ཌོམྦི་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཌོམྦི་བ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་གྱི་སྐད།
སློབ་དཔོན་ཌོམ་བྷི་པ། ཌམྦི་བ། ཌོམྦི་ཧེ་རུ་ཀ།
བོད་སྐད།
གཡུང་པོ།
ཡུལ།
ཡུལ་མ་གྷ་རྔྷ་ཨོ་རྒྱན།
རིགས།
རྒྱལ་སྲས།
བླ་མ།
སློབ་དཔོན་ནག་པོ་སྤྱོད་པ།
དངོས་གྲུབ་ཀྱི་རྟེན།
རྒྱལ་སྲིད་སྤངས་ནས་རིག་ངན་བརྟེན།
གྲུབ་པ་གང་ཐོབ།
མཆོག་གི་དངོས་གྲུབ།
རྟེན།
རྣལ་འབྱོར་པ།
སྤྱོད་པ།
སྟག་ལ་ཆིབས་ཕྱག་གཡས་པས་དུག་སྦྲུལ་བསྣམས།
ཆ་བྱད།
སྐུ་ལ་རུས་རྒྱན་ཆ་ཚང་ཡོད་པ། ཕྱག་གཡས་ན་དུག་སྦྲེལ་གྱིས་ལྩགས་འཛིན་པ། སྦྲུལ་མགོའི་གདེངས་ཀ་ཅན། སྐུ་ཡི་གཡོན་ནས་ཡུམ་གྱིས་འཁྱུད་ཅིང་། སྟག་ལ་ཆིབས་པ།
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་ཌོམྦི་བའི(གཡུང་པོ)ལོ་རྒྱུས་ནི།     ཡུལ་མ་ག་ངྷཱ་པ་རིགས་རྒྱལ་རིགས་ཡིན་ལ།     དངོས་གྲུབ་དགྱེས་རྡོར་ལས་ཐོབ་པའོ།   །དེ་ཡང་བླ་མ་ནག་པོ་སྤྱོད་པ་བས་དབང་བསྐུར་བྱས་ནས་གདམས་ངག་ཕོག་སྟེ།     དོན་ཉམས་སུ་བླངས་པ་དང་།     འབངས་རྣམས་ལ་བུ་གཅིག་པའི་བསམ་པ་བཞིན་དུ་བརྩེ་བས།     མི་རྣམས་ཀྱིས་ཆོས་སྒོར་ཞུགས་པ་ནི་མ་ཚོར།     རང་བཞིན་གྱིས་འཇམ་ཞིང་བྱམས་པས་སྐྱོང་བར་འདུག་པས་ཕྱོགས་ཐམས་ཅད་མཐུན་པར།     རྒྱལ་པོ་འདི་ནི་ཆོས་པ་འདྲ་བ་གཅིག་འདུག་ཟེར།     དེའི་དུས་སུ་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ།     འོ་སྐོལ་མ་ག་ངྷཱའི་གྲོང་ཁྱེར་འདི་ན་ཆོམ་རྐུན་གྱི་འཇིགས་པས་མི་ཀུན་ལ་འཕྲོག་འཇོམས་བྱེད་པ་དང་།     རང་གི་བསོད་ནམས་དམན་པའི་སྔོན་ལས་ཀྱི་དབང་གིས་དབུལ་བ་དང་ཕོངས་པ་ཤིན་ཏུ་མང་བས་འདི་ཀུན་ཕོངས་པ་དང་འཇིགས་པ་ལས་བསྐྱབ་པའི་ཕྱིར།     མཁར་གྱི་གཅོང་ཆེན་པོ་འདི་གནོད་པ་བྱེད་པ་དང་ཕོངས་པ་མཐོང་དུས་རྡུངས་ཤིག     དེ་མ་ཡིན་པར་མ་རྡུངས་ཤིག་ཅེས་སྨྲས་པས་བློན་པོས་ཀྱང་དེ་བཞིན་དུ་བྱས་ཏེ་ཕྱོགས་ཀུན་ཏུ་དྲིལ་བསྒྲགས་པས།     མ་ག་ངྷཱར་འཇིགས་པ་དང་ཕོངས་པ་ཐམས་ཅད་ཀྱི་རྒྱུན་ཆད་ནས་ཐམས་ཅད་བདེ་ཞིང་སྐྱིད་པར་གནས་སོ།  །དེ་ནས་དུས་རེ་ཞིག་ན་རྒྱལ་པོའི་སར་རིགས་ངན་གྱི་གླུ་མཁན་ཚན་པ་ཞིག་འོངས་ནས་རྒྱལ་པོ་ལ་གླུའི་རོལ་མོ་འབུལ་བར་བྱུང་བའི་ཕྱི་ལ་རིགས་ངན་དེའི་བུ་མོ་ལོ་བཅུ་གཉིས་ལོན་པ།     གྲོང་པའི་ཆོས་ཀྱིས་མ་གོས་པ་བཞིན་ལྟ་ན་སྡུག་ཅིང་ཁ་དོག་མཛེས་པ།     ཡིད་དུ་འོང་བ།     པདྨའི་རིགས་ཀྱི་ཡོན་ཏན་ཐམས་ཅད་ཚང་བ་གཅིག་ཁྲིད་བྱུང་བས།     རྒྱལ་པོས་ཁྱོད་ཀྱི་བུ་མོ་འདི་ང་ལ་བྱིན་ཅིག་ཅེས་སྨྲས་པས།     གླུ་མཁན་དེ་ན་རེ།     རྗེ་ཉིད་མ་ག་ངྷཱའི་རྒྱལ་པོ་གྲོང་ཁྱེར་འབུམ་ཚོ་བཅོ་བརྒྱད་ལ་དབང་བྱེད་པ།     རྒྱལ་སྲིད་ཀྱི་དཔལ་འབྱོར་ཆེན་པོ་ལ་ལོངས་སྤྱོད་པ་ལགས་ན།     བདག་ནི་རིགས་ངན་པས་སྐྱེ་བོའི་ཚོགས་ཀྱིས་སྨད་ཅིང་སྤང་པའི་གནས་སུ་གྱུར་པས། ལྷའི་རྗེ་བཀའ་བསྩལ་གྱི་འོས་མ་ལགས་སོ་ཞེས་ཞུས་པ་དང་།      རྒྱལ་པོས་ནན་གྱིས་བཀའ་བསྩལ་ཞིང་ཐབས་ཀྱིས་གཅུན་ནས།     འདི་སྐད་དུ།     ཇི་སྲིད་མ་རྟོགས་བར་དུ་རང་གཞན་རྟོག་པས་བཅིངས། །དེ་ཚེ་རྟོགས་པར་གྱུར་ནས་རང་གཞན་གཉིས་མ་གྲུབ། །དེས་ན་སངས་རྒྱས་ཞེས་བྱ་བདག་གི་བླ་དགས་ཡིན། །དེ་ཉིད་སྤྲོས་བྲལ་ངང་ལས་རང་སེམས་གཉུག་མ་ཟུང་། །ཞེས་གསུངས་ཏེ། བུ་མོ་དང་ལྗིད་མཉམ་པའི་གསེར་ཕ་ལ་བྱིན་ནས། བུ་མོ་རྒྱལ་པོ་ལ་ཕུལ་ལོ།   །དེ་ནས་ལོ་བཅུ་གཉིས་ཀྱི་བར་བསྟེན་པས་སུས་ཀྱང་མ་ཚོར་བ་ལ། དེ་ནས་ལོ་བཅུ་གཉིས་ནས་ཀུན་གྱིས་རིག་སྟེ་རིགས་ངན་མ་བཙུན་མོར་བླངས་སོ་ཞེས་མ་ག་ངྷཱའི་ཕྱོགས་མཚམས་ཐམས་ཅད་དུ་གྲགས་པ་ངན་པས་ཁྱབ་པ་དང་།     རྒྱལ་པོས་སྲས་ལ་རྒྱལ་སྲིད་གཏད་ནས་རིགས་ངན་མ་ཁྲིད་དེ་ནགས་སུ་བསྒྲུབ་པ་ལ་བྱོན།       ལོ་བཅུ་གཉིས་བཞུགས་པས་གྲུབ་པ་བརྙེས་སོ།  །

དེའི་བར་ལ་མ་ག་ངྷཱ་ལ་སོགས་པའི་ཡུལ་ཁམས་ཐམས་ཅད་གུད་ཅིང་།     སྲས་འབངས་རྣམས་ཀྱིས་རྒྱལ་སྲིད་མི་ཟིན་པ་ལ་ཐུག སྡུག་བསྔལ་ཆེན་པོས་ནོན་ནས་མི་ཀུན་གྲོས་བྱས་ཏེ་སྔར་གྱི་རྒྱལ་པོ་དེ་ཉིད་བཙལ་ན་རྒྱལ་སྲིད་སྐྱོང་བར་ཞུས་ན་ལེགས་སོ་ཟེར་ནས་མི་འགའ་བཏང་སྟེ་གནས་གསེབ་ཏུ་བཙལ་བས།  རྒྱལ་པོ་ཤིང་སྡོང་གཅིག་གི་སྟེང་ན་བཞུགས། རིགས་ངན་གྱི་བུ་མོ་དེ་ཆུ་ལེན་དུ་སོང་བ་མཚོའི་ཁ་ལ་པདྨའི་ལོ་མའི་སྟེང་ན་ཕར་ཆུ་ལ་མི་ནུབ་བར་སོང་ནས།     ཆུ་འདོམ་བཅོ་ལྔ་ཙམ་གྱི་འོག་ནས་བླངས་ཏེ།     རྒྱལ་པོ་ལ་དྲངས་པ་མཐོང་ནས་མི་དེ་ཀུན་ངོ་མཚར་སྐྱེས་ཏེ་ཡུལ་ལ་ལོག་ནས། དེའི་གཏམ་སྨྲས་པས་རྒྱལ་འབངས་ཀུན་གྱིས་དེ་ཐོས་པ་ཡ་མཚན་སྐྱེས་ཏེ་སླར་སྤྱན་འདྲེན་བཏང་བས།     ནགས་གསེབ་ནས་ཡབ་ཡུམ་གཉིས་ཀ་སྟག་ལ་བཞོན།     དུག་སྦྲུལ་ལྕག་བྱས་ཏེ་བྱོན་པ་དང་།     ཀུན་ངོ་མཚར་དཔག་ཏུ་མེད་པ་སྐྱེས་ནས་རྒྱལ་སྲིད་འཛིན་པར་གསོལ་བ་བཏབ་པས། རྒྱལ་པོ་ན་རེ།      ང་རིགས་ངན་ཡིན་པས་རྒྱལ་པོ་བྱེད་དུ་ག་ལ་རུང་།     འོན་ཀྱང་ཤི་ཕན་ཆད་རིགས་བཟང་ངན་གྱི་རྟོག་པ་བྲལ་བ་ཡིན་པས།   ང་མེར་སྲེགས་ཤིག  དེ་ནས་སྐྱེས་པ་དང་གཟོད་བྱ་ཟེར་ནས་ཡུལ་མི་ཀུན་གྱིས་ཙནྡན་གོར་ཤི་ཤའི་ཤིང་གིས་ཡབ་ཡུམ་གཉིས་བསྲེགས་པས།     ཞག་བདུན་དུ་མེ་མ་ཤི།     དེ་ནས་བལྟས་ཙམ་ན་ཐལ་བའི་དབུས་མཚོ་ཆུང་ངུ་ཞིག་གི་དཀྱིལ་མེ་ཏོག་པདྨའི་སྡོང་པོའི་གོང་བུ་ཁ་བྱེ་བའི་ནང་ན། ཡབ་ཡུམ་གཉིས་རང་བྱུང་གི་དགྱེས་པ་རྡོ་རྗེ་ཡབ་ཡུམ་དུ་གྱུར་ནས་སྐུ་ལས་འོད་ཟེར་དུ་མ་འཕྲོ་བཞིན་བཞུགས་པ་མ་ག་ངྷཱ་པ་རྣམས་ཀྱིས་མཐོང་ནས།     ཐམས་ཅད་དད་པར་གྱུར་ཏེ་མཚན་སློབ་དཔོན་ཌོམྦི་བ་ཞེས་བྱ་བར་གྲགས་སོ། །དེ་ནས་རྒྱལ་པོས་སྲས་བློན་པོ་ལ་སོགས་པ་ཐམས་ཅད་ལ་སྨྲས་པ།  ཁྱེད་རྣམས་ང་ཙུག་ནུས་ན་ང་རྒྱལ་སྲིད་བྱེད།     དེ་ཙུག་མི་ནུས་པ་མི་བྱེད་ཅེས་སྨྲས་པས་ཐམས་ཅད་ཧ་ལས་ཏེ་འདི་འདྲ་བ་གར་ནུས་ཟེར་ནས་འདུག་གོ །དེ་ནས་རྒྱལ་པོས་སྨྲས་པ། རྒྱལ་སྲིད་ནི་མནོག་ཆུང་ལ་ཉེས་དམིགས་ཆེ་བར་འདུག་པས་ང་ནི་ཆོས་ཀྱི་རྒྱལ་སྲིད་བྱེད་པ་ཡིན་གསུངས་ནས་མི་ཡུལ་དུ་ལོ་བདུན་བརྒྱའི་བར་དུ་འགྲོ་དོན་མཛད་དོ།   །ཌོམྦི་བས་རྟོགས་བརྗོད་ནི།    གསེར་འགྱུར་རྩི་ཡི་ནུས་པ་ཡིས།   །ལྕགས་རྣམས་གསེར་དུ་བསྒྱུར་བ་ལྟར།   །རིན་ཆེན་དབང་གི་ནུས་པ་ཡིས།   །ཉོན་མོངས་གཉིས་མེད་ཡེ་ཤེས་འགྱུར།   །ཅེས་གསུངས་སོ།   །སློབ་དཔོན་ཌོམྦི་བའི་ལོ་རྒྱུས་སོ།   །


བརྡ་འགྲེལ་གདོང་འཛར།

ཆོས་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-09-24

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།