དུ་མེ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུ་མེ་པ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་དུ་མེ་པ།
བོད་སྐད།
དུ་བི་པ།
ཡུལ།
མ་ག་ངྷཱའི་བྱེ་བྲག་གྲོང་ཁྱེར་ཙམ་པ་ཀ
རིགས།
འབྲོག་པ།
བླ་མ།
ཙ་པ་རི་པ།
ཆ་བྱད།
ན་བཟའ་མེ་ཁ་ལི་གསོལ་བ། དེ་ལ་མེ་ཁ་ལི་ནི། རྔུལ་གཟན་འདྲ་བའི་དཀྱིལ་ན་མགོ་འདོན་ས་ཡོད་པ། མི་རྣམས་ལ་བཅུད་ལེན་དེ་ནས་ཤིང་ལོ་གཅིག་གིས་འཐོར་ཚུལ་བྱེད་པ། མདུན་དུ་བུད་མེད་དང་བྱིས་པ་གཅིག་ཐལ་མོ་སྦྱར་བ། དེའི་རྗེས་སུ་མི་མང་པོ་རམ་མདའ་བའི་ཚུལ་གྱིས་ཡོང་བ། དེའི་ལྟག་ཙམ་ན་བྲག་ཕུག་ཅིག་ན། དབུས་སུ་ལྷ་གཅིག་དང་། གཡས་སུ་ལྷ་ཆུང་བ་གཅིག གཡོན་དུ་ལྷ་མོ་གཅིག་རྣམས་གདན་གཅིག་ལ་སུམ་བསྒྲིགས་སུ་བཞུགས་པ་འབྲི།
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་དུ་མེ་པའི(དུ་བི་པ)ལོ་རྒྱུས་ནི།      ཡུལ་མ་ག་ངྷཱའི་བྱེ་བྲག་གྲོང་ཁྱེར་ཙམ་པ་ཀ        རིགས་འབྲོག་པ།       སློབ་དཔོན་ཙ་པ་རི་པའོ།   །དེ་ཡང་འབྲོག་པ་ཞིག་ལ་འབྱོར་པ་དཔག་ཏུ་མེད་པ་ཡོད་དེ།       བཞོན་གྱི་མ་ཧེ་སྟོང་།        རྟ་དང་ར་ལུག་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས།       དུས་རེ་ཞིག་གི་ཚེ་འབྲོག་པ་དེའི་ཕ་ཤི་ནས་སྟོན་མོ་རྒྱ་ཆེན་པོ་བྱེད་པར་བརྩམས་ཏེ་ཡུལ་དེའི་དགེ་སློང་ཐམས་ཅད་སྤྱན་དྲངས།      ཉིན་མཚན་གཉིས་སུ་གཡོས་སྣ་ཚོགས་བྱས།      ཡུལ་མི་ཐམས་ཅད་བོས་ནས་ཆུ་བོ་གངྒཱར་ཁྲུས་ལ་ཕྱིན།       འབྲོག་པ་དེའི་མནའ་མ་ཡུལ་ཐག་རིང་ནས་བསླངས་པ་ཞིག་ལ་བུ་གཟུགས་བཟང་ཞིང་།      སྣའི་གཟེངས་མཐོ་བ།      དཔྲལ་བའི་དབྱེས་ཆེ་བ་གཅིག་བཙས་ནས་ཡོད་པས་གཅེས་སྤྲས་བྱས།    ཆུ་བོ་གངྒཱར་མ་བཏང་བར་བཟའ་བཅའ་བསྲུང་ཞིང་ཁྲུས་ཁྱིམ་དུ་གྱིས་ཤིག་སྨྲས་ནས།     ཁྱིམ་བདག་རང་ཡང་ཁྲུས་ལ་ཕྱིན་པ་དང་།       བླ་མ་ཙ་པ་རི་པ་བྱ་བ་དེ་འབྲོག་ཡུལ་དེར་བསོད་སྙོམས་མཛད་པས།       མི་ཐམས་ཅད་གངྒཱར་ཁྲུས་ལ་སོང་ནས་ཡུལ་ཁྱིམ་འདི་ཚོ་ན་ཁང་སྲུང་བ་རེ་ལས་མེད།       ངེད་ཁང་སྲུང་བ་རྣམས་ཀྱང་བདག་འབྲོག་པའི་གཙོ་བོ་ཞིག་གི་ཕ་ཤི་ནས་སྟོན་མོ་བྱེད་པས།      བདག་ཅག་རྣམས་ཀྱང་ཞག་གསུམ་དུ་བ་བཅད་ནས་དེ་ཟ་བ་ལགས་པས།   ཉིད་རང་ཡང་དེར་གཤེགས་པ་ཞུ་ཟེར།   སློབ་དཔོན་ཙ་པ་རི་པས་འབྲོག་པའི་གཙོ་བོ་ཕ་ཤི་བའི་ཁྱིམ་དུ་བྱོན་ནས་བསོད་སྙོམས་བསླངས་པས།     མནའ་མའི་བསམ་པ་ལ་བཟའ་བཏུང་སྦྱིན་ན་ཟས་ཀྱི་རྒྱ་ཞིག་ནས་འགྲོ།      དེ་ལྟར་སོང་ན་ཁྱོ་སྒྱུག་དང་ཁྱིམ་མི་ཀུན་གྱིས་ཁ་ཟེར་ཞིང་འབར་དུ་བྱུང་ན་འགྲོ་ས་གཅིག་ཀྱང་མེད།    མའི་ཡུལ་ནི་ཐག་རིང་སེམས་ཤིང་བསོད་སྙོམས་མ་བྱིན་ན་ནི་མི་རུང་སྙམ་སྟེ།   མནའ་མས་སློབ་དཔོན་ཙ་པ་རི་པ་ལ་གསོལ་བ།    བདག་གདུགས་ཚོད་འདྲེན་པ་ལ་ཁྱིམ་མི་ཀུན་མ་མཆིས་པས་དྲངས་ན་ཁོང་རྣམས་ཀྱིས་ཁ་ཟེར་ཞིང་བྱུང་ན་འགྲོ་ས་གང་ཡང་མ་མཆིས།     ཕ་མའི་ཡུལ་ཡང་ཤིན་ཏུ་ཐག་རིང་བ་ན་མཆིས།      མ་དྲངས་ན་མི་རུང་བས་ཇི་ལྟར་ལེགས།      སློབ་དཔོན་ན་རེ།       མགྲོན་པོ་ལ་དྲངས་པས་ཁ་ཟེར་དུ་མི་ཡོང་།       གལ་ཏེ་ཟེར་ན་ངའི་གམ་དུ་ཤོག་གསུངས།      མནའ་མས་ཉིད་གང་ན་བཞུགས་བདག་གིས་མ་འཚལ་བྱས་པས།      ཙ་པ་རི་པས་ང་ས་ཕྱོགས་འདི་ལྟ་བུ་རུ་མེ་བཏང་བའི་དུ་བ་ཡོད་པས་དེ་ལ་ལྟོས་ལ་ཤོག་གསུངས།       དེ་ནས་ཟས་ཀྱི་ཕུད་རྣམས་ནས་གདུགས་ཚོད་དྲངས་ཞིང་མཆོད་པར་བྱས་སོ།   །    

དེ་ནས་འབྲོག་པའི་མི་ཀུན་གངྒཱར་ཁྲུས་བྱས་ནས་ཁྱིམ་དུ་འོང་བ་ན།    སྟོན་མོའི་ཟས་ཀུན་ལ་བལྟས་པས་ཐམས་ཅད་ཉམས་ནས་འདུག་པར་མཐོང་ནས།     མནའ་མ་ལ་འབར་ཏེ་བརྡུང་བར་བརྩམས་པ་དང་།   མནའ་མས་བུ་ཆུང་ཁུར་ཏེ་དུ་བ་དང་མེ་ལ་གཏད་ནས་བྲོས་ཕྱིན་པས།   སློབ་དཔོན་ཙ་པ་རི་པའི་དགོན་པར་སླེབས་པ་དང་།     སློབ་དཔོན་གྱིས་བུ་མོ་འོངས་པ་ལེགས་སོ་གསུངས་ནས།    མ་བུ་གཉིས་ལ་སྔགས་ཆུ་གཏོར་བས་གཉིས་ཀ་རང་བྱུང་གི་རྡོ་སྐུར་སོང་ངོ་།   །དེ་ནས་བུ་མོའི་ཁྱོས་ཁྲུས་བྱས་ནས་ཁྱིམ་དུ་ལོག་པ་དང་།     ཆུང་མ་དང་བུ་བྲོས་པའི་གཏམ་ཐོས་ནས་མ་ཧེའི་བུ་སྟོར་བ་བཞིན་དུ་སྐད་ཅིག་ཀྱང་ཁྱིམ་དུ་མ་བསྡད་པར་ཙ་པ་རི་པའི་གམ་དུ་ཕྱིན་ནས་སློབ་དཔོན་ལ་དྲིས་པས།    ཁྱོད་ཀྱི་བུ་དང་ཆུང་མ་རྡོ་སྐུར་སོང་བྱས་ཏེ་བསྟན་པས།      ཁྱོ་དེ་དད་པ་སྐྱེས་པ་དང་།    ཡང་སྔགས་ཆུ་གཏོར་བས་རྡོ་སྐུར་སོང་སྟེ་གསུམ་ཀ་གདན་གཅིག་ལ་འཁོད་དོ།  །དེ་གསུམ་ལ་ཡོན་ཏན་གཉིས་ཡོད་དེ།      མིག་གི་འབྲས་བུ་ཁར་བཅུག་ནས་ནམ་མཁའ་ལ་འགྲོ་བ་དང་།      ནོར་བུ་ནས་གསེར་འགྱུར་གྱི་རྩི་འབྱུང་བའོ།  །    

དེ་ནས་ཁྱིམ་མི་དང་གཉེན་སུམ་བརྒྱ་ཙམ་བལྟར་འོང་བ་དང་།       སློབ་དཔོན་གྱིས་སྔགས་ཆུ་གཏོར་བས་དེ་ཐམས་ཅད་ཀྱང་རྡོ་སྐུར་སོང་ནས་ཕྱི་རོལ་དུ་གནས་སོ།   །དེ་ནས་ཙམ་པ་ཀའི་རྒྱལ་པོ་མ་ཧཱ་པ་ལ་འཁོར་སྐྱེ་བོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ།   སློབ་དཔོན་ཙ་པ་རི་པའི་དགོན་པར་བལྟར་བྱོན་པས་རྡོ་སྐུ་ཐམས་ཅད་མཐོང་བ་དང་།    ཤིན་ཏུ་དད་ཅིང་མོས་པའི་རྟེན་དུ་དགོངས་ནས།   ནང་དུ་ཡབ་ཡུམ་གསུམ་ལ་ལྷ་ཁང་གཅིག་བྱས།    ཕྱི་རོལ་དུ་རྡོ་སྐུ་སུམ་བརྒྱ་པོ་ལ་ཡང་ལྷ་ཁང་གཅིག་བྱས་ནས།    སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་གསོག་པའི་རྟེན།    རྒྱལ་བ་བྱམས་པའི་བསྟན་པ་མ་བྱུང་གི་བར་དུ་འདུག་གོ   །དེའི་བར་ཐམས་ཅད་མི་འཆི་བར་འདུག་སྟེ།      བྱམས་པའི་ཆོས་ཉན་ནས་གཟོད་སངས་རྒྱ་བར་གྱུར་ཏེ།     ལོ་ཁྲི་ཚོ་བདུན་དེར་བཞུགས་ནས་འགྲོ་དོན་མཛད་པར་འགྱུར་རོ།   །ནང་གི་སྐུ་གསུམ་བཞུགས་སར་མི་གཞན་འགྲོར་མི་སྟེར་བར་བསྲུང་ཞིང་གནས་དེར་སྒྲུབ་པ་བྱེད་པའི་རྣལ་འབྱོར་པ་དུ་མ་ཡོད་དོ།   །དེའི་ནང་དུ་སྒྲུབ་པ་བྱས་ན་ད་ལྟ་ཡང་དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད་དོ།   །དེའི་མཚན་ཡང་དུ་མེ་པ་ཞེས་གྲགས་ལ།      དུ་བ་པ་ཡང་ཟེར།        དེའི་རྟོགས་བརྗོད་ནི།      སངས་རྒྱས་ཀུན་གྱི་སྡོམ་པ་མཆོག   །རང་གི་རྟོགས་ལས་གཞན་ན་མེད།  །གཉུག་མའི་སེམས་ཉིད་རྟོགས་པ་གང་།    །སངས་རྒྱས་ཐམས་ཅད་དེ་མཐོང་ཡིན།   །ཞེས་གསུངས་སོ།   །


བརྡ་འགྲེལ་གདོང་འཛར།

ཆོས་ལུགས། མི་སྣ། དུ་བི་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-10-22

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།