ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བརྡ་འགྲེལ།)

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོའི་བོད་རང་སྐྱོང་ཁུལ་བཅུའི་གྲས་ཀྱི་གཅིག་ཡིན་ལ། དེ་ནི་ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་ཡོད་དེ། མདོ་དབུས་མཐོ་སྒང་གི་བྱང་ཤར་མཐའ་མཚམས་དང་ས་སེར་མཐོ་སྒང་ནུབ་རྒྱུད་ཀྱི་བར་བརྒལ་ས་ཁུལ་དུ་ཡོད་ཅིང་། མཚོ་འཕགས་ལ་སྨི2960ཡོད་པ་དང་། ཆ་སྙོམས་ཀྱི་དྲོད་ཚད་ནི1.7℃ཡིན་ཏེ། དཔེ་མཚོན་གྱི་སྐམ་ས་ཆེན་པོ་རང་བཞིན་གྱི་ནམ་ཟླའི་རིགས་ཡིན། དེ་ཡང་སྲིད་འཛིན་ས་ཁོངས་ནི་ཀན་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཡོད་པར་མ་ཟད། མི་རིགས་གཙོ་བོ་ནི་བོད་རིགས་ཡིན་པས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞེས་ཐོགས་པ་ཡིན། ཀན་ལྷོ་ཁུལ་གྱི་ལྷོ་ཕྱོགས་ནི་སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་དང་འབྲེལ་ནས་ཡོད་པ་དང་། ལྷོ་ནུབ་ཕྱོགས་ནི་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་དང་མགོ་ལོག་ཁུལ་གཉིས་ལ་འབྲེལ་ཡོད་ཅིང་། ཤར་དང་བྱང་རྒྱུད་ནི་ལུང་ནན་དང་ཏེང་ཞི་གྲོང་ཁྱེར་གཉིས་དང་། ཀ་ཆུ་ཁུལ་བཅས་དང་ཐག་ཉེ་བ་ཡིན་ལ། ཤར་གྱི་གཞུང་ཐིག100°46′~104°44′དང་བྱང་གི་འཕྲེད་ཐིག33°06′~36°10′ཡི་བར་དུ་གནས་པ་ཡིན། གཞན་ཁོངས་གཏོགས་ས་ཁུལ་ལ་བཱ་ཙེ་དང་ཅོ་ནེ། ཐེ་བོ། འབྲུག་ཆུ། བསང་ཆུ། རྨ་ཆུ། ཀླུ་ཆུ་བཅས་རྫོང་བདུན་ཡོད་ཅིང་། ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ40201ཡོད་པ་དང་། མི་གྲངས་ནི་བདུན་འབུམ་སུམ་ཁྲི་ཡིན་ལ། ཁུལ་སྲིད་གཞུང་ནི་གཙོས་གྲོང་ཁྱེར་དུ་ཡོད། ཀན་ལྷོ་ཁུལ་དུ་བོད་རིགས་དང་རྒྱ་རིགས། ཧུའེ་རིགས། ཧོར་རིགས། སོག་རིགས་སོགས་མི་རིགས24ཡོད་པ་དང་། བོད་ཀྱི་རྡུང་ལེན་རིག་གནས་ཀྱི་ཕ་ས་ཡིན། དེ་ཡང་གཙོས་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་ཡོད་དེ། ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ས་མཚམས་སུ་ཡོད་ལ། ཁུལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཚན་རྩལ། དངུལ་རྩ་བཅས་ཀྱི་ལྟེ་བར་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘南藏族自治州
ཕྱི་ཡིག་གི་མིང་།
Tibetan Autonomous Prefecture of Gannan
མིང་གཞན།
ཀན་ལྷོ་ཁུལ།
སྲིད་འཛིན་རིགས་དབྱེ།
རང་སྐྱོང་ཁུལ།
སྲིད་འཛིན་ཁོངས་གཏོགས།
ཀྲུང་གོའི་ཀན་སུའུ་ཞིང་ཆེན་ནམ་ནུབ་བྱང་ས་ཁུལ།
མངའ་ཁོངས།
གཙོས་གྲོང་ཁྱེར་ཏེ་གྲོང་ཁྱེར་གཅིག་དང་། བ་ཙེ་རྫོང་། ཅོ་ནེ་རྫོང་། འབྲུག་ཆུ་རྫོང་། ཐེ་བོ་རྫོང་། ཀླུ་ཆུ་རྫོང་། རྨ་ཆུ་རྫོང་། བསང་ཆུ་རྫོང་བཅས་རྫོང་བདུན་ཡོད།
སྲིད་གཞུང་གནས་ཡུལ།
གཙོས་གྲོང་ཁྱེར།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0941
སྦྲག་སྲིད་ཨང་རྟགས།
747000
ས་གནས།
ཀན་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དང་མདོ་དབུས་མཐོ་སྒང་གི་མཐའ་མཚམས་སུ་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་བཞི་ཁྲི་སྟོང་མེད་ཉིས་བརྒྱ་དང་གཅིག་ཡོད།
མི་གྲངས།
བདུན་འབུམ་སུམ་ཁྲི་ཡོད། (སྤྱི་ལོ2014ལོར)
སྐད་རིགས།
བོད་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
སྲས་མཁར་དགུ་ཐོག བླ་བྲང་བཀྲ་ཤིས་འཁྱིལ།
རླངས་འཁོར་ཨང་རྟགས།
甘P
1 ​གནས་ཡུལ།

ཀན་ལྷོ་ཁུལ་ནི་རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་དུ་ཡོད་དེ། ཤར་ཕྱོགས་ནི་ཏེང་ཞི་དང་ལུང་ནན་ས་ཁུལ་གཉིས་ལ་ཐག་ཉེ་བ་དང་། ལྷོ་ཕྱོགས་ནི་སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་དང་འབྲེལ་ནས་ཡོད་ལ། ནུབ་ཕྱོགས་ནི་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་དང་རྨ་ལྷོ་ཁུལ་གཉིས་ལ་འབྲེལ་ནས་ཡོད་ཅིང་། བྱང་ཕྱོགས་ནི་ཀ་ཆུ་ཁུལ་ལ་ཐུག་ཡོད། ཡང་དེ་ནི་ཤར་གྱི་གཞུང་ཐིག100°46′~104°44′དང་བྱང་གི་འཕྲེད་ཐིག33°06′~36°10′བར་དུ་གནས་པ་ཡིན་ལ། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ360.7ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ270.9ཡོད་ཅིང་། ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ4500ཡོད།

2 གནམ་གཤིས་དང་ས་དབྱིབས།

ཀན་ལྷོ་ཁུལ་མཐོ་སྒང་དུ་ཡོད་པའི་རྐྱེན་གྱིས་དྲོད་གྲང་ཅུང་དམའ་བ་ཡིན་ལ། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི4℃ལས་ཡོད་པ་མ་ཡིན།  ཀན་ལྷོ་ནི་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་སུ་ཡོད་དེ།  ཆ་སྙོམ་མཚོ་ངོས་ལས་སྨི་སུམ་སྟོང་གིས་མཐོ་བ་དང་།  ཆ་སྙོམ་དྲོད་ཚད་ཏུའུ་བཞི་དང་གྲངས་ཆུང་བདུན་དང་།  ལོ་ཧྲིལ་བོའི་ཆར་ཆུའི་འབབ་ཚད་ཧོ་སྨི་བཞི་བརྒྱ་ནས་ལྔ་བརྒྱ་བར་ཡིན་པས།  ཀན་སུའུ་ཞིང་ཆེན་གྱི་གནམ་འབབ་ཞོད་ཆེས་མང་སའི་ས་ཁུལ་ཞིག་ཡིན།  ཁུལ་འདིའི་རང་བྱུང་གནམ་གཤིས་ཀྱི་རྣམ་པ་གསུམ་དུ་དབྱེ་ཆོག་སྟེ།  ལྷོ་ཕྱོགས་སུ་རྦ་རླབས་འཕྱོ་བ་ལྟ་བུའི་ཐེ་རྨིན་རི་ཁུལ་ཡོད་ཅིང་།  དེ་རུ་གཡང་གཟར་དང་གཅོང་རོང་མང་པོའི་ཁྲོད་རྨོ་འདེབས་ལ་གཤིན་པའི་ལུང་གཞུང་དང་རི་ངོས་སུ་ནགས་ཚལ་སྟུག་པོར་སྐྱེས་ཡོད་པས།  ཤིང་ཆའི་ཐོན་ཁུངས་ཤིན་ཏུ་འཛོམས་པོ་ཡོད།   ཤར་ཕྱོགས་ཁོད་མི་སྙོམ་པའི་རི་སུལ་དུ་ཞིང་ཕྱུགས་གཉིས་ཀ་གཉེར་ཆོག་ཅིང་།  ཁུལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོ་ཡིན།   ནུབ་བྱང་ན་རྒན་གྱ་དང་བསང་ཁོག་རྨ་ཁུག་དང་པོ་སོགས་མཐའ་ཡས་པའི་རྩྭ་ཐང་ཆེན་པོ་ཡོད་པ་དེ་ནི་བོད་ཁུལ་ཡོངས་ནས་མིང་དུ་གྲགས་པའི་ཕྱུགས་ལས་གཉེར་ས་ཡིན།  སྣ་ཚོགས་པའི་ས་དབྱིབས་དང་ཁྱད་པར་ཅན་གྱི་གནམ་གཤིས་ཀྱིས་ཀན་ལྷོའི་ཁྱད་དུ་འཕགས་པའི་རང་བྱུང་ཐོན་ཁུངས་ལྔ་བསྐྲུན་ཡོད་པར་བཤད་ལ།  དེ་དག་ནི་འབྱོར་ཕྱུག་ལྡན་པའི་རྩྭ་ཐང་དང་།  ཕ་མཐའ་བྲལ་བའི་ནགས་ཚལ།  དྲ་བར་སྦྲེལ་བའི་ཆུ་རྒྱུན།  ཐོན་ཁུངས་འཛོམས་པའི་གཏེར་དངོས།  ལྟ་ན་སྡུག་པའི་ཡུལ་ལྗོངས་བཅས་ཡིན། 

3 རིག་གནས།

ཀན་ལྷོ་ནི་གནའ་ནས་ད་བར་མི་རིགས་མང་པོ་འདྲེས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་པས།  དུས་ཡུན་རིང་བའི་ལོ་རྒྱུས་དང་འོད་སྟོང་ལྡན་པའི་མི་རིགས་རིག་གནས་ཀྱི་ཕྱུག་ས་ཞིག་ཡིན།  རྟོག་ཞིབ་བྱས་པ་ལས་རྡོ་ཆས་གསར་རྙིང་གི་དུས་སྐབས་ནས་ཀན་ལྷོའི་ཀླུ་ཆུ་དང་བསང་ཆུ་འབྲུག་དཀར་གཙང་པོའི་འབབ་རྒྱུད་དུ་གནའ་མི་བསྡད་པའི་མཱ་ཅ་ཡོ་དང་།  ཆིས་ཅཱ།  ཞིན་དེན།  སི་ཝ་སོགས་རིག་གནས་ཤུལ་བཞག་ཡོད་ལ།  དེ་ནས་བསྔོག་འདོན་བྱས་པའི་གནའ་རྫས་ལས་མི་འཚོ་གནས་ཀྱི་དུས་ཡུན་ཤིན་ཏུ་རིང་བ་གསལ་བོར་མཚོན།

ཀན་ལྷོའི་ཡུལ་འདི་ནི་གནའ་སྔ་མོ་ཞིག་ནས་མིའི་རིགས་འཚོ་སྡོད་བྱེད་ས་ཞིག་ཡིན་པས་རིག་གནས་ཤུག་བཞག་ཀྱང་མང་པོ་མཐོང་རྒྱུ་ཡོད་ལ།  ས་ཁུལ་འདིའི་མི་རྣམས་ནི་རྨ་ཆུ་དང་ཀླུ་ཆུ།  ཙོང་ཆུ།  བསང་ཆུ།  འབྲུག་ཆུའི་རྒྱུད་སོགས་སུ་འཚོ་ཞིང་འཕེལ་བའི་རིགས་སུ་གྱུར་ལ།  ཐེ་བོ་དང་ཅོ་ནེ།  སྦྲ་ཚལ་བཱ་ཙེ་བཅས་ནས་གནའ་རབས་ཀྱི་རྡོ་ཆས་སྣ་ཚོགས་ཏེ་རྡོ་གྲི་དང་འཐག་རྡོ།  རྡོ་རྟུན་སོགས་བུད་མྱོང་བས།  གནའ་རབས་ནས་མིའི་བྱ་འགུལ་རྒྱུན་ཆད་མ་མྱོང་བའི་གནས་ཤིག་ཡིན་པ་གསལ་བཤད་བྱེད་ཐུབ།  

ཀན་ལྷོའི་ས་ཁྱོན་རྒྱ་ཆེ་ཞིང་།  རྩྭ་ཐང་དང་ནགས་ཚལ།  གཙང་པོ་དང་མཚེའུ།  བྲག་རི་དང་སྤང་རི་སོགས་ལྟ་ན་སྡུག་པས་རང་བྱུང་མཛེས་ལྗོངས་ཀྱི་མིག་དབང་འཕྲོག་པར་མ་ཟད།  གླུ་གཞས་དང་གཏམ་རྒྱུད།  རྩེད་རིགས།  ཞབས་བྲོ།  རྣམ་ཐར་འཁྲབ་སྟོན་སོགས་དམངས་ཁྲོད་རིག་གནས་འཛོམས་པོ་ཡོད།  ལྷག་པར་དུ་ཀན་ལྷོའི་རྫོང་ཁག་སོ་སོར་ཁྱབ་ཡོད་པའི་དགོན་སྡེ་བརྒྱ་ལྷག་ཡོད་པ་དེ་ལས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཕུན་སུམ་ཚོགས་པ་མངོན་པར་གསལ་ཞིང་།  དེའི་ནང་ནས་ཀྱང་སྤྱི་ལོ1709ལོར་བཞེངས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དང་།  མི་ལོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཅོ་ནེ་ཏིང་འཛིན་དར་རྒྱས་གླིང་།  སྟག་ཚང་ལྷ་མོ་དགོན་བཅས་མདོ་སྨད་ཙམ་མ་ཟད།  བོད་ཁམས་སྤྱི་ལ་མིང་དུ་གྲགས་པའི་ཆོས་གྲྭ་ཡིན།  དགོན་པ་མང་པོའི་ནང་རྔམ་བརྗིད་ལྡན་པའི་གཙུག་ལག་ཁང་དང་།  བྱོན་ལེགས་པའི་ལྷ་སྐུ།  མཛེས་རྩལ་གྱི་ཚད་མཐོ་བའི་ཐང་ག   རི་བོའི་གཏོས་དང་མཉམ་པའི་གསུང་རབ་གླེགས་བམ།  ཐུགས་རྒྱུད་ཕྱུག་པའི་ལྔ་རིག་དབང་པོ་སོགས་ནི་དེ་བས་ཀྱང་རྒྱལ་ཁབ་ཕྱི་ནང་ནས་མིག་འབུར་གཏོད་ཡུལ་དུ་གྱུར།  དེ་མིན་ཀན་ལྷོར་དགེ་སྒྲུབ་ཆོས་ཐོག་དང་དམངས་སྲོལ་དུས་ཆེན་སོགས་དུས་བཞིའི་འཁོར་མོ་ཡུག་ཏུ་མཚམས་མེད་དེ།  དཔེར་ན།  ཆོས་ཐོག་ལ་རྒྱ་ལོའི་སྨོན་ལམ་དང་།  བཞི་པའི་སྙུང་གནས།  བདུན་པའི་རིག་གྲྭ།  དགུ་པའི་བརྒྱ་མཆོད།  བཅུ་པའི་ལྔ་མཆོད་སོགས་དང་།  དམངས་སྲོལ་དུས་ཆེན་ནི་ལབ་སྟོད་དང་ཤིང་སློང་།  རྟ་རྒྱུགས།  དྲུག་པའི་མེ་ཏོག་སྤྲོ་གསེང་སོགས་ཡོད་པ་ལྟ་བུ་རེད།  

4 འཛུགས་སྐྲུན།

སྤྱི་ལོ1927ལོར་ཀན་ལྷོའི་བླ་བྲང་ནས་རྒྱུན་སྐྱོང་ཅུས(设治局)བཙུགས་པ་དང་།  དེའི་ཕྱི་ལོར་བསང་ཆུ་རྫོང་དངོས་སུ་བཙུགས།   སྤྱི་ལོ1937ལོར་ཅོ་ནེའི་རྒྱུན་སྐྱོང་ཅུས་བཙུགས་ཏེ་སྔོན་གྱི་ས་སྐྱོང་ལམ་ལུགས་ལ་འགྱུར་ལྡོག་བྱུང་།  སྤྱི་ལོ1950ལོ་ནས་བཟུང་ས་སྐྱོང་སྐུ་རབས་ཉི་ཤུ་པ་པདྨ་དབང་ཕྱུག་གི་སྐུ་རིང་དུ་ས་སྐྱོང་ལམ་ལུགས་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས་ཤིང་།  སྤྱི་ལོ1953ལོར་ཅོ་ནེ་རྫོང་དངོས་སུ་བཙུགས།

སྤྱི་ལོ1952ལོར་ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཆུས་གནས་སྐབས་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ཤིང་།  སྤྱི་ལོ1953ལོའི་ཟླ་བཅུ་པའི་ཚེས་གཅིག་ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཆུས་སུ་བསྒྱུར།  སྤྱི་ལོ1955ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་བསྒྱུར་ཏེ།  ཁོངས་གཏོགས་སུ་ཀླུ་ཆུ་དང་།  རྨ་ཆུ།  འབྲུག་ཆུ་རྫོང་སོགས་ཡོད་ལ།  སྤྱི་ལོ1962ལོར་ཐེ་བོ་རྫོང་གསར་དུ་བསྣན།  སྤྱི་ལོ1956ལོར་ཁུལ་སྲིད་གཞུང་གི་སྡོད་གནས་དེ་བླ་བྲང་ནས་གཙོས་ལ་སྤོར།  སྤྱི་ལོ1998ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་བོད་ཁུལ་གྱི་རྫོང་རིམ་པའི་གྲོང་ཁྱེར་དང་པོ་སྟེ་གཙོས་གྲོང་ཁྱེར་བཙུགས་ཤིང་།  དེའི་ཁོངས་གཏོགས་སུ་ཞང་བདུན་དང་སྲང་ལམ་གཞུང་ལས་ཁང་བཞི།  སྡོད་དམངས་ཨུ་ཡོན་ལྷན་ཁང་སོ་དགུ།  སྡེ་དམངས་ཚོ་ཆུང་ཉིས་བརྒྱ་དོན་གཉིས་བཅས་ཡོད།

ད་སྐབས་ཀན་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་རང་གི་ས་གནས་ལ་འཕྲོད་པའི་བྱ་བའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ།  དཀའ་སྤྱད་འབད་བརྩོན་དང་གསར་གཏོད་ལྡན་པའི་སྒོ་ནས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་མགོ་ཁྲིད་དེ།  སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་ལེན་པར་བརྩོན།  ཀན་ལྷོའི་ལོ་རེའི་དཔལ་འབྱོར་སྤྱི་ཡོང་སྒོ་སྒོར་དུང་ཕྱུར་བདུན་ཅུ་ལྷག་དང་།  རོང་འབྲོག་པའི་ལག་འབབ་ཡང་ལོ་རེ་བཞིན་གོང་དུ་འཕར་བས།  འབྱོར་ཕྱུག་དཔལ་ཡོན་ལྡན་པའི་ཀན་ལྷོ་གསར་པ་ཞིག་བོད་ཁམས་ན་མངོན་པར་འཕགས་བཞིན་ཡོད།


བརྡ་འགྲེལ་གདོང་འཛར།

ས་ཁོངས། ཀན་སུའུ། ཀན་ལྷོ་ཁུལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།