མི་ན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་ན་པ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་མི་ན་པ། མཱི་ན་པ།
བོད་སྐད།
ཉ་པ།
ཡུལ།
རྒྱ་གར་ཤར་ཕྱོགས་ཀ་མ་རུ་པ།
རིགས།
ཉ་པ།
བླ་མ།
མ་ཧཱ་དེ་བ།
དངོས་གྲུབ་ཀྱི་རྟེན།
འཇིག་རྟེན་པའི་རྟ་ཉ་ལི་ཁོག་པར།
གྲུབ་པ་གང་ཐོབ།
འཇིག་རྟེན་གྱི་དངོས་གྲུབ།
རྟེན།
ཉ་པ།
སྤྱོད་པ།
ཉའི་ཁོག་པ་ནས་ཐོན་ནས་བཞེངས་པ།
ཆ་བྱད།
ཉ་ཆེན་པོའི་ཁོག་པ་གཤགས་པའི་དབུས་ནས་ཐོན་པའི་ཚུལ་གྱི། ཞབས་གཉིས་སམ་གཅིག་ཉ་ཡི་ཁོག་ནང་ཆུག་ཙམ། ཕྱག་གཉིས་གར་མཛད་པའི་ཚུལ། སྐུ་ཤ་སྔོ་སངས་རྒྱན་མེད་ཅིང་སྐྲ་འཛིངས་པ།
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་མི་ན་པའི(ཉ་པ)ལོ་རྒྱུས་ནི།     ཡུལ་རྒྱ་གར་ཤར་ཕྱོགས།     རིགས་ཉ་པ།     བླ་མ་མ་ཧཱ་དེ་བ།     དངོས་གྲུབ་འཇིག་རྟེན་པའི་ལྷ་ལས་ཐོབ་པའོ།   །དེ་ཡང་ཀ་མ་རུའི་མཐའ་རྒྱ་མཚོ་ལ་ཨི་ཏ་ཞེས་བྱ་བར་ཉ་པ་ཀུན་ཉ་བཤོར་ནས་དུས་རྟག་ཏུ་ཚོང་དུས་སུ་འཚོང་བ་ལ།     དུས་གཅིག་ན་ཉ་པ་ཞིག་གིས་རས་བལ་གྱི་སྲད་བུ་ལ་ལྕགས་ཀྱུ་བཏགས་ནས་དེའི་རྩེ་མོར་ཤ་བཏགས་ནས་ཆུར་བསྐྱུར་བས།     ཉ་ཆེན་པོ་ཞིག་ཟིན་པས་དེས་འཐེན་པས་ཉས་ཉ་པ་ཕར་དྲུད་དེ་རྒྱ་མཚོར་ཉ་པ་ནུབ་ནས་ཉ་པ་དེ་ཉས་མིད་པ་དང་།  ལས་དབང་གིས་དེར་མ་ཤི་བར་ཡོད་པ་ལ། དེའི་དུས་སུ་དབང་ཕྱུག་ཆེན་པོ་ལ་ལྷ་མོ་ཨུ་མས་ཆོས་ཞུས་པས།     དབང་ཕྱུག་ཆེན་པོ་ན་རེ།    ངའི་ཆོས་འདི་དག་གང་རུང་རུང་དུ་བཤད་པ་མ་ཡིན་ཏེ། ཤིན་ཏུ་གསང་བ་ཡིན་པས་རྒྱ་མཚོའི་ནང་དུ་ཁང་པ་ཞིག་བརྩིགས་ཤིང་།      དེའི་ནང་དུ་ལྷ་མོ་ཨུ་མ་ལ་ཆོས་བཤད་པས།     དེའི་དུས་སུ་ཁང་པའི་འོག་ཏུ་ཉ་དེས་འོངས་པ་དང་།     ཆོས་ཀྱི་འཕྲོ་ལ་ལྷ་མོ་གཉིད་དུ་སོང་བ་དུས་མཚུངས་ཏེ།     དབང་ཕྱུག་ཆེན་པོས་ལྷ་མོ་ཨུ་མ་ལ་གོའམ་བྱས་པས་མ་ཚོར།     ཉ་པ་ཉའི་ཁོག་ན་ཡོད་པ་དེས་ཚོར་ནས།     ཉ་པས་བཀའ་སྩོལ་ཟེར་ཞིང་ཆོས་ཉན།      ཆོས་ཐོན་པ་དང་ལྷ་མོ་ཨུ་མ་གཉིད་སད་ནས་ཆོས་ཤོད་བྱས་པས།     དབང་ཕྱུག་ན་རེ།     ངས་བཤད་ཟིན་ཟེར།     ཨུ་མས་ངོས་ཀྱིས་ཆོས་འདི་ཙམ་བར་དུ་ཐོས།     དེ་ནས་གཉིད་ཀྱིས་མྱོས་ནས་མ་ཐོས་བྱས་པ་ལ།      འོ་ན་བཀའ་སྩོལ་ཟེར་བ་སུ་ཡིན་བྱས་པས་དེ་སྐད་ཟེར་མཁན་བདག་མིན་ཟེར་བས།     དབང་ཕྱུག་ཆེན་པོའི་མངོན་ཤེས་ཀྱིས་བརྟགས་པས།     ཁང་པའི་འོག་ན་ཉ་ཆེན་པོ་ཞིག་གི་ལྟོ་བའི་ནང་ན་མི་ཞིག་འདུག་པ་དེ།     ཆོས་ཉན་པར་མཐོང་ནས་དབང་ཕྱུག་གིས་བསམས་པ།     འདི་ངའི་སློབ་མར་གྱུར་པས་དམ་ཚིག་གཅིག་པའི་སྤུན་ཡིན་སྙམ་ནས་དབང་བསྐུར་ཞིང་གདམས་ངག་ཕོག་ནས་ཉའི་ལྟོ་བར་ལོ་བཅུ་གཉིས་ཀྱི་བར་དུ་སྒྲུབ་པ་བྱས་པས་གྲུབ་པ་ཐོབ་བོ། །དེ་ནས་དུས་ལན་གཅིག་གི་ཚེ་ཡུལ་ཤྲཱི་ཏ་པ་རི་བྱ་བའི་ཉ་པ་ཞིག་གིས་ཉ་ཆེན་པོ་དེ་བཟུང་ནས་ཕྱིར་བཏོན་པ་དང་།  ཉ་འདིའི་ལྗིད་ཆེ་ལུགས་ཀྱིས་ཁོང་པ་ན་གསེར་དངུལ་ལ་སོགས་པའི་རྫས་ཤིག་ཡོད་ཐང་སྙམ་ཉའི་ལྟོ་བ་གཤགས་པས།     མི་གཅིག་བྱུང་བ་དེ་ལ་ཉ་པས་ཁྱོད་སུ་ཡིན་བྱས་པས། བདག་ཀྱང་ཉ་པ་ཞིག་ལགས་ཏེ་ཉས་མིད་པ་ཡིན་ཟེར།  དེས་ན་རྒྱལ་པོ་འདི་ཤི་བའི་ཚེ་ཉས་ཁྱེར་བ་ཡིན་ཟེར། དེར་མི་ཀུན་གྱིས་རྩིས་བྱས་པས་ལོ་བཅུ་གཉིས་སོང་ནས་འདུག་པས་མི་ཀུན་ངོ་མཚར་སྐྱེས་ནས།  མིང་དུ་ཡང་རྣལ་འབྱོར་པ་མི་ན་པ་ཞེས་བྱ་བར་གྲགས་ཏེ།   མི་ཐམས་ཅད་ཀྱིས་མཆོད་པ་སྣ་ཚོགས་བྱས།   མི་ན་པས་ས་ལ་གར་བྱས་པས་རྐང་པ་ས་ལ་ནུབ། རྡོའི་སྟེང་དུ་ཡང་ནུབ་པ་ལ་སོགས་པའི་རྫུ་འཕྲུལ་གྱི་གྲུབ་རྟགས་བསྟན་ནས། དེས་ཀྱང་འགྲོ་བ་མ་ལུས་པའི་དོན་བྱས་ཤིང་ཡུལ་ཁམས་དེ་ཉིད་བཏུལ་ལོ། །དེ་ནས་མི་ན་པ་འཇིག་རྟེན་གྱི་དངོས་གྲུབ་ཀྱིས་ནམ་མཁའ་ལ་ལུས་མ་སྤངས་པར་འཕུར་ནས་སོང་ངོ་། །མི་ན་པའི་རྟོགས་པ་བརྗོད་པ་ནི། ལྕགས་ཀྱུ་ཐོགས་པའི་ཉ་པ་ནི། །     ལས་དབང་རྒྱ་མཚོའི་ནང་དུ་ཁྱེར། །ཉ་ཆེན་ལུས་ལ་བརྟེན་བཅས་ནས། །ལྷ་ཆེན་གདམས་པ་ཉམས་བླངས་པས། །ཡོན་ཏན་ས་དང་རྡོ་དག་གིས། །མ་ཐེག་མི་ན་པ་རུ་གྲགས། །     ཞེས་གསུངས།  སློབ་དཔོན་མི་ན་པའི་རྣམ་ཐར་དང་ལོ་རྒྱུས་རྫོགས་སོ།   །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-09-24

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།