ས་ར་ཧ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ར་ཧ་པ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་ས་ཧ་ར་པ། ས་ར་ཧ་པ།
བོད་སྐད།
མདའ་བསྣུན།
ཡུལ།
ཤར་ཕྱོགས་ར་རྦི་པ་རི་ལི་ས།
རིགས།
ཆོས་པ།
བླ་མ།
བྲན་གཡོག་ཆུང་མ།
གྲུབ་པ་གང་ཐོབ།
མཆོག་གི་དངོས་གྲུབ།
ཆ་བྱད།
སྐུ་ཤ་དཀར་བ་ཚངས་སྐུད་ཅན། མདའ་སྲོང་བ་གྲུབ་པའི་སློབ་དཔོན་རྒས་པ་མེད་པ་དེ་འདྲ་བའི་རིགས་ཡིན་པས་རྒས་འཁོག་པའི་རྣམ་པ་མི་བྱའོ། །
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་ས་ར་ཧ་པའི(མདའ་བསྣུན་པའམ་བྲམ་ཟེ་ས་ཧ་ར་པ)ལོ་རྒྱུས་ནི།    རིགས་བྲམ་ཟེ།     ཡུལ་ཤར་ཕྱོགས་ཀྱི་གྲོང་ཁྱེར་ར་དྷི་ཞེས་བྱ་བ།      བྱེ་བྲག་པ་རོ་ལི་པ་ཡིན་ལ།  ཡུམ་མཁའ་འགྲོ་མ། སློབ་དཔོན་བྲམ་ཟེ་ཡིན་ཡང་།  ས་ར་ཧ་རང་ནང་པ་སངས་རྒྱས་པའི་ཆོས་ལ་དད་ནས་ནང་པ་དང་བྲམ་ཟེ་གཉིས་ཀའི་སྡོམ་པ་བསྲུང་ཞིང་།  ཉིན་མོ་བྲམ་ཟེའི་ཆོས་ལུགས་དང་།  མཚན་མོ་སངས་རྒྱས་པའི་ཆོས་ལུགས་བྱས།     ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་།  ཆང་ཡང་གསོལ་བས།  བྲམ་ཟེ་ཀུན་གྱིས་ཚོར་ནས་ས་ར་ཧ་བསྐྲད་པར་བརྩམས་ཏེ། བྲམ་ཟེ་ཐམས་ཅད་འདུས་ནས་རྒྱལ་པོ་རཏྣ་བ་ལ་ཞུས་པ། ཁྱེད་རྒྱལ་པོ་ཡིན་ན་ཡུལ་དུ་ཆོས་ལུགས་འཆོལ་བར་བྱེད་དུ་འཇུག་པའི་ལུགས་ཡོད་དམ།     ས་ར་ཧ་འདི་ཡུལ་པ་རོ་ལིའི་གྲོང་ཁྱེར་ཁྲི་ཚོ་ཕྱེད་དང་གཉིས་ཀྱི་བྲམ་ཟེ་རྣམས་ཀྱི་གཙོ་བོ་ཡིན་པ་ལ།     ད་ཆང་འཐུངས་ནས་རིགས་ཉམས་འདུག་པས་སྐྲོད་པར་རིགས་སོ་བྱས་པས།      རྒྱལ་པོའི་བསམ་པར་གྲོང་ཁྱེར་ཁྲི་ཚོ་ཕྱེད་དང་གཉིས་ཀྱི་གཙོ་བོ་ཡིན་པས་སྐྲོད་པར་མི་རུང་སྙམ་ནས།     ས་ར་ཧའི་གནས་སུ་བྱོན་ནས་སྨྲས་པ།     ཁྱེད་བྲམ་ཟེ་ཡིན་པ་ལ་ཆང་འཐུང་བ་དེ་མ་ལེགས་བྱས་པས།     ངས་ཆང་མ་འཐུངས་ཟེར།  འོན་ཀྱང་ཡིད་མི་ཆེས་ན་མནའ་འདོར་བ་ཡིན་པས། བྲམ་ཟེ་ཀུན་དང་མི་ཐམས་ཅད་བསྡུས་ཤིག་ཟེར་ནས།  རྒྱལ་པོས་ཐམས་ཅད་བསྡུས་པ་དང་།  ས་ར་ཧས་སྨྲས་པ།  ངས་ཆང་འཐུངས་ན་ཁ་ཚིག་ཅིག་ཟེར་ཏེ། མར་ཁུ་བསྐོལ་ནས་འཐུངས་པས་མ་ཚིག་པ་དང་། རྒྱལ་པོས་འདི་བདེན་ནམ་བྱས་པས། བྲམ་ཟེ་ཀུན་ན་རེ།     འཐུང་ཟེར།  ཡང་ཟངས་ཀྱི་ཞུན་མ་འཐུངས་པས་ཀྱང་མ་ཚིག་པ་ལ། གཞན་རྣམས་ཀྱིས་ཆང་ཐུངས་ཟེར།  འོ་ན་མཚོའི་སྟེང་དུ་འདུག་ནས་མ་ནུབ་ན་མ་འཐུངས་པ་ཡིན་ལ།  ནུབ་ན་འཐུངས་པ་ཡིན་ནོ་ཞེས་སྨྲས་ཏེ།  ཆུར་ཞུགས་པས་ས་ར་ཧ་མ་ནུབ་པར་མྱུར་དུ་ཐོན་ཀྱང་། ཡང་འཐུང་ཟེར། ཡང་སྲང་ལ་བཀར་ནས་གང་ལྗི་བས་མ་འཐུངས་པ་ཡིན་ལ།  ཡང་བ་དེས་འཐུངས་པ་ཡིན་ནོ་ཞེས་སྨྲས་པས། ས་ར་ཧ་ལྗི་བ་བྱུང་སྟེ།  ངས་མ་འཐུངས་ཟེར། དེ་བཞིན་དུ་མི་གསུམ་གྱི་ལྗིད་དད་མཉམ་པའི་ལྕགས་ཀྱི་རྡོ་དང་བཏེགས་པས་ཀྱང་།  ས་ར་ཧ་ལྗི་བ་དང་། ཡང་དྲུག་དང་མཉམ་པའི་ལྕགས་རྡོ་དང་བཏེགས་པས་ཀྱང་ས་ར་ཧ་ལྗི་སྟེ། རྒྱལ་པོ་ན་རེ།  འདི་ལྟ་བུའི་ནུས་པ་ཡོད་ན་ཆང་འཐུང་ཡང་རུང་གི་ཟེར་བས།  བྲམ་ཟེ་རྣམས་ཀྱང་དད་ནས་ཕྱག་བྱས་ཏེ། རང་གི་ཆོས་ལུགས་བསྒྱུར་ནས་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ། །དེ་ནས་ས་ར་ཧས་བྲན་མོ་ལོ་བཅོ་ལྔ་ལོན་པ་ཞིག་ཡོད་པ་དེ་ཁྲིད་ནས།     དབེན་པར་སྒྲུབ་པ་བྱས།  བུ་མོས་ཟས་བཙལ་ཞིང་སྐྱེལ་བ་ལ་རེ་ཞིག་གི་ཚེ།  ལ་ཕུག་གི་ཚོད་མ་འདོད་ཟེར་ནས།  བུ་མོས་མ་ཧེའི་ཞོ་དང་ལ་ཕུག་སྦྱར་ནས་འདྲེན་དུ་ཕྱིན་པས།    ས་ར་ཧ་ཏིང་ངེ་འཛིན་གྱི་ངང་དུ་སོང་ནས་ལན་དུ་མ་འདོད་པར་ལོག་པ་དང་། ལོ་བཅུ་གཉིས་ལོན་ནས་ཏིང་ངེ་འཛིན་གྱི་ཆོས་ཉིད་ལས་བཞེངས་ཏེ།  ལ་ཕུག་གི་ཚོད་མ་ག་རེ་བྱས་པས།   བུ་མོ་ན་རེ།  ད་གང་ན་ཡོད།  ལོ་བཅུ་གཉིས་ཀྱི་བར་གྱི་ཡུན་དེ་རིགས་ཤིག་འདས་སོང་།  ད་ལྟ་དཔྱིད་ཀྱི་དུས་སུ་སོང་བས་མེད་དོ་ཞེས་སྨྲས་པ་དང་།  ས་ར་ཧས་ང་རི་ཁར་བསྒྲུབ་པ་ལ་འགྲོ་བྱས་པས་བུ་མོ་ཆུང་མ་ན་རེ། ལུས་དབེན་པ་ནི་དབེན་པ་མ་ལགས།     སེམས་མཚན་མ་དང་རྣམ་པར་རྟོག་པས་དབེན་པ་ནི་དབེན་པའི་མཆོག་ལགས་ཏེ།  ཁྱོད་ཀྱིས་ལོ་བཅུ་གཉིས་བར་དུ་ཏིང་ངེ་འཛིན་ལ་བཞུགས་པ་ལ་མཚན་མ་ཕྲ་མོ་ལ་ཕུག་གི་རྟོག་པ་མ་ཆོད་འདུག་པ་རི་ཁར་ཕྱིན་པས་ཅི་ཕན་ཞེས་སྨྲས་པས། ས་ར་ཧས་དེ་བདེན་བསམས་ནས་མཚན་མ་དང་རྣམ་པར་རྟོག་པ་སྤངས་ནས།  གཉུག་མའི་དོན་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། ཡབ་ཡུམ་གཉིས་ཀ་མཁའ་སྤྱོད་དུ་གཤེགས་སོ།   །ས་ར་ཧའི་རྟོགས་བརྗོད་ནི།  ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ།   །གཞན་ནས་མི་རྙེད་བླ་མའི་ཞལ་ནས་རྙེད།   །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ནས།   །ཡིད་ལ་འཆི་མེད་རླུང་ལ་ཆད་པ་མེད།   །ཅེས་གསུངས། སློབ་དཔོན་ས་ར་ཧའི་རྣམ་ཐར་དང་ལོ་རྒྱུས་རྫོགས་སོ།   །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-09-24

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།