ཀོ་ཀ་ལི་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོ་ཀ་ལི་པ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་ཀོ་ཀ་ལི་པ། ཀཾ་ཀ་ལི་པ།
བོད་སྐད།
ཉལ་པོའམ་དགའ་བ།
བོད་སྐད།
ཉལ་པོའམ་དགའ་བ།
རིགས།
དམངས་རིགས།
བླ་མ།
མཚན་མེད་པའི་རྣལ་འབྱོར་པ།
དངོས་གྲུབ་ཀྱི་རྟེན།
བདག་མེད་ཐིག་ལེའི་གདམས་ངག
གྲུབ་པ་གང་ཐོབ།
མཆོག་གི་དངོས་གྲུབ།
རྟེན།
སྤྲང་པོ།
སྤྱོད་པ།
ཆུང་མའི་རོ་སྲུང་བ།
ཆ་བྱད།
དུར་ཁྲོད་དུ་བཞུགས་ཤིང་། མདུན་ཀེང་རུས་ཉལ་བ། རྒྱན་མེད་པ། སྐྲ་ཅོ་བྲེག་སྔོ་སངས་མཉམ་བཞག་མཛད་པའོ། །
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་ཀོ་ཀ་ལི་པའི(སྤྲང་པོའམ་ཉལ་པོ་ལ་དགའ་བ)ལོ་རྒྱུས་ནི། ཡུལ་ག་ཌ་རུ་པ་རིགས་དམངས་རིགས།  དེ་ཡང་རང་གི་རིགས་དང་འཚམས་པའི་ཁྱིམ་ཐབ་གཅིག་བླངས་ནས།  ཁྱིམ་གྱི་འདོད་པའི་ཡོན་ཏན་གྱི་རོ་ཉམས་སུ་མྱོང་བར་བྱེད་པ་ཁོ་ན་ལས་ཐར་ལམ་དགེ་བའི་ཆོས་སོགས་དགེ་བ་ཅུང་ཟད་ཙམ་ཡང་མི་བྱེད་པར་འཇིག་རྟེན་འབའ་ཞིག་གི་དོན་གཉེར་ཞིང་འདུག་པའི་ཚེ།  དེའི་ཆུང་མ་འདུས་བྱས་ཀྱི་ལས་སླེབས་ནས་ཤི་སྟེ་རོ་དུར་ཁྲོད་དུ་བསྐྱལ་ཡང་།  རོ་བློས་མ་ཐོངས་པར་རོའི་རྩར་ངུ་ཞིང་འདུག་པ་ལ།  དེའི་གམ་དུ་ལེགས་པར་རྟོགས་པའི་རྣལ་འབྱོར་པ་ཞིག་བྱོན་ནས།     ཁྱིམ་བདག་དུར་ཁྲོད་ན་ཅི་བྱེད་ཀྱིན་འདུག་ཞེས་སྨྲས་པ་དང་། ཁྱིམ་བདག་ན་རེ།  འཕགས་པས་བདག་གི་སྡུག་བསྔལ་འདི་མ་གཟིགས་སམ།  མིག་བཏོན་པའི་ལོང་བ།  ཁྱིམ་ཐབ་དང་བྲལ་བའི་དཔལ་ཟད་པ། འཇིག་རྟེན་ན་བདག་ལས་སྡུག་པ་དང་ཉོན་མོངས་པ་སུ་མཆིས་ཞེས་ཞུས་པས།  རྣལ་འབྱོར་པ་ན་རེ།  སྐྱེས་པའི་མཐའ་འཆི།   འདུས་པའི་མཐའ་འབྲལ།   འདུས་བྱས་ཀྱི་མཐའ་མི་རྟག་པ་སྲིད་པར་སོང་བ་ཐམས་ཅད་སྡུག་བསྔལ་བ་ཡིན་པས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཁྱོད་མི་སྐྱོའམ། མི་རོ་རྡོ་ལྟ་བུ་བསྲུངས་ནས་ཅི་བྱེད།   དེ་བས་ཁྱོད་རང་ཆོས་ཀྱིས་ལ་སྡུག་བསྔལ་སྤོངས་གསུངས་པས་ཁྱིམ་བདག་ན་རེ།  འཕགས་པ་འཁོར་བའི་རྐྱེན་འཆི་བའི་སྡུག་བསྔལ་ལས་ཐར་བའི་ཐབས་ཡོད་ན་སྩལ་དུ་གསོལ་ཞུས་པས།   དེ་ལས་ཐར་བའི་ཐབས་བླ་མའི་མན་ངག་ཡོད་གསུངས་པས།   དེ་བདག་ལ་གནང་བར་ཞུ་ཞེས་ཟེར་བས།  དེ་ལ་རྣལ་འབྱོར་པས་དབང་བསྐུར་ཏེ་བདག་མེད་ཐིག་ལེའི་གདམས་ངག་བྱིན་པས།  ཁྱིམ་བདག་ན་རེ།  རོ་འདི་ཇི་ལྟར་བསྒོམ་ཞེས་ཟེར་བ་ལ།  རྣལ་འབྱོར་པས་ཕྱིའི་ཆུང་མའི་རྣམ་པར་རྟོག་པ་སྤོངས་ལ།  ནང་དུ་སེམས་ལ་བདག་མེད་པའི་ཆུང་མ་དང་།  བདེ་བ་གཉིས་མེད་དུ་སྒོམས་ཤིག་བྱས་ནས།  ལོ་དྲུག་བསྒོམ་དུ་བཅུག་པས་ཐ་མལ་པའི་ཆུང་མའི་རྣམ་པར་རྟོག་པ་བདེ་བ་དང་།  སྟོང་པའི་ངང་དུ་སྟོར་ནས་དེའི་གྲིབ་མ་དག་སྟེ།  བདེ་ཆེན་འོད་གསལ་གྱི་ཉམས་རྟོག་ཤར་ནས།   མ་རིག་པའི་འཁྲུལ་པའི་དུག་དྭངས་ནས།  གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པའི་དོན་མངོན་སུམ་དུ་མཐོང་སྟེ། མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་ཏེ།  མཚན་ཡང་ཀོ་ཀ་ལི་པ་ཞེས་ཕྱོགས་མཚམས་ཐམས་ཅད་དུ་གྲགས་ཤིང་། ཡུལ་ག་ཌ་རུ་ཌར་སྐྱེ་འགྲོ་དུ་མ་ལ་ཆོས་བཤད་ཅིང་། སེམས་ཅན་གྱི་དོན་དཔག་མེད་ཏུ་མེད་པ་མཛད་ནས་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ། །ཀོ་ཀ་ལི་པའི་རྟོགས་བརྗོད་ནི།  ཇི་ལྟར་ནམ་མཁའ་སྟོང་པ་ལ།  །གཅིག་དང་གཞན་གཉིས་སྤངས་པའི་གཟུགས། །རང་སྣང་ཡེ་ཤེས་བཙུན་མོ་ནི། །དཔེ་མེད་ཐ་སྙད་ཀུན་ལས་འདས།  །ཞེས་གསུངས། སློབ་དཔོན་ཀོ་ཀ་ལི་པའི་ལོ་རྒྱུས་དང་རྣམ་ཐར་རྫོགས་སོ།   །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-09-24

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།