ཤ་བ་རི་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤ་བ་རི་པ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་ཤ་བ་རི། ཤཱ་ཝ་རི་པ།
བོད་སྐད།
རྔོན་པ།
ཡུལ།
རི་ཙཏྟི་བི་ལ་ལ།
རིགས།
སྤྲུལ་པའི་རྔོན་པ།
བླ་མ།
སྤྱན་རས་གཟིགས་ཀྱིས་སྤྲུལ་པའི་རྔོན་པ།
དངོས་གྲུབ་ཀྱི་རྟེན།
རྔོན་པ་སྤངས།
གྲུབ་པ་གང་ཐོབ།
མཆོག་གི་དངོས་གྲུབ།
རྟེན།
རྔོན་པའི་ཆས།
སྤྱོད་པ།
རི་ལ་བཞུགས་པ་རྨ་བྱའི་སྒྲོའི་འདོམས་དཀྲིས་བཞེས་པ།
ཆ་བྱད།
སྐུ་ཤ་ནག་པ། ཕྱག་གཡས་ན་མདའ་དང་། གཡོན་ན་འོད་མའི་གཞུ་བསྣམས་པ། གཞུ་མཆོག་ལ་ཕག་པའི་ཁོག་སྟོད་དང་ཁོག་སྨད་བཀལ། རྨ་བྱའི་སྒྲོ་མདོངས་གཤིབ་པའི་སྨད་གཡོགས་ཅན། མེ་ཏོག་དང་འབྲས་བུའི་རྒྱན་ཡོད་པ། རིག་མ་གཉིས་ཀྱང་རྒྱན་གོས་དེ་དང་འདྲ་བ་ལ་མདའ་དོང་ཕྲག་པར་ཐོགས་པའོ། །
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་ཤ་བ་རི་པའི(རི་དྭགས་རྔོན་པའམ་རི་ཁྲོད་པ)ལོ་རྒྱུས་ནི།     རི་ཅི་དྷ་ཏྲ་བི་ཏྲ་མ་ལ་ཞེས་བྱ་བའི་རི་ལ་ཤ་བ་རི་ཞེས་བྱ་བའི་རྔོན་པ་ཞིག་ཡོད་པ་དེ།     དུས་རྒྱུན་དུ་འཚོ་བའི་ཕྱིར་སྲོག་ཆགས་མང་པོ་བསད་ཅིང་།      གནོད་པའི་ལས་འབའ་ཞིག་ལ་དུས་འདའ་ཞིང་།      སྡིག་པའི་རང་བཞིན་དུ་གནས་པ་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས་དགོངས་ཤིང་།     དེ་ལ་ཐུགས་རྗེས་གཟིགས་ནས་སྙིང་རྗེ་ཆེར་སྐྱེས་ཏེ་དེ་འདུལ་བའི་དུས་ལ་བབས་པ་མཁྱེན་ནས།     ཤ་བ་རི་འདྲ་བའི་རྔོན་པ་ཞིག་ཏུ་སྤྲུལ་ཏེ་དེའི་གནས་སུ་ཕྱིན་པ་དང་།      ཤ་བ་རི་པས་ཁྱོད་སུ་ཡིན་དྲིས་པས་ང་ཤ་བ་རི་པ་བྱ་བ་ཡིན་བྱས་པས།     ཁྱོད་ཀྱི་ཡུལ་གང་ཡིན་ཟེར།      ཐག་རིང་པོ་ཞིག་ན་ཡོད་བྱས་པས།     འོ་ན་ཁྱོད་ཀྱི་མདའ་གཅིག་གིས་ཤ་བ་དུ་སོད་ཟེར།      འཕགས་པས་སུམ་བརྒྱ་ཙམ་དུས་གཅིག་ལ་སོད་སྨྲས་པས།       རྔོན་པ་ན་རེ།     འོ་ན་མདའ་དེ་འདྲ་ང་ལ་ཡང་སློབ་ཟེར།      སང་བསླབ་ཀྱི་བྱས་ཏེ་ནང་པར་རྔོན་པ་ཤ་བ་རི་ཐང་ཆེན་གཅིག་ཏུ་ཁྲིད་ནས་སྤྲུལ་པའི་ཤ་བ་ལྔ་བརྒྱ་ཙམ་བསྟན་ནས།      ངའི་མདའ་གཅིག་གིས་འདི་ཐམས་ཅད་དུས་གཅིག་ལ་གསོད་སྨྲས་པས།     རྔོན་པ་ཤ་བ་རི་ན་རེ།     བཞི་བརྒྱ་ཕར་བོར་བརྒྱ་གསོད་པ་གྱིས་དང་ཟེར།     དེ་ནས་འཕགས་པས་སྤྲུལ་པའི་ཤ་བ་ལྔ་བརྒྱ་མདའ་གཅིག་གིས་དུས་གཅིག་ལ་བསད་ནས་ཤ་རོ་གཅིག་རྔོན་པ་ལ་བསྐུར་བས་མ་ཐེག་པར་ཤ་བ་རིའི་ང་རྒྱལ་ཆག་ནས་ཁྱིམ་དུ་སླེབས་པ་དང་། འཕགས་པ་ལ་དེ་འདྲ་བའི་འཕོངས་ཀྱི་སྟོབས་གདའ་བ་བདག་ལ་སློབ་ཟེར།     འཕགས་པས་སྨྲས་པ། དེ་སློབ་པ་ལ་ཟླ་བ་གཅིག་གི་བར་དུ་ཤ་མ་ཟ་ཞིག་བྱས་པ་དང་།     ཤ་བ་རིས་ཁས་བླངས་ནས་སྲོག་ཆགས་ལ་གནོད་པ་སྤངས་པ་དང་།     ཡང་འཕགས་པས་ཞག་བདུན་ནས་དེའི་གན་དུ་བྱོན་ཏེ།     ཁྱོད་ཀྱིས་ཅི་ཟོས་གསུངས་པས།     བདག་གིས་ཤིང་ཏོག་ཟོས་ཟེར།     དེ་ནས་འཕགས་པས་ཁྱེད་ཅག་གིས་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྒོམས་ཤིག་གསུངས། དེ་ནས་ཟླ་བ་གཅིག་སོང་བ་དང་གནས་དེར་བྱོན་པ་དང་།  རྔོན་པ་ཤ་བ་རི་ན་རེ། ད་འཕོངས་སློབ་རི་དྭགས་གཤོར་བའི་ཆོས་ཤོད་ཟེར་བ་དང་།  འཕགས་པས་མཎྜལ་ཞིག་མཛད་ནས་མེ་ཏོག་བཀྲམ་སྟེ་ཤ་བ་རི་བཟའ་མི་རྣམས་ལ་མཎྜལ་ལ་ལྟོས་ཤིག་གསུངས།       དེ་རྣམས་ཀྱིས་བལྟས་པས་མཎྜལ་གྱི་ནང་དུ་དམྱལ་བ་ཆེན་པོ་བརྒྱད་དང་ཁོ་རང་གཉིས་ཀྱང་དེ་ན་འཚེད་པར་མཐོང་བས་འཇིགས་ཤིང་སྐྲག་ནས་འདར་བ་དང་།      དངངས་ནས་སྐད་གཅིག་ཀྱང་མ་ཐོན་པ་ལ།   འཕགས་པས་ཅི་མཐོང་ཡང་ཡང་དུ་དྲིས་པས།  སེམས་ཅན་དམྱལ་བ་འདི་འདྲ་བ་གདའ་ཟེར། འོ་ན་ཁྱོད་དེར་སྐྱེ་བ་ལ་མི་འཇིགས་སམ་གསུངས་པས།   འཇིགས་ལགས་ཏེ་དེ་ལས་ཐར་པའི་ཐབས་མཆིས་སམ་ཞུས་པ་དང་།     ཐབས་ཡོད་དེ་བསྒྲུབ་ནུས་སམ་གསུངས་པས།  ནུས་ཟེར།  7འཕགས་པས་རྔོན་པ་ཤ་བ་རི་བཟའ་མི་གཉིས་ལ་ཆོས་བཤད་དེ་སྲོག་བཅད་པའི་རྣམ་པར་སྨིན་པས་ནི་སེམས་ཅན་དམྱལ་བར་སྐྱེ་བ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི།  ཚེ་འདིར་སྲོག་གཅོད་སྙིང་འདོད་པ།  དེའི་དབང་གིས་འབྲས་བུ་ཚེ་ཐུང་། སྐྱེས་བུ་བྱེད་པའི་འབྲས་བུ་གཟི་བརྗིད་ཆུང་བ་ཡིན་ནོ། །སྲོག་གཅོད་ཀྱི་ལས་སྤངས་པས་བྱང་ཆུབ་ཐོབ་ལ། བྱེད་པ་རྒྱུ་མཐུན་ནི་སྲོག་གཅོད་སྙིང་མི་འདོད་པ། དེའི་དབང་གིས་འབྲས་བུ་ཚེ་རིང་། སྐྱེས་བུ་བྱེད་པའི་འབྲས་བུ་གཟི་བརྗིད་ཆེ་ཞིང་མདངས་དང་ལྡན་པ་ཡིན་ནོ་ཞེས་མི་དགེ་བ་བཅུའི་ཉེས་དམིགས་དང་།      དགེ་བ་བཅུའི་ཕན་ཡོན་བཤད་པས།  ཤ་བ་རི་འཁོར་བ་ལ་སྐྱོ་བ་སྐྱེས་ནས་ཆོས་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པར་གྱུར་ཏེ།  དེ་ནས་འཕགས་པས་བྱང་ཆུབ་སེམས་ཀྱི་གདམས་པ་གནང་ནས་རི་བོ་ད་དིར་གཤེགས་སོ།   །དེ་ནས་ཤ་བ་རིས་ལོ་བཅུ་གཉིས་སྙིང་རྗེ་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ་ནས་སྙིང་རྗེ་ཆེན་པོའི་ཆོས་ཉིད་ལས་ལངས་ཏེ་འཕགས་པའི་དྲུང་དུ་བྱོན་པས།      འཕགས་པས་ཤ་བ་རི་ལ་ཡོན་ཏན་གྱི་བསྔགས་པ་དུ་མ་བརྗོད་ནས་འདི་སྐད་དུ།      རིགས་ཀྱི་བུ་རྩྭའི་མེ་ཤི་བ་དང་འདྲ་བའི་ཕྱོགས་གཅིག་གི་མྱང་འདས་ནི་མཆོག་མ་ཡིན་པས་སེམས་ཅན་གྱི་དོན་དུ་འཁོར་བར་འདུག་ལ།  གཞན་དོན་གྱིས་ཤིག་ཅེས་གསུངས་པས་རང་ཡུལ་དུ་ལོག་སྟེ་མཚན་དཔལ་ཤ་བ་རི་ཞེས་གྲགས།  རྨ་བྱའི་སྒྲོས་འདོམས་དཀྲིས་བྱས་པས་ནམ་མཁའི་གོས་ཅན་དུ་གྲགས། རི་ལ་རྟག་ཏུ་བཞུགས་པས་རི་ཁྲོད་མགོན་པོ་ཞེས་ཏེ་མཚན་གསུམ་དུ་གྲག་གོ   །ཤ་བ་རི་པའི་རྟོགས་པ་བརྗོད་པ་ནི།  མ་རིག་པ་ཡི་ནགས་ཚལ་དུ།   །    གཟུང་འཛིན་རི་དྭགས་རྒྱུ་བ་ལ།   །ཐབས་དང་ཤེས་རབ་གཞུ་བརྡུངས་ནས།   །སྙིང་པོའི་དོན་གྱི་མདའ་ཞིག་འཕངས།   །ཤི་ནི་རྣམ་པར་རྟོག་པ་ཤི   །ཤ་ནི་གཉིས་སུ་མེད་པར་ཟོས།   །རོ་ནི་བདེ་བ་ཆེན་པོ་མྱོང་།   །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ།   །ཅེས་གསུངས་སོ།   །སློབ་དཔོན་ཤ་བ་རི་པའི་རྣམ་ཐར་དང་ལོ་རྒྱུས་རྫོགས་སོ།   །


བརྡ་འགྲེལ་གདོང་འཛར།

མི་སྣ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-09-25

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།