ཤ་བོ་སྐྱབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤ་བོ་སྐྱབས།
ཤ་བོ་སྐྱབས་ནི་དེང་རབས་ཀྱི་མིང་དུ་གྲགས་པའི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཞིག་ཡིན་ལ། རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་ཚབ་མཚོན་མི་སྣ་གལ་ཆེན་ཞིག་ཀྱང་ཡིན། ཁོང་གི་བརྩམས་ཆོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་ལ་གསོན་ཉམས་ལྡན་པས་ཆོས་ལུགས་ཀྱི་ཡང་སྙིང་མི་རྣམས་ལ་བརྒྱུད་སྤྲོད་ཐུབ་ལ། སྒྱུ་རྩལ་ལོངས་སྤྱོད་བླ་ན་མེད་པ་ཞིག་ཀྱང་ཡིན། ཁོ་ལ་རྒྱལ་ནང་དུ་བྱ་དགའ་ཐེངས་མང་པོར་ཐོབ་མྱོང་བ་དང་། མིག་སྔར་ཁོང་ནི་རྒྱལ་ཁབ་རིམ་པའི “གཟུགས་འདས་ཤུལ་བཞག་རིག་གནས” ལས་གཞིའི་སྒྱུ་རྩལ་རྒྱུན་འཛིན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏吴角
སྐྱེས་ལོ།
སྤྱི་ལོ1966 ལོའི་ཟླ 4 བའི་ཚེས 15 ཉིན།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་།
ལས་རིགས།
ལྷ་རིས་པ།
ལས་ཐོབ།
ཞིང་ཆེན་གྱི་རིམ་པ་གཉིས་པའི་དམངས་ཁྲོད་ལག་ཤེས་པ།
འཐུས་ཚབ་བརྩམས་ཆོས།
« འཇམ་པའི་དབྱངས»
1 ངོ་སྤྲོད།

ཤ་བོ་སྐྱབས་ནི་སྤྱི་ལོ1966 ལོའི་ཟླ4བའི་ཚེས15ཉིན་མཚོ་སྔོན་རེབ་གོང་རྒྱ་ཚང་མ་སྡེ་བའི་བོད་རིགས་དུད་ཁྱིམ་ཞིག་ཏུ་སྐྱེས། མདོ་སྨད་རེབ་གོང་དམངས་ཁྲོད་ལག་བཟོའི་ལྷ་རིས་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་ཆུང་དུས་ནས་ཨ་ཕའི་རྗེས་སུ་འབྲང་ནས་འཇིམ་བརྙན་དང་། ཐང་ག   ལྡེབས་རིས་སོགས་ཀྱི་བཟོ་རྩལ་གང་མང་སྦྱངས། སློབ་གྲྭ་གྲོལ་རྗེས་ཀྱི་དུས་ཚོད་མང་ཤོས་འབག་བཟོ་སློབ་སྦྱོང་གི་ཁྲོད་ནས་བསྐྱལ། རིམ་བཞིན་ཁ་ལོབས་མིག་ལོབས་སུ་གྱུར་ཏེ། ཁོ་རང་འབག་བཟོའི་སྒྱུ་རྩལ་ལ་དུངས་པ་ཟབ་མོ་ཞིག་ཆགས།

སྤྱི་ལོ1986ལོར་རྨ་ལྷོ་ཁུལ་གྱི་མིང་དུ་གྲགས་པའི་རེབ་གོང་སྒྱུ་རྩལ་སློབ་དཔོན་ཆེན་མོ་བདུད་འདུལ་དགེ་རྒན་དུ་བསྟེན་ནས་འབག་བཟོའི་ལག་རྩལ་སྔར་བས་ཇེ་ལེགས་སུ་ཕྱིན། དགེ་རྒན་གྱིས་སེམས་རྣལ་དུ་ཕབ་ནས་ཁྲིད་སྟོན་ནན་མོ་གནང་། བར་སྐབས་དེའི་སློབ་སྦྱོང་གིས་ང་ལ་རོགས་རམ་ཆེན་པོ་ཐོན། ཤ་བོ་སྐྱབས་ཀྱི་བསམ་པར། མི་རེ་རེའི་གསར་རྩོམ་གྱི་ཐབས་རྩལ་མི་འདྲ་བར་བརྟེན། བརྩམས་ཆོས་ཀྱི་ཉམས་ཀྱང་མི་འདྲ། སློབ་སྦྱོང་མང་དུ་བྱས་ནས་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ན། ད་གཟོད་བརྩམས་ཆོས་ལ་ཐུན་མིན་གྱི་འགུགས་ཤུགས་ལྡན་ཞིང་། ཚོང་རའི་འགྲན་རྩོད་ནང་རང་ལ་དབང་བའི་གྲལ་ཞིག་ཡོད་ངེས་སྙམ།

2 བྱ་བའི་གྲུབ་འབྲས།

སྤྱི་ལོ2003ལོར་རེབ་གོང་རིག་གནས་འབག་བཟོ་སྒྱུ་རྩལ་ལྟེ་གནས་བཙུགས་ཤིང་གཙོ་འགན་བཞེས།   སྤྱི་ལོ2005ལོའི་ཟླ8པར་མཚོ་སྔོན་རེབ་གོང་རིག་འབྱུང་སྒྱུ་རྩལ་ཚད་ཡོད་ཀུང་ཟི་བཙུགས་ནས་སྤྱི་གཉེར་བའི་འགན་ཁུར།   སྤྱི་ལོ2006ལོའི་ཟླ7པར་ཞིང་ཆེན་རིག་གནས་ཐིན་དང་། ཞིང་ཆེན་མི་དོན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་རིམ་པ་གཉིས་པའི་དམངས་ཁྲོད་ལག་ཤེས་པའི་མིང་རྟགས་གནང་། ལོ་དེའི་ཟླ་གསུམ་པར་ཧྲིན་ཀྲང་སུང་ཞིག་ཡན་རེབ་གོང་ལ་རིག་གནས་ཐོན་ལས་སྐོར་གྱི་རྟོག་ཞིབ་ལ་ཕེབས་དུས་དེ་འབྲེལ་གྱི་གླེང་མོལ་གནང་། ཟླ8པར་བརྩམས་ཆོས « འཇམ་པའི་དབྱངས» ལ་སྐབས་བཞི་བའི་མཚོ་སྔོན་མི་རིགས་དམངས་ཁྲོད་མཛེས་རྩལ་འགྲེམ་ཚོགས་སྟེང་བྱ་དགའ་ཨང་དང་པོ་ཐོབ།   

སྤྱི་ལོ2008 ལོར་མཚོ་སྔོན་ཞིང་ཆེན་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཐོ་རིམ་ལག་རྩལ་པར་བདམས། ལོ་དེར་ཞང་ཀང་ནས་བསྒྲུབས་པའི་སྤྱི་ལོ2008 ལོའི་མཚོ་སྔོན (ཞང་ཀང) ལྗོངས་རྒྱུ་ཐོན་རྫས་མཚམས་སྦྱོར་འདུ་ཚོགས་ལ་ཞུགས། སྤྱི་ལོ2009 ལོར་རྒྱལ་ཁབ་རིག་གནས་པུའུ་ཡིས་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལས་གཞི་རེབ་གོང་སྒྱུ་རྩལ་གྱི་ཚབ་མཚོན་རང་བཞིན་ཅན་གྱི་རྒྱུད་འཛིན་པའི་མིང་བསྩལ།

སྤྱི་ལོ2015 ལོའི་ཟླ5 བའི་ཚེས31 ཉིན། ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཤ་བོ་སྐྱབས་ཀྱི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིན་སྒྱུ་རྩལ་རྟེན་མཛོད་ཁང་ནས་གཟབ་རྒྱས་ངང་བསྡུས་ཤིང་། འབྲེལ་ཡོད་མི་སྣས་ཁོང་གི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་ཚད་མཐོ་བའི་གདེང་འཇོག་ཀྱང་བྱས།

ཤ་བོ་སྐྱབས་འབག་སྐུ་གསར་བཞེངས་དང་ཀུང་ཟིའི་ལས་གཉེར་ལ་བྲེལ་བའི་ཞོར་དུ། རང་ཉིད་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལས་གཞི་རེབ་གོང་སྒྱུ་རྩལ་གྱི་ཚབ་མཚོན་རང་བཞིན་ཅན་གྱི་རྒྱུད་འཛིན་པ་ཞིག་ཡིན་པའི་ངོས་ནས་རྒྱུན་དུ་རིན་པ་མི་དགོས་པར་གསོ་སྦྱོང་འཛིན་གྲྭར་སློབ་མ་བསྡུ་བ་དང་། ཕྱོགས་ཡར་མར་ལ་ཆེད་བསྐྱོད་ཀྱིས་རེབ་གོང་རིག་གནས་མཚམས་སྦྱོར་བརྒྱུད་སྒྲོག་གནང་བར་འབད་ཅིང་། རེབ་གོང་འབག་བཟོའི་དྲ་ཚིགས་ཤར་གཏོང་བྱས་ཏེ། རེབ་གོང་སྒྱུ་རྩལ་བརྩམས་ཆོས་འཛམ་གླིང་གི་མི་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཡོད།   

ལྷ་རིས་སྒྱུ་རྩལ་པ་ཤ་བོ་སྐྱབས་ལགས་ཀྱིས་སློབ་མ 20 ལྷག་བསྡུས་ནས་ལྷ་རིས་སྒྱུ་རྩལ་རྒྱུན་འཛིན་བྱེད་པ་དང་མཉམ་དུ། ཁོང་གི་རིག་གནས་ཐོན་ལས་ཀྱི་ཁེབས་རྒྱ་ཡང་རྒྱ་ཇེ་ཆེར་བཏང་ནས་ཤེལ་དང་ངར་ལྕགས་ཀྱིས་བཟོས་པའི་ལྷ་སྐུ་དང་། ཟངས་སྐུ་སོགས་ཁྱད་ཆོས་འབུར་དུ་ཐོན་པའི་མི་རིགས་བཟོ་རྩལ་ཐོན་རྫས་བཟོ་སྐྲུན་བྱེད་བཞིན་ཡོད།

2_1 སྒྱུ་རྩལ་གྱི་ཁྱད་ཆོས།  

རང་གི་ཡབ་དང་སློབ་དཔོན་ཆེན་མོ་བདུད་འདུལ་གཉིས་ཀྱི་སློབ་སྟོན་འོག  ལོ་ཐོག་ལོ་དང་ཟླ་ཐོག་ཟླ་བརྩེགས་ཀྱིས་དཀའ་སྤྱད་འབད་བརྩོན་གནང་བའི་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པ་ལ་བརྟེན་ནས། ཤ་བོ་སྐྱབས་ཀྱི་འབག་བཟོའི་ལག་རྩལ་ལྷ་ཡི་བཟོ་བོའི་མཆེད་པོར་སྙེམས་ཤིང་། ཇུས་འགོད་མཛེས་པ། ལས་པ་ཧ་ཅང་ཞིབ་པ། གསེར་བྱུག་པ་འོས་ཤིང་འཚམ་པ། ཕྱི་རྣམ་ལ་གསོན་ཉམས་ལྡན་ལ་ནང་དོན་གྱིས་ཕྱུག་པའི་ཁྱད་ཆོས་ཀུན་ནས་རྫོགས་པར་གྱུར། ལོ་ངོ་ཉི་ཤུ་ལྷག་རིང་གི་འབག་བཟོ་གསར་རྩོམ་གྱི་ལོ་ཟླ་རིང་མོ་བརྒྱུད་པའི་དེང་དུས། ཤ་བོ་སྐྱབས་ནི་ལས་རིགས་འདིའི་འཇོན་མིར་གྱུར་ཞིང་། རེབ་གོང་འབག་བཟོའི་ལག་རྩལ་སྔར་ལས་ལྷག་པར་རྒྱུད་འཛིན་དར་སྤེལ་གཏོང་ཆེད། རེབ་གོང་སྒྱུ་རྩལ་དང་དམངས་ཁྲོད་ལག་ཤེས་གཉིས་གཞི་གཅིག་ཏུ་བསྲེས་ཏེ། བརྩམས་ཆོས་ལ་ཐུན་མོང་མ་ཡིན་པའི་ཉམས་ཤིག་ཆགས་ཡོད།

ལོ་ངོ་ཉི་ཤུ་ལྷག་གི་སྒྱུ་རྩལ་གྱི་ལག་ལེན་བརྒྱུད་ནས་བཟོ་རྩལ་ཁྱད་དུ་འཕགས་པར་གྱུར་འདུག་པ་ཞིག་ཡིན། ཁོང་གི་བརྩམས་ཆོས་མཚོ་སྔོན་དང་ཀན་སུའུ། པེ་ཅིང་སོགས་ཀྱི་དགོན་པ་རྣམས་སུ་མཐོང་ཐུབ་པ་རེད།


བརྡ་འགྲེལ་གདོང་འཛར།

མི་སྣ། ལྷ་རིས་པ། ཤ་བོ་སྐྱབས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-02

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།