བྱང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི1.09%ཟིན། འཁྱགས་རོམ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར130.44ཡོད་ཅིང་རི་མཐོའི་ཆུ་རྡུལ་སྙོམས་སྒྲིག་བྱས་ཏེ་བཞུར་ཆུའི་ཁ་གསབ་ཀྱི་ཁུངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། བཞུར་ཚད་ལ་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ0.5ལས་ཆེ་བའི་ཆུ་བོ61ཡོད་པ་དང་། མངའ་ཁོངས་སུ་ཕྱི་ནང་དུ་འབབ་པའི་ཆུ་རྒྱུད་ཆེན་པོ་གཉིས་ཡོད་པ་དང་། འཇུ་ལག་ཆུ་བོ། ཙོང་ཆུ་མགོའི་མ་ཕྱོགས་ཆུ།  ཆུ་ནག་ཆུ། གཡང་ལུང་ཆུ། བཙུན་མོ་གཞོང་ཆུ། ནོར་ལྡིང་ཆུ། བུ་ཧ་ཆུ། སྐྱིད་སྨོན་ཆུ། འོམ་ཆུ། དཔལ་དགེ་ཆུ་སོགས་ཡོད། མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མཚེའུ་ཡིན་པ་དང་། ཁུལ་ཁོངས་ཀྱི་ལྷོ་ནུབ་རྒྱུད་དུ་གནས་ཤིང་། མཚོའི་ཕྱིའི་རྣམ་པ་གཟེ་དབྱིབས་ཡིན་ལ་མཚོ་འཕགས་སྨི3196ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ104ཡོད་པ་དང་ཞེང་ཚད་ཆེ་ཤོས་ལ་སྤྱི་ལེ62ཡོད། ཆེས་གཏིང་ཟབ་སར་སྨི31.4ཡོད། མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4432.32ཡོད། བུ་ཧ་ཆུ་བོ་དང་དཔལ་དགེ་ཆུ་བོ། འོམ་ཆུ། པུ་ཧ་ཨ་ལན་ཆུ་བོ་བཞི་ནི་མཚོ་སྔོན་པོ་མཚོ་ཆུའི་འབྱུང་ཁུངས་གཙོ་བོ་ཡིན།

4_2 ཆུ་ཤུགས་ཐོན་ཁུངས།

མཚོ་བྱང་ཁུལ་ལ་ཆུ་བེད་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ས་ངོས་ཆུའི་ལོ་རེའི་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར58.2ཡིན། ས་བབ་མཐོ་ཤོས་དང་དམའ་ཤོས་ཀྱི་བར་ཚད་སྨི3000ཡོད་པ་དང་། ཆུ་རྒྱུན་ཧ་ཅང་རྒྱུག་མགྱོགས་ཤིང་རང་བྱུང་འབབ་གཟར་ཆེ། ཕྱིར་འབབ་ཆུ་རྒྱུད་དང་སྐམ་སའི་ནང་འབབ་ཆུ་རྒྱུད་ཀྱི་ཆུ་གློག་རིགས་པའི་གཞུང་ལུགས་ཀྱི་གསོག་ཚད་ཆན་ཝ་ཁྲི148.38ཡོད། དེའི་ཁྲོད་དུ་གསར་སྤེལ་བྱས་ཆོག་པའི་ཆུ་གློག་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི73ཡོད་པ་དང་། དེས་གཞུང་ལུགས་ཀྱི་གསོག་ཚད་ཀྱི49.20%ཟིན།   

4_3 རླུང་ནུས་ཐོན་ཁུངས།

མཚོ་བྱང་ཁུལ་གྱི་རླུང་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་པ་དང་། ཁུལ་ཡོངས་སུ་སྨི3རེའི་རླུང་འགྲོས་སྐར་ཆ་རྒྱུན་མཐུད་དུས་ཚོད་དེ་དུས་ཚོད3000 ~ 5500ལས་ཆེ་བའམ་མཚུངས་བ་ཡིན་པས་གསར་སྤེལ་གྱི་རིན་ཐང་ཧ་ཅང་མཐོན་པོར་སླེབས་ཡོད། ཁུལ་ཡོངས་ཀྱི་རླུང་ནུས་ཐོན་ཁུངས་ལྷོ་རྒྱུད་བྱང་རྒྱུད་ལས་ཆེ་བ་དང་། ནུབ་རྒྱུད་ཤར་རྒྱུད་ལས་ཆེ། རྐང་ཚ་དང་མདའ་བཞི་རྫོང་གི་མཚོ་སྔོན་པོའི་ཉེ་འཁོར་དང་། མདོ་ལ་རྫོང་གི་ནུབ་རྒྱུད་ཐོ་ལེ་དང་འབྲོང་ལུང་ས་ཁུལ་གྱི་རླུང་ནུས་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པོ་ཡོད་པ་དང་། མདོ་ལ་དང་རྐང་ཚ། མདའ་བཞི་རྫོང་གི་འཇུ་ལག་ཆུ་བོའི་སྟོད་རྒྱུད་མུ་རི་གཞོངས་ས་དང་མདོ་ལ་རྫོང་གི་བཙུན་མོ་གཞོང་གཞོངས་ས། འཇུ་ལག་གཞོངས་ས་དང་ཤར་ཕྱོགས་འཇུ་ལག་ཆུ་བོའི་གྲོག་རོང་ས་ཁུལ་དུ་རླུང་ནུས་ཐོན་ཁུངས་ཅང་མེད།

4_4 ཉི་ནུས་ཐོན་ཁུངས།

མཚོ་བྱང་ཁུལ་ནི་ཉི་མའི་ཚ་ཟེར་འཕྲོ་འགྱེད་ཆེས་དྲག་པའི་ས་ཁུལ་ཞིག་ཡིན། ཁུལ་ཡོངས་ཀྱི་ས་གནས་ཁག་རེའི་ཉི་འོད་འཕྲོ་བའི་དུས་གྲངས་ཉིན་རེར་ཆུ་ཚོད8ཡན་ཡིན་པ་དང་། ལོ་རེའི་ཉི་འོད་འཕྲོ་བའི་དུས་གྲངས་དེ་དུས་ཚོད2600ཡན་གྱི་ས་ཁུལ་གྱིས80%ཟིན་ཡོད། དེའི་ཁྲོད་རྐང་ཚ་དང་མདའ་བཞིའི་མཚོ་སྔོན་པོའི་ཉེ་འཁོར་དང་། མདོ་ལའི་ཐོ་ལེ་དང་འབྲོང་ལུང་སོགས་ཀྱི་ཉི་འོད་འཕྲོ་བའི་དུས་གྲངས་ཆུ་ཚོད3000ཡན་ཡིན། འཇུ་ལག་ས་ཁུལ་གྱི་ཁུང་ཅ་གྲོང་དང་གཡུ་ལུང་ཐང་ཆེས་ཉུང་ཤོས་ཡིན་པ་དང་ཧ་ལམ་དུས་ཚོད2400ཡས་མས་ཙམ་ལས་ཡིན་གྱི་མེད། ཁུལ་ཡོངས་ཀྱི་ཉི་ནུས་ཁྱབ་ཚུལ་སྤྱིའི་འཕེལ་ཕྱོགས་ནི་ལྷོ་ནུབ་མཐོ་བ་དང་བྱང་ཤར་དམའ་བ་ཡིན། ཉི་ནུས་ཀྱི་དུས་ཚོད་ཁྱབ་ཚུལ་ནི་སྤྱིར་བཏང་དུ་དབྱར་དུས་མང་བ་དང་དགུན་དུས་ཉུང་།

4_5 གཏེར་ཁའི་ཐོན་ཁུངས།

མཚོ་བྱང་ཁུལ་གྱི་ས་གཤིས་གྲུབ་ཆ་རྙོག་འཛིང་ཆེ་བ་དང་གཏེར་གྲུབ་ཀྱི་ཆ་རྐྱེན་ལེགས་ཤིང་། གཏེར་རྫས་ཀྱི་སྣ་ཁ་མང་བ་དང་གསོག་ཚད་ཅུང་ཆེན་པོ་ཡོད། རྩད་ཆོད་ཡིན་པ་ནི་མདོག་ནག་ལྕགས་རིགས་གཏེར་ཁ་དང་མདོག་ལྡན་ལྕགས་རིགས་གཏེར་ཁ། གསེར་སེར་ལྕགས་རིགས་གཏེར་ཁ་དང་། ལྕགས་རིགས་མིན་པའི་གཏེར་རྫས། འབར་གཏེར་རྫས་རིགས་སོགས་གཏེར་རྫས་རིགས་སྣ30ཡོད། གཏེར་རྫས་རིགས་སྣ་གཙོ་བོ་ནི། མདོག་ནག་ལྕགས་རིགས་ལྕགས་དང་། མཱན། ཁིར། མདོག་ལྡན་ལྕགས་རིགས་ཟངས། ཞ། ཞིན། ལྕགས་རིགས་རྩ་ཆེན་གསེར་དང་། དངུལ། པོ། ལྕགས་རིགས་མིན་པའི་གཏེར་རྫས་གཙོ་བོ་ནི་རྡོ་སོལ་ཡིན། རྡོ་སོལ་དང་རྡོ་བལ། ཧྲ་ཅིན་ནི་རང་སྐྱོང་ཁུལ་གྱི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པའི་སྣ་ཁ་ཡག་ཤོས་ཡིན་ཏེ་ཐོན་ཡུལ་མང་ཞིང་གསོག་ཚད་ཆེ་བ་དང་སྤུད་ཚད་ལེགས་པ། སྔོག་འདོན་བྱེད་སླ་པོ་ཡོད་པའི་ཁྱད་ཆོས་ལྡན། རྩད་ཆོད་ཡིན་པའི་རྡོ་སོལ་གྱི་གསོག་ཚད་ཏུན་དུང་ཕྱུར26ཡོད་པ་དང་། རྡོ་བལ་གསོག་ཚད་ཏུན་ཁྲི2000ཡོད་ལ། ཧྲ་ཅིན་སྤྱི་རྒྱ4830.80ཡོད།

4_6 སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས།

མཚོ་བྱང་ཁུལ་གྱི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཡིན། རི་གཟར་གྲོག་རོང་དང་ནགས་ཚལ་སྟུག་པོ་ནི་ཁོ་ཚོ་གནས་བཅའ་སའི་གནས་མལ་གཙོ་བོ་ཡིན། དེར་རྩ་ཆེའི་འདབ་ཆགས་དང་རི་དྭགས་ནི། ཤྭ་དང་གླ་བ། གཟིག དོམ། གཡི་དཀར། འབྲོང་། རྐྱང་། འཕྱི་བ། རྒོ་བ། གཉན། གནའ་བ། རྣ། བྱ་དཀར་སྔོ་ནག གོང་མོ། ཁྲུང་ཁྲུང་། ཉ་སྨུག་ཆུ་སྐྱར། མགོ་སྨུག་ཆུ་བྱ། ཁྲུང་ཁྲུང་མགོ་ཁྲ། སོ་བྱ་སོགས་སྣ་ཁ་སུམ་ཅུ་ལྷག་ཡོད། རྒྱལ་ཕྱི་རྒྱལ་ནང་ལ་སྐད་གྲགས་ཡོད་པའི་མཚོ་སྔོན་པོའི་བྱ་གླིང་ངམ་མཚེར་བ་རིས་ལོ་རེར་འདབ་ཆགས་ཁྲི་ཕྲག་དུ་མ་བསུས་ནས་རང་རྒྱུད་སྤེལ་སའི་བདེ་མལ་བསྐྲུན་ཏེ་བྱ་ཡི་རྒྱལ་ཁབ་ཅིག་ཏུ་ཆགས་ཡོད་ཅིང་། གནས་སྐོར་གནས་མཆོག་གྲགས་ཅན་ཞིག་ཏུ་ཡང་གྱུར་ཡོད།

སྨན་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་རིགས་སྣ་མང་བ་མ་ཟད་། གསོག་འབོར་ཡང་མང་། ད་ལྟ་བེད་སྤྱོད་བྱེད་བཞིན་པའི་གྲས་སུ་ཤྭ་རྭ། ལྕུམ་རྩ། ད་ལི། ཀྱི་ལྕེ། སྲོ་ལོ་དམར་པོ། འཕང་སྐྱ། དབྱར་རྩྭ་དགུན་འབུ། གངས་རྒྱན་མེ་ཏོག དབང་ལག ཟི་ར་སེར་པོ། སྲད་དཀར། ཀླུ་བདུད་རྡོ་རྗེ། སྤུ་ནག མཚེ་ལྡུམ། གླ་ཚེར་སོགས་སྣ་ཁ300ལྷག་ཡོད། མདོ་ལ་རྫོང་གི་ཤ་མོ་སེར་པོ་དང་འཇུ་ལག་རྫོང་གི་གྲོ་མའི་སྙན་པ་བཟང་པོ་རྒྱལ་ནང་ཡོངས་སུ་འབར་གྱིན་ཡོད།

4_7 ས་ཞིང་ཐོན་ཁུངས།

མཚོ་བྱང་ཁུལ་གྱི་ས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ34068.44ཡོད་པ་དང་། ཞིང་ནགས་ཕྱུགས་གསུམ་ལས་རིགས་ཀྱི་བེད་སྤྱོད་རྒྱ་ཁྱོན་ལ་མུའུ་ཁྲི4836ཡོད། དེས་ས་རྒྱ་སྤྱིའི་རྒྱ་ཁྱོན་གྱི94.64%ཟིན། ས་མཐོའི་སྐམ་ས་ཆེ་མོའི་གནམ་གཤིས་ཀྱི་དབང་གིས་ཉི་འོད་འགྱེད་འཕྲོའི་ཤུགས་ཚད་ཆེ་བ་དང་ཉི་འོད་ཕོག་ཡུན་རིང་ལ། ཉིན་དང་མཚན་གྱི་དྲོད་གྲང་བར་ཆེ་བས་ལོག་དཀར་དང་། ནས། ཡུང་མ། སྔོ་ཚལ་སོགས་འདེབས་འཛུགས་ལས་རིགས་ཀྱི་འཕེལ་རྒྱས་ལ་ཕན་ཞིང་འཚམ། རྨོ་ཞིང་གཙོ་བོ་འཇུ་ལག་རྫོང་དང་མདོ་ལ་རྫོང་ན་ཡོད།

4_8 ནགས་ཚལ་ཐོན་ཁུངས།

མཚོ་བྱང་ཁུལ་ལ་ནགས་ཚལ་རྒྱ་ཁྱོན་ལ་མུའུ་ཁྲི765.2ཡོད་པ་དང་། ནགས་ཚལ་ཁེབས་ཚད15.20%ཟིན། དེའི་ཁྲོད་དུ་ནགས་སྐྲུན་གྱི་རྒྱ་ཁྱོན་དེ་མུའུ་ཁྲི82.24ཡོད་པ་དང་། དེས་ནགས་ཚལ་རྒྱ་ཁྱོན་གྱི10.74%ཟིན་ཡོད། ནགས་ས་ཐ་ཐོར་མུའུ་ཁྲི2.63ཡོད་པ་དང་དེས་ནགས་ཚལ་རྒྱ་ཁྱོན་གྱི0.34%ཟིན། སྡོང་ཐུང་ནགས་ས་མུའུ་ཁྲི680.33ཡོད་པ་དང་དེས་ནགས་ཚལ་རྒྱ་ཁྱོན་གྱི88.91%ཟིན། ཁུལ་ཡོངས་ཀྱི་ཤིང་ཆའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི432.21ཡོད། ནགས་ས་གཙོ་བོ་མདོ་ལ་རྫོང་གི་ཆུ་ནག་ཆུ་བོ་དང་འཇུ་ལག་རྫོང་གི་འཇུ་ལག་ཆུ་བོའི་སྨད་རྒྱུད་ཀྱི་གྲོག་རོང་ས་ཁུལ་དུ་ཡོད་ཅིང་། གསོམ་ཤིང་དང་སྦྱར་པ། ཤུག་པ། སྟག་པ། སྒྲོན་ཤིང་སོགས་རེད།

4_9 རྩྭ་ཐང་གི་ཐོན་ཁུངས།

མཚོ་བྱང་ཁུལ་ནི་ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་ལྷུན་གྱིས་གྲུབ་པའི་ཕྱུགས་ར་ཞིག་ཡིན་པ་དང་། ཕྱུགས་ལས་དར་རྒྱས་ཅུང་ཙམ་ཆེ། ཁྱོན་སྡོམ་རང་བྱུང་རྩྭ་ར་རྒྱ་ཁྱོན་ལ་མུའུ་ཁྲི3972ཡོད་པ་དང་། དེས་ས་རྒྱ་སྤྱིའི་རྒྱ་ཁྱོན་གྱི77.73%ཟིན། དེའི་ཁྲོད་དུ་བེད་སྤྱད་ཆོག་པའི་རྩྭ་རའི་རྒྱ་ཁྱོན་ལ་མུའུ་ཁྲི3492ཡོད་པ་དང་། དེས་རྩྭ་རའི་རྒྱ་ཁྱོན་གྱི87.92%ཟིན། དགུན་དཔྱིད་ཀྱི་རྩྭ་ར་ལ་མུའུ་ཁྲི1740ཡོད་ཅིང་། དབྱར་སའི་རྩྭ་ར་ལ་མུའུ་ཁྲི1752ཡོད།

4_10 གནས་སྐོར་གྱི་ཐོན་ཁུངས།

མཚོ་བྱང་ཁུལ་ནི་མཚོ་བོད་ས་མཐོའི་གནས་སྐོར་བྱ་ཡུལ་ཧ་ཅང་གལ་ཆེན་ཞིག་ཡིན། གནས་སྐོར་ཐོན་ཁུངས་ནི་དཔེ་མཚོན་ཅན་གྱི་མཚོ་བོད་ས་མཐོའི་བསྡུས་གཟུགས་ཤིག་ཡིན་ཏེ། དེ་ལ་རིགས་སྣ་མང་བ་དང་། སྤུས་ཚད་མཐོ་བ། བྱེད་ནུས་ཆ་ཚང་བ། སྡེབ་སྒྲིག་ལེགས་པ། ཁྱད་ཆོས་ཟབ་པ། གདོད་གཤིས་ལྡན་པ། མཚར་གཤིས་ཆེ་བ་དང་སྣ་མང་རང་བཞིན་ལྡན་པའི་ཁྱད་ཆོས་འབུར་དུ་ཐོན། མཚོ་བྱང་གི་གནས་སྐོར་གྱི་ཐོན་ཁུངས་ལ་རང་བྱུང་ཐོན་ཁུངས་དང་། མི་ཆོས་རིག་གནས་ཐོན་ཁུངས། དམངས་སྲོལ་གོམས་འདྲིས་ཀྱི་ཐོན་ཁུངས་བཅས་རིགས་གསུམ་དུ་དབྱེ་ཆོག  དེ་ཡང་གཙོ་བོ་སྐུ་ཞབས་ཝང་ལོ་པིན་གྱི《རྒྱང་ཐག་རིང་བའི་གནས་དེ་ན》ཞེས་པའི་མིང་དུ་གྲགས་པའི་གླུ་དབྱངས་དེ་བརྩམ་སའི་གནས་ཏེ་གསེར་དངུལ་ཐང་དང་། ཁངས་ལུང་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པའི་གཉན་ཆེན་ཞལ་དཀར་རི་བོ། ཉམས་དགའ་ལྟ་ན་སྡུག་པའི་མདོ་ལའི་མཛེས་ལྗོངས། ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་དྲུག་གི་གྲས་ཀྱི་མདོ་ལ་རིང་མོའི་རྩྭ་ཐང་། འཛམ་གླིང་གི་ཆེས་མཛེས་ཤོས་ཀྱི་ལེ་བཪ་བརྒྱ་ཕྲག་གི་ལོག་དཀར་མེ་ཏོག ཀྲུང་གོའི་མཚེའུ་མཛེས་པའི་མཚེའུ་གྲགས་ཅན་གྱི་ཨང་དང་པོ་མཚོ་སྔོན་པོ་དང་། དེ་བཞིན་མཚོ་ངོགས་བོད་གྲོང་སྟེ་རྐང་ཚ་དང་རང་རྒྱལ་གྱི་ཐོག་དང་པོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་སྟེ་རྡུལ་ཕྲན་གྲོང་རྡལ། ཧན་རྒྱལ་རབས་ནུབ་མའི་ཝང་མཱང་ཅུན་གྱི་གནའ་བོའི་འཛུགས་སྐྲུན་མཚོ་སྔོན་ཅུན། ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་རིག་གནས་ཤུལ་དངོས་སྡེ་ཚན2དང་། ཞིང་ཆེན་རིམ་པའི་སྲུང་སྐྱོབ་རིག་གནས་ཤུལ་དངོས་སྡེ་ཚན17ཡོད། མཚོ་སྔོན་པོའི་མཚོ་མཆོད་དང་ཧུའེ་རིགས་ཀྱི་གསོལ་སྟོན་གླུ། དཔའ་རིས་རྒྱན་གོས་བཅས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད། 2015ལོའི་ལོ་མཇུག་བར། མཚོ་བྱང་ཁུལ་ལ་ཁྱོན་བསྡོམསA4རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ5དང་། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི636.33ལ་སྣེ་ལེན་བྱས་ཤིང་ལོ་གོང་མ་ལས་བརྒྱ་ཆའི12.9འཕར་བ་དང་གནས་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར16.53ལ་སླེབས་པ་དང29.7%འཕར་ཡོད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2015ལོར་ཁུལ་ཡོངས་སུ་མི་གྲངས297001ཡོད། དེའི་ཁྲོད་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས83270ཡོད་པ་དང་། མི་གྲངས་སྡོམ་འབོར་གྱི28%ཡིན། གྲོང་གསེབ་ཀྱི་མི་གྲངས213731ཡོད་པ་དང་། མི་གྲངས་སྡོམ་འབོར་གྱི72%ཡིན་ཡོད། སྐྱེས་པའི་མི་གྲངས150230ཡོད་པ་དང་། བུད་མེད་ཀྱི་མི་གྲངས146771ཡོད། སོ་སོས་མི་གྲངས་ཀྱི50.58%དང49.42%ཟིན། ཕོ་མོའི་སྡུར་ཚད་ནི1.02:1ཡིན། ལོ་ཧྲིལ་པོའི་གསར་སྐྱེས་མི་གྲངས1380ཡིན་པ་དང་། སྐྱེས་ཚད་ནི14.45%ཟིན། ཚེ་འདས་མི་གྲངས2773ཡིན། ཤི་ཚད9.3%ཡིན། ལོ་ཧྲིལ་པོའི་མི་འབོར་རང་ཤུགས་འཕར་ཚད1.3%ཟིན། ཁུལ་ཡོངས་ལ་སྤྱིའི་དུད་གྲངས95648ཡོད་པ་དང་། དུད་ཚང་རེར་ཆ་སྙོམས་མི3.11ཡོད།

5_2 མི་རིགས།

མཚོ་བྱང་ནི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་ས་ཁུལ་ཞིག་ཡིན། དེར་འཚོ་སྡོད་ཀྱི་མི་རིགས25ཡོད་པ་དང་གཙོ་བོ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། སོག་རིགས། ཧོར་རིགས། ས་ལར་རིགས་ཡིན། སྤྱི་ལོ2015ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་རྒྱ་རིགས་ཀྱི་མི་གྲངས98109ཡོད་པ་དང་མི་གྲངས་སྡོམ་འབོར་གྱི33%ཡིན། གྲངས་ཉུང་མི་རིགས་ཀྱི་མི་གྲངས198892ཡོད་ཅིང་། སྤྱིའི་མི་འབོར་ཀྱི67% ཡིན། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲོད་བོད་རིགས73218ཡོད་པ་དང་། མི་གྲངས་སྡོམ་འབོར་གྱི25%ཡིན། ཧུའེ་རིགས98886ཡོད་པ་དང་། མི་གྲངས་སྡོམ་འབོར་གྱི33.29%ཡིན། སོག་རིགས15768ཡོད་པ་དང་། མི་གྲངས་སྡོམ་འབོར་གྱི5.31%ཡིན། ཧོར་རིགས་མི་གྲངས9175ཡོད་ཅིང་མི་གྲངས་སྡོམ་འབོར་གྱི3.1%ཡིན། ས་ལར་རིགས་མི་གྲངས1211ཡོད་ཅིང་མི་གྲངས་སྡོམ་འབོར་གྱི0.41%ཡིན། གྲངས་ཉུང་མི་རིགས་གཞན་དག་མི་གྲངས634ཡོད་པ་དང་། དེས་སྤྱིའི་མི་འབོར་གྱི0.21%ཡིན། གཞན་ད་དུང་ཡུ་གུར་རིགས་དང་། མིའོ་རིགས། པུ་དབྱི་རིགས། ཀྲོང་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཡོ་རིགས། ཐུའུ་ཅ་རིགས། ཧ་སག་རིགས། ཧྲེ་རིགས། ཀའོ་ཧྲན་རིགས། ཏུང་ཞང་རིགས། ཆའང་རིགས། པའོ་ཨན་རིགས། ཡུས་ཧོར་རིགས། ལི་རིགས། ཏུང་རིགས། ཏའེ་རིགས། ཏ་ཧན་ཨེར་རིགས་བཅས་ཡོད། ཁུལ་ཡོངས་ཀྱི་མི་གྲངས་སྡོམ་འབོར་ནང་བོད་རིགས་ཀྱི་ཁྱབ་རྒྱ་ཆེས་ཆེ་ཤོས་ཡིན་ལ། ཧུའེ་རིགས་གཙོ་བོ་འཇུ་ལག་རྫོང་དུ་ཡོད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2015ལོའི་བར་དུ། ཁུལ་ཡོངས་སུ་གསར་དུ་བསྣན་པའི་གཞུང་ལམ་སྤྱི་ལེ1364ལ་སླེབས་པ་དང་། གཞུང་ལམ་ཤར་གཏོང་སྤྱི་ལེ9917ལ་སླེབས་ཡོད། དེའི་ཁྲོད་རྒྱལ་ཁབ་རིམ་པའི་མྱུར་བགྲོད་གཞུང་ལམ་སྤྱི་ལེ23ཡོད་ཅིང་རྒྱལ་ལམ་དཀྱུས་མ་སྤྱི་ལེ1036དང་ཞིང་ཆེན་རིམ་པའི་གཞུང་ལམ་སྤྱི་ལེ814ཡོད། རྫོང་རིམ་པའི་གཞུང་ལམ་སྤྱི་ལེ6186ཡོད། 

ཁུལ་ཡོངས་སུ་རིམ་པ་ཅན་གྱི་རླངས་འཁོར་ས་ཚིགས10ཡོད་པ་དང་སྟབས་བདེ་ས་ཚིགས18ཡོད། ཁུལ་ཡོངས་སུ་འགྲུལ་སྐྱེལ་ལམ་ཐིག93ཡོད་པ་དང་སྤྱི་སྐྱོད་ལམ་ཐིག28ཡོད་ལ། ད་ཡོད་ཀྱི་གྲོང་རྡལ་དང་ཡུལ་ཚོ30དང་སྲིད་འཛིན་སྡེ་བ214ཚང་མར་འགྲུལ་སྐྱེལ་ལམ་ཐིག་གིས་ཁེབས་ཡོད་པ་དང་ཁེབས་ཚད100%ཟིན།

7 དཔལ་འབྱོར།

སྤྱི་ལོ2015ལོའི་ལོ་མཇུག་བར། ཁུལ་ཡོངས་ཀྱིས་ས་གནས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར94.86མངོན་འགྱུར་བྱས་ཤིང་། སྡུར་འོས་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས7.5%འཕར། དེའི་ཁྲོད་ཐོན་ལས་དང་པོས་སྒོར་དུང་ཕྱུར16.91ཡོངས་འགྲུབ་བྱས་ཤིང5.7%འཕར། ཐོན་ལས་གཉིས་པས་སྒོར་དུང་ཕྱུར43.71ཡོངས་འགྲུབ་བྱས་ཤིང6.6%འཕར། ཐོན་ལས་གསུམ་པས་སྒོར་དུང་ཕྱུར34.84ཡོངས་འགྲུབ་བྱས་ཤིང9.7%འཕར།

སྤྱི་ལོ2015ལོར། ཁུལ་ཡོངས་སུ་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར127.11ལེགས་འགྲུབ་བྱས།

8 སྤྱི་ཚོགས།
8_1 རིག་གནས་ལས་དོན།

སྤྱི་ལོ2015ལོའི་བར་དུ། ཁུལ་རིམ་པར་གཏོགས་པའི་ལས་དོན་ལས་ཁུངས6ཡོད་དེ། རིག་དངོས་དོ་དམ་ཅུའུ། གླུ་གར་ཚོགས་པ། མང་ཚོགས་སྒྱུ་རྩལ་ཁང་། དཔེ་མཛོད་ཁང་། ལས་ཞོར་ལུས་རྩལ་སློབ་གྲྭ། མཚོ་བྱང་བརྙན་འཕྲིན་ཁང་བཅས་ཡོད།

ཁུལ་ཡོངས་སུ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་མ་ལག་ལ་ལས་བྱེད་མི་སྣ356ཡོད་པ་དང་དེའི་ཁྲོད་མི30གཞུང་ཞབས་པ་ཡིན་པ་དང་རིགས་སྣ་མི་འདྲ་བའི་ཆེད་ལས་ལག་རྩལ་མི་སྣ225ཡོད།

ཁུལ་ཡོངས་ལ་དམངས་ཁྲོད་ལུས་རྩལ་ཚོགས་པ4ཡོད་དེ། མཚོ་བྱང་ཁུལ་རྟ་རྒྱུགས་མཐུན་ཚོགས་དང་མཚོ་བྱང་ཁུལ་ཐག་ཐག་ལྒང་ལི་མཐུན་ཚོགས། མཚོ་བྱང་ཁུལ་འཇུ་རེས་མཐུན་ཚོགས། མཚོ་བྱང་ཁུལ་ལྕགས་རྟ་མཐུན་ཚོགས་བཅས་ཡིན།

8_2 སྨན་བཅོས་ལས་དོན།

སྤྱི་ལོ2015ལོའི་བར་དུ། མཚོ་བྱང་ཁུལ་ལ་སྲིད་གཞུང་གིས་བསྒྲུབས་པའི་ཡུལ་ཚོ་དང་ཡུལ་ཚོ་རིམ་པ་ཡན་གྱི་འཕྲོད་བསྟེན་ལས་དོན་ལས་ཁུངས62ཡོད། དེའི་ཁྲོད་ཁུལ་རིམ་པའི་སྨན་ཁང་གསུམ་ཡོད་པ་དང་རྫོང་རིམ་པའི་སྨན་ཁང6ཡོད། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང36ཡོད། ཁུལ་དང་རྫོང་རིམ་པའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས5ཡོད། ཁུལ་དང་རྫོང་རིམ་པའི་འཕྲོད་བསྟེན་ལྟ་སྐུལ་ཁང5ཡོད། ཁུལ་གཏོགས་དཀྱིལ་སྙིང་ཁྲག་མཛོད་ཁང1ཡོད། ཁུལ་གཏོགས་བདེ་ཐང་སློབ་གསོ་ཁང1ཡོད། ཁུལ་དང་རྫོང་རིམ་པའི་བུད་མེད་དང་བྱིས་པའི་བདེ་སྲུང་འཆར་ལྡན་བུ་སྐྱེས་ཞབས་ཞུ་ལྟེ་གནས5ཡོད། སྨན་བཅོས་མལ་ཁྲི1395ཡོད་པ་དང་འཕྲོད་བསྟེན་ལག་རྩལ་མི་སྣ1274ཡོད།

8_3 སློབ་གསོའི་ལས་དོན།

སྤྱི་ལོ2015ལོའི་བར་དུ། མཚོ་བྱང་ཁུལ་ཡོངས་སུ་རིམ་པ་དང་རིགས་སྣ་ཚོགས་ཀྱི་སློབ་གྲྭ204ཡོད་པ་དང་། དེའི་ཁྲོད་མཐོ་འབྲིང་དཀྱུས་མ3དང་འབྲིང་རིམ་མཐོ་འབྲིང7ཡོད་ལ། སློབ་ཆུང30ཡོད་པ་དང་བྱིས་གཉོར་ཁང158ཡོད། འབྲིང་རིམ་ལས་རིགས་སློབ་གྲྭ2དང་དམིགས་བསལ་སློབ་གསོའི་སློབ་གྲྭ1ཡོད། གཞན་ཡང་བཟོ་གྲྭ་དང་ཞིང་ར་སོགས་ལ་གཏོགས་པའི་སློབ་གྲྭ་ཆུང་འབྲིང3ཡོད་ཅིང་། ཁྱོན་བསྡོམས་དགེ་བཟོ་བ3263ཡོད།

8_4 སྤྱི་ཚོགས་ལས་དོན།

ཁུལ་ཡོངས་ཀྱི་མཁར་གྲོང་གཞིས་པའི་རྒན་གསོའི་འགན་སྲུང་ལ་ཞུགས་པའི་མི་གྲངས136999ཡོད་ཅིང་། འགན་སྲུང་ལ་ཞུགས་ཚད99.64%ལ་སླེབས། མཁར་གྲོང་ལས་བཟོ་བའི་རྒན་གསོའི་འགན་སྲུང་ལ་ཞུགས་པའི་མི་གྲངས19933ཡོད་པ་དང་དམིགས་འབེན་འགན་ཁུར་གྱི101%ཡོངས་འགྲུབ་བྱས། 

མཁར་གྲོང་ལས་བཟོ་བའི་མ་མཐའི་སྨན་བཅོས་འགན་སྲུང་ལ་ཞུགས་པའི་མི་གྲངས23995ཡོད་ཅིང་འགན་སྲུང་ལ་ཞུགས་ཚད101%ལ་སླེབས། མཁར་གྲོང་གཞིས་པའི་མ་མཐའི་སྨན་བཅོས་འགན་སྲུང་ལ་ཞུགས་པའི་མི་གྲངས39026ཡོད་པ་དང་འགན་སྲུང་ལ་ཞུགས་ཚད114%ཟིན། རྣམ་པ་གསར་བའི་རོང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ཀྱི་འགན་སྲུང་དུ་ཞུགས་པའི་མི་གྲངས207298ཡོད་པ་དང་། བསྟུན་མར་ལོ་ངོ་བརྒྱད་ལ་འགན་སྲུང་དུ་ཞུགས་པའི་བརྟན་འཇགས་ཀྱི་ཚད100%ཟིན།

9 མཛེས་ལྗོངས།
9_1 སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།

སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་འཇུ་ལག་རྫོང་གི་ཤར་ཕྱོགས་སུ་གནས་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང148025ཡོད། དེ་ནི་མདོ་ལ་རི་རྒྱུད་ཀྱི་དཀྱིལ་དབུས་སུ་གནས་ལ་ཀླུ་ལུང་རི་བོ་དང་གསེར་ཆེན་ལ་གཉིས་དང་། འཇུ་ལག་ཆུ་བོའི་ཤུགས་རྐྱེན་འོག་རང་བྱུང་ཆ་རྐྱེན་ཁྱད་དུ་འཕགས་ཤིང་སྐྱེ་ཁམས་མ་ལག་ཧ་ཅང་འཐུས་ཚང་ཡིན། སྨི3000ནས5000གི་རི་ངོས་དང་ལུང་གྲོག་ཡོངས་སུ་གདོད་མའི་ནགས་ཚལ་ཆེན་པོས་བརྒྱན་ཡོད་ལ། དུས་བཞིའི་འགྱུར་བ་གསལ་ཞིང་ལྷུང་ལྷུང་གི་ཆུ་ཕྲན་མང་བས་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་ཞིང་མཐོང་མ་མྱོང་བའི་འདབ་ཆགས་སྣ་ཚོགས་ཀྱིས་གྲེ་འགྱུར་བར་མེད་དུ་སྒྲོག་པས། གནས་འདི་ནི་དྲི་ཟའི་ཡུལ་ལམ་ལྷ་ཡུལ་ཁམས་ཞེས་པ་འདི་མིན་ན་ཅི་ཡིན་སྙམ་པའི་སྣང་བ་འགོག་མེད་དུ་སྐྱེ་འོང་། ནགས་ཚལ་སྤྱི་གླིང་འདིར་སེམས་ཉིད་ཡུལ་ཚོ་དང་འབྲུ་གུ་ཡུལ་ཚོ་གཉིས་ཀ་འདུ་ཞིང་།  ཡུལ་ཚོ་འདི་གཉིས་ན་འཚོ་བཞེས་གནང་བའི་མི་ནི་བོད་བཙན་པོའི་གདུང་རྒྱུད་དྲི་མ་མེད་པ་དཔའ་རིས་པ་ཡིན་ལ། གནས་འདི་ནི་འཇུ་ལག་ཆུའི་རྒྱུད་ན་མི་ཚེ་ནས་མི་ཚེ་བར་འཚོ་སྡོད་བྱེད་པའི་དཔའ་རིས་པའི་ཁྱིམ་གཞིས་ཡིན། འདི་རུ་རྩེ་མོ་དགུང་ལ་ཟུག་པའི་སྨི5254ཡོད་པའི་ཀླུ་ལུང་རི་བོ་དང་མཐོ་ཚད་ལ་སྨི4266.6ཡོད་པའི་ཞོ་ལུང་རི། བདེ་མཆོག་བླ་མཚོ། འབྲུག་མོ་ཆུ་ཚན། གཡུ་ལུང་རྦབ་ཆུ་སོགས་ངོ་མཚར་བའི་རང་བྱུང་སྣང་ཚུལ་དུ་མ་མཆིས་པ་མ་ཟད། དཔའ་རིས་ནོར་དཀར་གྱི་ཕ་ས་ཡང་འདི་ཡིན་ནོ། །

9_2 གངས་ཞོ་བླུགས།

བར་དམ་གངས་དཀར་ནི་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོའི་ནུབ་བྱང་ཕྱོགས་སུ་ཡོད་པ་དང་། ཆུ་ནག་གཙང་བོའི་མགོ་ཁུངས་ཡིན། འཁྱགས་རོམ་འདི་དུས་བཞིར་ཞུ་རྒྱུ་མེད་པར་རིའི་སྟེང་ལ་ཞོ་བླུགས་པ་དང་ཀུན་ནས་མཚུངས་པས་གངས་ཞོ་བླུགས་ཞེས་བཏགས་པ་ཡིན། གངས་འདིའི་ཆེས་མཐོ་བའི་མཚོ་འཕགས་སྨི4828ཡོད། རྒྱ་སྐད་ཀྱིས་འདི་ལ་བརྒྱད་གཅིག་འཁྱགས་རོམ་ཟེར། རྒྱུ་མཚན་ནི་ཀྲུང་གོ་ཚན་རིག་གླིང་གངས་རི་འཁྱགས་རོམ་ཞིབ་འཇུག་བེད་སྤྱོད་རུ་ཁག་གིས་སྤྱི་ལོ1958ལོའི་ཟླ8པའི་ཚེས1ཉིན་ཐོག་མར་གངས་ཞོ་བླུགས་ལ་རྟོག་ཞིབ་བྱས་པས་བརྒྱད་གཅིག་འཁྱགས་རོམ་ཞེས་བཏགས་པ་ཡིན། 

9_3 བྱེ་གླིང་།

བྱེ་གླིང་ནི་མདའ་བཞི་རྫོང་གི་ནུབ་ཕྱོགས་དང་། མཚོ་སྔོན་པོའི་མཚོ་འགྲམ་གྱི་ཤར་བྱང་། ཤར་བྱང་བྱེ་མ་རྔ་རྡུང་དང་ཕན་ཚུན་འབྲེལ་ཞིང་། དབྱིབས་ཚེས་རིས་ཀྱི་རྣམ་པར་མངོན། རིང་ཚད་ལ་སྤྱི་ལེ13དང་། ཞེང་ལ་སྤྱི་ལེ2ཡོད། རྒྱ་ཁྱོན་ལ་མུའུ39000ཡོད། གླིང་དེ་ས་ངོས་ལས་སྨི56གིས་མཐོ། བྱང་གི་འཕྲེད་ཐིག36°0′63〞~3°70′46〞དང་། ཤར་གྱི་གཞུང་ཐིག100°0′49〞~101°0′45〞ལ་གནས་ཡོད། མཚོ་འཕགས་སྨི3251ཡོད། མཚོ་སྔོན་པོའི་ཆུ་གནས་ལོ་རེར་ཇེ་དམའ་རུ་ཕྱིན་པ་དང་། མཚོ་ནང་གི་བྱེ་སྒང་ཆུ་ངོས་ལས་བུད་དེ་བྱེ་མའི་གླིང་ཚོམ་ཆགས་པ་ཡིན། གནམ་གཤིས་ཐན་སྐམ་ཆེ་ཞིང་རླུང་ཤུགས་དྲག བྱེ་མར་སྤོ་འགུལ་སྣང་ཚུལ་ལྡན་ཞིང་ཉེ་འབྲེལ་རྩྭ་རར་བྱེ་མས་འགྱུར་ནས་འགྲོ་བཞིན་མཆིས།

9_4 མཚེར་བ་རིའམ་བྱ་གླིང་།

གནས་འདི་ནི་སྔོན་དུས་མཚོ་སྔོན་པོའི་ནང་གི་གླིང་ཕྲན་ཞིག་སྟེ། མཚོ་འཁྱིལ་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་ད་ལྟའི་མཚོ་སྔོན་པོའི་བྱ་གླིང་ཞེས་པ་དེ་ཡིན་ཞིང་། མཚོ་འཕགས་སྨི3000ཡོད་ལ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ0.8ཙམ་ཡོད། འདིའི་ཚུགས་ཀ་ནི་མཚེར་བ་ཞིག་དང་འདྲ་བས། འདི་ལ་མཚོ་རྔའི་མཚེར་བ་རི་ཟེར། དབྱར་དུས་བྱ་རིགས་ཁྲི16ལྷག་ཡོད་པས་མཚོ་སྔོན་པོའི་བྱ་གླིང་ཐོགས་ཤིང་། གནས་དེར་བྱ་རིགས་མི་འདྲ་བ་གང་མང་དབྱར་དགུན་སྟོན་དཔྱིད་མེད་པར་བག་ཕེབས་སུ་གནས་ཕྱིར་ད་ལྟ་རྒྱལ་སྤྱིའི་མིང་གྲགས་ཅན་གྱི་གནས་གྲགས་ཆེན་གྱི་གྲས་སུ་བཞག་ཡོད།

10 ཆོས་སྡེ་གྲགས་ཅན།

མཚོ་བྱང་ཁུལ་ལ་ཆོས་སྡེ་གྲགས་ཅན་སེམས་ཉིད་དགོན་པ་དང་འབྲུ་གུ་དགོན་པ། མ་ཕྱགས་དགོན་པ། ཞབས་དྲུང་སྒར་ཐོག ཨ་རིག་དགོན་ཆེན། རྐང་ཚའི་དགོན་ཆེན། ས་ཐོ་དགོན་པ་སོགས་ཡོད་དོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-17

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།