གསང་བདག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསང་བདག
གསང་བདག་ནི་ཆུང་ངུའི་དུས་ནས་རེབ་གོང་ལྷ་རིས་སྒྱུ་རྩལ་ལ་ལྷན་སྐྱེས་ཀྱི་བག་ཆགས་ཟབ་ཅིང་རིག་པ་རྣོ་ལ། རི་མོ་འབྲི་རྒྱུར་དགའ་མཁན་ཞིག་ཡིན། ཁོའི་ལྷ་རིས་སྒྱུ་རྩལ་ལ་སྲོལ་རྒྱུན་གྱི་ལག་ཐབས་ཀྱི་རྨང་གཞིའི་སྟེང་གསར་སྐྲུན་གྱི་ཆ་མངའ་བ་ཞིག་ཡིན་ཏེ། ཚོན་སྣ་འཛོམས་ཤིང་འཚམ་པ། གསེར་བྱུག་པ་ཞིབ་ཚགས་དང་གནད་ལ་འཁེལ་བ། མི་སྣས་མངོན་སུམ་གྱི་སྣང་བ་སྟེར་ཞིང་ཡིད་འགུགས་ཀྱི་ནུས་པ་ལྡན་པ་བཅས་རང་གི་ཐུན་མིན་གྱི་ཉམས་ཤིག་ཆགས་ཡོད། དེ་བས་གསང་བདག་ནི་རེབ་གོང་སྤྱི་དང་ནང་སྒོས་སུ་རྒྱལ་ཡོངས་ན་མིང་དུ་གྲགས་པའི་ལྷ་བཟོ་སྐད་གྲགས་ཅན་ཞིག་ཡིན། ད་ལྟ་ཁོས་རྒྱལ་ཁབ་ལས་རིགས་ནུས་རྩལ་གྱི་སྤུས་ཀ་གསལ་འབྱེད་དཔྱད་སྡུར་བ་དང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་ལག་ཤེས་པ་ཆེན་མོ་སོགས་ཀྱི་འགནཁུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桑斗合
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ12པ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་།
ལས་རིགས།
ལྷ་རིས་པ།
ལས་ཐོབ།
དམངས་ཁྲོད་ལག་ཤེས་པ་ཆེན་མོ།
འཐུས་ཚབ་བརྩམས་ཆོས།
« ཤཱཀྱ་ཐུབ་པ» «ཛམ་སེར» « སྤྱན་རས་གཟིགས་ཕྱག་བཞི་བ»
1 ངོ་སྤྲོད།

ཁོ་ནི་སྤྱི་ལོ1963 ལོའི་ཟླ12 པར་སེང་གེ་གཤོང་མ་མགོ་སྡེ་བར་སྐྱེས་ཤིང་། ཆུང་ངུའི་དུས་ནས་རེབ་གོང་ལྷ་རིས་སྒྱུ་རྩལ་ལ་ལྷན་སྐྱེས་ཀྱི་བག་ཆགས་ཟབ་པས་རིག་པ་རྣོ་ཞིང་རི་མོ་འབྲི་བར་དགའ། ལོ་བརྒྱད་ཀྱི་སྟེང་ནས་རེབ་གོང་ལྷ་བཟོ་གྲགས་ཅན་སྐལ་བཟང་གི་མདུན་ནས་ཐིག་རྩ་ནས་ལྷ་རིས་འབྲི་སྦྱོང་གི་མགོ་བརྩམས། ལོ་བཅུའི་སྟེང་ནས་ལྷ་བཟོ་གྲགས་ཅན་ཤ་བོ་ཐར་གྱི་མདུན་ནས་བློ་སེམས་རྩེ་གཅིག་དང་སྦྱངས་བརྩོན་བརྟན་པ། དགེ་རྒན་གྱི་སློབ་སྟོན་གནད་དུ་འཁེལ་བ་བཅས་ཀྱི་དབང་གིས་ཁོའི་ལག་རྩལ་གོང་འཕེལ་ཧ་ཅང་མགྱོགས། ལོ་ན་ཉི་ཤུར་སོན་པའི་གསང་བདག་གིས་རང་རྐྱ་འཕེར་བའི་སྒོ་ནས་ཐང་ཀ་འབྲི་བཞེངས་ལ་ཐོགས་པ་མེད་པས་ཚོན་མདངས་དང་བཅད་རིས་སོགས་གང་ཅིའི་ཐད་ནས་ཀུན་གྱིས་གདེང་འཇོག་ཚད་མཐོན་པོ་གནང་། ལྷ་བཟོ་རང་གི་མཚན་སྙན་ཕྱོགས་བཅུར་རྒྱས་ཀྱང་ང་རྒྱལ་ཁེངས་དྲེགས་ཀྱི་དབང་དུ་མ་ཚུད་པར་མུ་མཐུད་དུ་རེབ་གོང་སྒྱུ་རྩལ་རྟག་གུས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན། ཁོང་ལོ་ངོ་བཞི་བཅུ་ལྷག་གི་རིང་རི་མོ་དང་ཐང་གའི་ལས་ལ་གཞོལ་བའི་རིང་། ཁོའི་བརྩམས་ཆོས་ལ་ཚོན་མདངས་རྣམ་པར་བཀྲ་བ་དང་། རིས་གཞི་ཇུས་འགོད་ངོ་མཚར་བ།  པིར་ཁ་ཞིབ་ཅིང་ནན་པ། མི་སྣའི་ཉམས་འགྱུར་ཕུན་སུམ་ཚོགས་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་རིམ་བཞིན་ཆགས་ཤིང་སྒྱུ་རྩལ་པ་ཆེན་མོའི་ཁྱད་ཆོས་ལྷུན་གྱིས་གྲུབ། སྲོལ་རྒྱུན་གྱི་ལག་ཐབས་ཀྱི་རྨང་གཞིའི་སྟེང་གསར་སྐྲུན་གྱི་ཆ་མངའ་བ་ནི། ཚོན་སྣ་འཛོམས་ཤིང་འཚམ་པ། གསེར་བྱུག་པ་ཞིབ་ཚགས་དང་གནད་ལ་འཁེལ་བ། མི་སྣས་མངོན་སུམ་གྱི་སྣང་བ་སྟེར་ཞིང་ཡིད་འགུགས་ཀྱི་ནུས་པ་ལྡན་པ་བཅས་རང་གི་ཐུན་མིན་གྱི་ཉམས་ཤིག་ཆགས་ཡོད། དེ་བས་གསང་བདག་ནི་རེབ་གོང་སྤྱི་དང་ནང་སྒོས་སུ་རྒྱལ་ཡོངས་ན་མིང་དུ་གྲགས་པའི་ལྷ་བཟོ་སྐད་གྲགས་ཅན་ཞིག་ཡིན།  

མིག་སྔར། གསང་བདག་ལགས་ནི་རྒྱལ་ཁབ་ལས་རིགས་ནུས་རྩལ་གྱི་སྤུས་ཀ་གསལ་འབྱེད་དཔྱད་སྡུར་བ་དང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་ལག་ཤེས་པ་ཆེན་མོ། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་རེབ་གོང་སྒྱུ་རྩལ་དགེ་རྒན་ཆེན་མོ།  རེབ་གོང་སྒྱུ་རྩལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། རེབ་གོང་སྒྱུ་རྩལ་སྤུས་ཀ་གསལ་འབྱེད་ཆེད་མཁས་པ་བཅས་ཡིན།

2 བྱ་བའི་གྲུབ་འབྲས།

སྤྱི་ལོ2006 ལོའི་ཟླ 7 པར་མཚོ་སྔོན་ཞིང་ཆེན་རིམ་པ་གསུམ་པའི་དམངས་ཁྲོད་ལག་ཤེས་པ་ཆེན་མོའི་མིང་བཏགས་གནང་བ་དང་། ཟླ8པར་སྐབས་གཉིས་པའི་རེབ་གོང་སྒྱུ་རྩལ་བརྩམས་ཆོས་སྣ་མང་འགྲེམ་སྟོན་གྱི་དཔྱད་འདེམ་པར་ཆེད་བསྐོས་གནང་།  ཟླ9བར་རྨ་ལྷོ་ཁུལ་སློབ་གསོ་ཅུའུ་དང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་རེབ་གོང་སྒྱུ་རྩལ་བསླབ་གཞིའི་དགེ་རྒན་ཆེན་མོར་བསྐོས།  

སྤྱི་ལོ2007 ལོའི་ཟླ 4 བར་རྒྱུགས་བླངས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཐང་གའི་ལས་བཟོའི་དཔྱད་སྡུར་ཐོབ་ཐང་དཔང་ཡིག་གནང་བ་དང་། ཟླ11 པར་རྒྱུགས་སྤྲད་དེ་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་ལས་བཟོའི (ཐང་ག) མཐོ་རིམ་ལས་རིགས་ཐོབ་ཐང་དཔང་ཡིག་བླངས། སྤྱི་ལོ2008 ལོའི་ཟླ 1 པོར་ཡང་བསྐྱར་རྒྱུགས་སྤྲད་དེ་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་ལས་བཟོའི (ཐང་ག) མཐོ་རིམ་ལས་རིགས་ཐོབ་ཐང་དཔང་ཡིག་བླངས་པ་དང་། ཟླ12པར་མཚོ་སྔོན་ཞིང་ཆེན་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དམངས་ཁྲོད་སྒྱུ་རྩལ་ལས་བཟོའི་མཐོ་རིམ་ལག་རྩལ་པའི་ཐོབ་ཐང་དཔང་ཡིག་གནང་།  

སྤྱི་ལོ2008 ལོའི་ཟླ12 པའི་ཚེས12 ཉིན་ལ།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་ཐོག་དང་པོའི་ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལས་གཞིའི་ཚབ་མཚོན་རང་བཞིན་ཅན་གྱི་རྒྱུད་འཛིན་མི་སྣའི་མིང་བཏགས་གནང་།  

སྤྱི་ལོ2010 ལོའི་ཟླ 5 བར་མཚོ་སྔོན་ཞིང་ཆེན་རིམ་པ་དང་པོའི་དམངས་ཁྲོད་ལག་ཤེས་པ་ཆེན་མོའི་མིང་བཏགས་ཐོབ་པ་དང་། ཟླ 8 པར་སྐབས་གསུམ་པའི་མཚོ་སྔོན་རྒྱལ་སྤྱིའི་ཐང་ག་སྒྱུ་རྩལ་དང་ཤུལ་བཞག་རིག་གནས་ཏེ(རེབ་གོང་ཐང་ག)འཛམ་གླིང་གི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁྲོད་དཔྱད་འདེམ་པའི་འགན་བཞེས།

རེབ་གོང་སྒྱུ་རྩལ་ཁྱབ་སྤེལ་དྲིལ་སྒྲོག་དང་རེབ་གོང་ཐང་གའི་མཚན་སྙན་ཕྱོགས་བཞིར་རྒྱས་ཆེད་གསང་བདག་གིས་ལྷ་བཟོ་རྩ་འཛུགས་བྱས་ཏེ་ཟི་ལིང་དང་ཧྲང་ཧེ། པེ་ཅིང་། ཁྲིན་ཏུའུ།   ཞི་ཨན་སོགས་སུ་ལྗོངས་རྒྱུ་དུས་ཆེན་དང་འགྲེམས་སྟོན་ཚོགས་འདུ་སྣ་ཚོགས་ལ་ཞུགས་ཤིང་བྱ་དགའ་རབ་དང་རིམ་པ་ཐོབ།

སྤྱི་ལོ2005 ལོའི་ཟླ 8 པར་གྱན་ཐང« ཤཱཀྱ་ཐུབ་པ» ལ་སྐབས་དང་པོའི་རེབ་གོང་སྒྱུ་རྩལ་བརྩམས་ཆོས་སྣ་མང་འགྲེམ་སྟོན་ཁྲོད་གསར་སྐྲུན་བྱ་དགའ་ཐོབ་པ་དང་།  སྤྱི་ལོ2006 ལོའི་ཟླ 6 པར་ཀྲུང་གོའི་ཤུལ་བཞག་རིག་གནས་དུས་ཆེན་གྱི་ཉིན་མོ་དང་ཧྲང་ཧེ་དམངས་ཁྲོད་སྒྱུ་རྩལ་འགྲེམ་སྟོན་སྟེང་ཁྱད་འཕགས་མཛད་རྗེས་ཅན་གྱི་བྱ་དགའ་ཐོབ།  ཟླ 8 པར་ཐང་ག « ཤཱཀྱ་ཐུབ་པ» ལ་སྐབས་གཉིས་པའི་རེབ་གོང་སྒྱུ་རྩལ་བརྩམས་ཆོས་སྣ་མང་འགྲེམ་སྟོན་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སྤྱི་ལོ2007 ལོའི་ཟླ 9 པར་ཀྲུང་གོའི་མཚོ་སྔོན་རེབ་གོང་ཐང་ག་སྒྱུ་རྩལ་འགྲེམ་སྟོན་ཁྲོད་ཁོང་གི་བརྩམས་ཆོས « ཤཱཀྱ་ཐུབ་པ» དང«ཛམ་སེར» « སྤྱན་རས་གཟིགས་ཕྱག་བཞི་བ» བཅས་ལ་ཕུལ་བྱུང་བྱ་དགའ་དང་བྱ་དགའ་ཨང་དང་པོ།  གསུམ་པ་ཐོབ་ལ། ཁོ་ལ་ཁྱད་འཕགས་མཛད་རྗེས་ཅན་གྱི་བྱ་དགའ་ཐོབ།   ལོ་ངོ་མང་པོའི་ལྷ་བཟོའི་འཚོ་བའི་ཁྲོད་གསང་བདག་གིས་ཚོན་ཐང་དང་གསེར་ཐང་།   དམར་ཐང་། ནག་ཐང་སོགས་ཐང་ག800 ལྷག་གསར་བཞེངས་བྱས་ལ། དེའི་ནང་གི་ཐང་ག་ཉིས་བརྒྱ་ལྷག་ཕྱིའི་རྒྱལ་ཁབ་དག་གི་རྟེན་མཛོད་ཁང་ན་ཉར་ཚགས་བྱས་ཡོད། དུས་ད་རག་བར་དུ་ཁོས་རང་རྐྱ་ཐུབ་པའི་རེབ་གོང་ལྷ་རིས་པ་བདུན་ཅུ་ལྷག་གསོ་སྐྱོང་བྱས་ཏེ་རེབ་གོང་སྒྱུ་རྩལ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཕྱོགས་ལ་བྱས་རྗེས་མི་དམན་པ་བཞག་ཡོད།  

3 བརྩམས་ཆོས།

མི་ལོ་བཞི་ཅུ་ལྷག་གི་རིང་ལ་ཁོས་དགོན་སྡེ་གང་མང་ཞིག་ལ་རྟེན་བཞེངས་རྫོགས་མེད་ཅིག་བྱས་ཡོད་དེ། རེབ་གོང་རོང་བོ་དགོན་པའི་རྗེ་རིན་པོ་ཆེའི་ལྷ་ཁང་གི«རྒྱལ་ཆེན་བཞི» སོགས་ཐང་ག་བཅུ་གསུམ་དང་། སངས་རྒྱས་སྟོང་སྐུའི་ལྷ་ཁང་གི་རྒྱལ་ཆེན་བཞི་སོགས་ཐང་ག་བཅུ། འཇམ་དབྱངས་ལྷ་ཁང་གི «འཇམ་དབྱངས» དང«རྒྱལ་བ་བྱམས་པ» སོགས་ཐང་ག་ཉི་ཤུ་ལྷག་བཞེངས།  ཚོགས་ཆེན་འདུ་ཁང་དུ་སྐྱེ་རབས་དཔག་བསམ་འཁྲི་ཤིང་། ཤར་བླ་བྲང་གི་རྒྱལ་ཆེན་རྣམ་ཐོས་སྲས། སྒྲོལ་མའི་ལྷ་ཁང་གི་སྤྱན་རས་གཟིགས་ཕྱག་བཞི་བ་དང་རྒྱལ་བ་བྱམས་པ་སོགས་ཐང་ག་ཉི་ཤུ་ལྷག་བཞེངས།  སེང་གེ་གཤོང་མ་མགོ་དགོན་པའི་བྱམས་ཁང་དུ་སྤྱན་རས་གཟིགས་ཕྱག་བཞི་བ་དང་རྒྱལ་བ་བྱམས་པ། འཇམ་དབྱངས་ལྷ་ཁང་གི་འཇམ་དབྱངས་དང་རྒྱལ་ཆེན་བཞི་སོགས་བཞེངས། རེབ་གོང་བཀྲ་ཤིས་འཁྱིལ་དགོན་པའི་ཚོགས་ཆེན་འདུ་ཁང་དུ་རྒྱལ་ཆེན་བཞི་སོགས་ཐང་ག་བཅུ་གསུམ་བཞེངས། རྩེ་ཁོག་རྡོ་རྗེ་རྫོང་དགོན་པར «སྐྱེ་རབས་དཔག་བསམ་འཁྲི་ཤིང» སོགས་ཐང་ག་བརྒྱད་བཞེངས། བྱ་ཁྱུང་དགོན་པའི་ཚོགས་ཆེན་འདུ་ཁང་དུ«སྐྱེ་རབས་དཔག་བསམ་འཁྲི་ཤིང»སོགས་ཐང་ག་བཅུ་གཉིས་བཞེངས། མགོ་ལོག་དཔལ་གཡུ་དགོན་པའི་ཚོགས་ཆེན་འདུ་ཁང་དང་བྱམས་ཁང་དུ་རྒྱལ་ཆེན་བཞི་སོགས་ཐང་ག་བཅུ་གསུམ་བཞེངས། བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་དུ་སྟོན་པ་དང་སྒྲོལ་མ་གཉིས་བཞེངས། ཀན་ལྷོའི་ཨ་མཆོག་དགོན་པར་རྗེ་རིན་པོ་ཆེ་སོགས་ཐང་ག་བཅུ་གསུམ་བཞེངས། གཙོས་གསེར་མཁར་དགུ་ཐོག་ཏུ་མི་ལ་རས་པའི་མཛད་རྣམ་སོགས་ཐང་ག་བཅོ་ལྔ་བཞེངས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-02

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།