སངས་རྒྱས་འབུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སངས་རྒྱས་འབུམ།
སངས་རྒྱས་འབུམ་ནི་བོད་ལྷ་རིས་སྒྱུ་རྩལ་གྱི་ཕྱོགས་ལ་མཁས་པར་གྱུར་བའི་ལྷ་རིས་པ་མིང་དུ་གྲགས་པ་ཞིག་ཡིན་པ་དང་། ཁོའི་བརྩམས་ཆོས་མི་ཉུང་བ་ཞིག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་མི་ཉུང་བ་ཞིག་ཐོབ་ཡོད་ཅིང་། སྤྱི་ལོ2010 ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་ལག་ཤེས་མཛེས་རྩལ་པ་ཆེན་མོའི་མིང་བཏགས་གནང་། ད་ལྟ་རེབ་གོང་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ལས་རིགས་སློབ་གྲྭའི་ཆེད་བསྐོས་དགེ་རྒན་ཆེན་མོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桑杰本
སྐྱེས་ལོ།
སྤྱི་ལོ1966ལོ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་།
ལས་རིགས།
ལྷ་རིས་པ།
ལས་ཐོབ།
ཞིང་ཆེན་དམངས་ཁྲོད་ལག་ཤེས་མཛེས་རྩལ་པ་ཆེན་མོ།
འཐུས་ཚབ་བརྩམས་ཆོས།
«དབྱངས་ཅན་ལྷ་མོ» «རྒྱལ་ཆེན་རིགས་བཞི»
1 ངོ་སྤྲོད།

སངས་རྒྱས་འབུམ་ནི་སྤྱི་ལོ1966ལོར་རེབ་གོང་སེང་གེ་གཤོང་སྡེ་བར་སྐྱེས། ལོ་བརྒྱད་ནས་བཟུང་རེབ་གོང་ན་རྒྱལ་ཆེན་རིགས་བཞི་ཞེས་མིང་དུ་གྲགས་པའི་ལྷ་བཟོ་རྒྱ་མཚོ་ལགས་ཀྱི་ཕྱག་ཕྱིར་འབྲངས་ནས་བོད་བརྒྱུད་ནང་བསྟན་གྱི་རི་མོའི་གཞུང་ལུགས་དང་འབག་བཟོ་རྐོ་དཀྲོལ་གྱི་ལག་རྩལ་སྦྱངས། སྒྱུ་རྩལ་གྱི་ལས་འདིར་འཐམས་པའི་ལོ་ངོ་ཉི་ཤུ་ལྷག་གི་ནང་། སློབ་མ་སུམ་ཅུ་ལྷག་བསྐྱངས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།  ཁོང་གི་བརྩམས་ཆོས་ལ་རྒྱལ་ཁབ་ཕྱི་ནང་གི་འགྲེམ་སྟོན་ཁྲོད་བྱ་དགའ་གང་མང་ཐོབ། སྔོན་བྱོན་མེས་པོ་དག་གི་ཐང་གའི་སྒྱུ་རྩལ་གྱི་བག་ཆགས་དང་། ལོ་ངོ་ཉི་ཤུའི་རིང་གི་སྡུག་རུས་ཀྱི་སྦྱངས་པ་བརྒྱུད། སྒྱུ་རྩལ་གསར་རྩོམ་དང་རིག་གནས་ཀྱི་ཆུ་ཚད་གང་ཡིན་གྱི་ཕྱོགས་ནས་ཀྱང་ཚད་མཐོན་པོར་སླེབས་ཡོད།

སྤྱི་ལོ2010 ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་ལག་ཤེས་མཛེས་རྩལ་པ་ཆེན་མོའི་མིང་བཏགས་གནང་། ད་ལྟ་རེབ་གོང་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ལས་རིགས་སློབ་གྲྭའི་ཆེད་བསྐོས་དགེ་རྒན་ཆེན་མོ་ཡིན།

2 བྱ་བའི་གྲུབ་འབྲས།

སྤྱི་ལོ1984 ལོ་ནས་སྤྱི་ལོ1988 ལོའི་བར་དུ་དགེ་རྒན་གྱི་རྗེས་འབྲངས་ནས་རོང་བོ་དགོན་ཆེན་དང་བླ་བྲང་དགོན་པ། པཎ་ཆེན་སྐུ་ཕྲེང་བཅུ་བའི་ཕ་ཡུལ་བིས་མདོ་དགོན་པ། ལྷ་སའི་པོ་ཏ་ལ་སོགས་སངས་རྒྱས་ཆོས་ལུགས་ཀྱི་གདན་ས་དག་ཏུ་སོང་ནས་གྱན་ཐང་དང་ལྡེབས་རིས་བརྒྱ་ཕྲག་ལྷག་འབྲི་བཞེངས་མཛད།

སྤྱི་ལོ1990ལོར་ཀྲུང་གོའི་བཟོ་བཀོད་མཛེས་རྩལ་མཁན་པོ་ཤ་བོ་ཚེ་རིང་དང་མཉམ་དུ་སྐུ་འབུམ་དགོན་པར་སོང་ནས་ལྡེབས་རིས་སོ་དྲུག་ཙམ་ལ་ཞིག་གསོ་མཛད།

སྤྱི་ལོ1991ལོ་ནས་སྤྱི་ལོ1993ལོའི་བར་ལ་པེ་ཅིང་མཛེས་རྩལ་སློབ་གླིང་ནས་སློབ་སྦྱོང་བྱས།

སྤྱི་ལོ1994ལོར་ཁོའི་བརྩམས་ཆོས «དབྱངས་ཅན་ལྷ་མོ» ཞེས་པ་ལ་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་འགྲེམ་སྟོན་སྟེང་དངུལ་གྱི་རྟགས་མ་ཐོབ་པ་དང་། ཡང་ལོ་དེར«རྒྱལ་ཆེན་རིགས་བཞི» ཞེས་པའི་བརྩམས་ཆོས་ལ་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་འགྲེམ་སྟོན་ཆེན་མོའི་སྟེང་བདམས་ཐོན་བྱུང་།

སྤྱི་ལོ1994ལོར་ཁོའི་བརྩམས་ཆོས «རྟ་མགྲིན་དམར་པོ» དང «རྡོ་རྗེ་འཇིགས་བྱེད་ཞལ་འབག» «མགོན་པོ་ཕྱག་དྲུག་པའི་ཞལ་འབག» བཅས་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་འགྲེམ་སྟོན་ཆེན་པོར་བདམས་ཐོན་བྱུང་བ་དང་། ད་ལྟ་དེ་དག་ཀྲུང་གོའི་མཛེས་རྩལ་ཁང་དུ་ཉར་ཚགས་བྱས་ཡོད།

སྤྱི་ལོ2001ལོར། རེབ་གོང་རྫོང་རེབ་གོང་སྒྱུ་རྩལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་པའི་ཚོགས་གཙོའི་འགན་ཁུར།

སྤྱི་ལོ2003ལོར། རེབ་གོང་སྒྱུ་རྩལ་བརྩམས་ཆོས་ཀྱི་སྤུས་ཀ་གསལ་འབྱེད་ཚོགས་ཆུང་གི་ཚོགས་མིར་གྱུར་བ་དང་། «གདུགས་དཀར་མོ» ཞེས་པའི་བརྩམས་ཆོས་ལ་ཀྲུང་གོའི་མཚོ་སྔོན “མི་རིགས་རིག་གནས་ཡུལ་སྐོར་དུས་ཆེན” སྟེང་ཟངས་ཀྱི་རྟགས་མ་ཐོབ།

སྤྱི་ལོ2004ལོར། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་བརྩམས་ཆོས་བཟོ་བཀོད་མཛེས་རྩལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པར་བདམ་ཐོན་བྱུང་།

སྤྱི་ལོ2004ལོར། ཁོའི་བརྩམས་ཆོས «འོད་དཔག་མེད» ཅེས་པ་ལ་ཧྲང་ཧེ་དམངས་ཁྲོད་སྒྱུ་རྩལ་དངོས་མང་བཤམས་སྟོན་ཚོགས་འདུའི་སྟེང་དངུལ་གྱི་རྟགས་མ་ཐོབ། ལོ་དེར་ཁོས་གསར་དུ་བརྩམས་པའི «མཚོ་སྔོན་པོའི་མཛེས་ལྗོངས» དང «ཆུ་ལེན་བུ་མོ» «ཚེ་རིང་རྣམ་དྲུག»  «མགོན་པོ་ཕྱག་བཞི་བ» «མཐུན་པ་སྤུན་བཞི» བཅས་ལ་མི་རིགས་དམངས་ཁྲོད་བཟོ་བཀོད་མཛེས་རྩལ་བརྩམས་ཆོས་ཀྱི་བཤམས་སྟོན་སྐབས་གཉིས་པའི་སྟེང་བྱ་དགའ་ཨང་དང་པོ་ཐོབ།

སྤྱི་ལོ2005ལོར། ཁོའི་བརྩམས་ཆོས «རྒྱ་བཟའ་ཀོང་ཇོ་བོད་དུ་སླེབས་པ» ཞེས་པར མཚོ་སྔོན་ཞིང་ཆེན་མི་རིགས་དམངས་ཁྲོད་བཟོ་བཀོད་མཛེས་རྩལ་བཤམས་སྟོན་སྐབས་གསུམ་པའི་སྟེང་བྱ་དགའ་ཨང་དང་པོ་ཐོབ།

3 བརྩམས་ཆོས།

ཁོའི་བརྩམས་ཆོས་ལ «དབྱངས་ཅན་ལྷ་མོ» དང «རྒྱལ་ཆེན་རིགས་བཞི» «མགོན་པོ་ཕྱག་དྲུག་པའི་ཞལ་འབག» «གདུགས་དཀར་མོ» «འོད་དཔག་མེད» «རྒྱ་བཟའ་ཀོང་ཇོ་བོད་དུ་སླེབས་པ» «མཚོ་སྔོན་པོའི་མཛེས་ལྗོངས» «ཆུ་ལེན་བུ་མོ» «ཚེ་རིང་རྣམ་དྲུག»  «མགོན་པོ་ཕྱག་བཞི་བ» «མཐུན་པ་སྤུན་བཞི» སོགས་ཡོད། 


བརྡ་འགྲེལ་གདོང་འཛར།

མི་སྣ། ལྷ་རིས་པ། སངས་རྒྱས་འབུམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-02

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།