བིརྺ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བིརྺ་པ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཡིན། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའམ་བརྒྱད་ཅུ་ཞེས་གྲགས་པ་ནི་བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་དུས་སྐབས་སུ་བྱོན་པའི་གྲུབ་ཐོབ་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་དེ་ལྟར་གྲགས་པ་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དེ་དག་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་བར་ལོ་ངོ་དྲུག་བརྒྱའི་རིང་བྱོན་པའི་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ལེགས་སྦྱར་སྐད།
སློབ་དཔོན་བིརྺ་པ། བིརྦ་པ།
བོད་སྐད།
དཔལ་ལྡན་ཆོས་སྐྱོང་།
ཡུལ།
རྒྱ་གར་ཤར་ཕྱོགས་སོ་མ་པུ་རི།
རིགས།
དགེ་སློང་།
བླ་མ།
མཚན་མེད་པའི་བླ་མ་ཞིག
དངོས་གྲུབ་ཀྱི་རྟེན།
ཆང་ཉི་མ་ལ་གཏད་ནས་བཞེས།
གྲུབ་པ་གང་ཐོབ།
མཆོག་གི་དངོས་གྲུབ།
རྟེན།
རྣལ་འབྱོར་པ།
སྤྱོད་པ།
དགེ་སློང་རྟེན་བོར།
ཆ་བྱད།
དབུ་ཅོ་བྲེག་ལ་མེ་ཏོག་གི་ཕྲེང་བ་ཙམ་མ་གཏོགས་རྒྱན་མེད་པ། ཕྱག་གཡས་པ་སྡིགས་མཛུབ། གཡོན་པ་བ་མེན་གྱི་རྭ་ཞལ་ཆང་གིས་གང་བ་འཛིན་པ།
1 རྣམ་ཐར་མདོར་བསྡུས།

སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བིརྺ་པའི༼དཔལ་ལྡན་ཆོས་སྐྱོང༽ལོ་རྒྱུས་ནི།    རྒྱ་གར་ཤར་ཕྱོགས་སོོ་མ་པུ་རི་ཞེས་བྱ་བའི་གཙུག་ལག་ཁང་ན་དགེ་འདུན་བདུན་སྟོང་གི་འཚོ་བ་སྦྱོར་བའི་ཆོས་སྡེ་ཆེན་པོ་ཞིག་ཡོད་པ་ལས།     བིརྺ་པའང་དཔལ་ལྡན་ཆོས་སྐྱོང་ཞེས་དགེ་སློང་གི་རྟེན་ཡིན་ཅིང་།      དེས་བླ་མ་གཅིག་ལ་བདེ་མཆོག་གི་དབང་བསྐུར་ཞུས་ནས།     རྡོ་རྗེ་ཕག་མོ་བསྒྲུབས་ཤིང་ལོ་བཅུ་གཉིས་ཀྱི་བར་དུ་བཟླས་པ་འབུམ་ཚོ་བརྒྱ་ལན་བདུན་དུ་བཟླས་ཀྱང་།      ཐ་ན་རྨི་ལམ་གྱི་རྟགས་ཙམ་ཡང་མ་བྱུང་བས་ཐུགས་མུག་ནས་ཕྲེང་བ་ཕྱགས་ཁང་དུ་བསྐྱུར་ནས་ཅི་བདེ་བར་བཞུགས་པ་དང་།     དགོང་མོ་མཆོད་པའི་དུས་སུ་ཕྲེང་བ་མེད་པའི་རྟོག་པ་བྱུང་བ་ལ་མཁའ་འགྲོ་མས་ཕྲེང་བ་ལག་ཏུ་གཏད་ནས་གསུང་གི་གནང་བ་འདི་ལྟར་བྱིན་ཏེ།     རིགས་ཀྱི་བུ་ཁྱོད་ཡི་མ་ཆད་ཅིག     ངས་བྱིན་གྱིས་བརླབས་ཀྱིས་རྣམ་རྟོག་དང་མཚན་མ་ཐམས་ཅད་སྤངས་ལ་སྒྲུབ་པ་གྱིས་ཤིག་ཟེར་རོ།  །དེ་ནས་ཡང་ལོ་བཅུ་གཉིས་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས།     གཡོག་པོས་ཤ་ཆང་ཉོས་ཤིང་དྲངས།     དེ་ནས་གཙུག་ལག་ཁང་གི་ཕུག་རོན་ཐམས་ཅད་བསད་ཅིང་ཤ་ཟོས་པས་ཕུག་རོན་ཟད་ནས།     དགེ་འདུན་རྣམས་ཀྱིས་ཕུག་རོན་སུས་ཟོས་བྱས་པས་བཙུན་པ་ཀུན་གྱིས་ངེད་ཀྱིས་མ་ཟོས་སོ་ཟེར་བ་དང་།     གྲྭ་ཁང་ཐམས་ཅད་དུ་བལྟས་ནས་མཐར་བིརྺ་པའི་གྲྭ་ཁང་གི་དཀར་ཁུང་ནས་བལྟས་པས་ཆང་འཐུང་ཞིང་ཕུག་རོན་གྱི་ཤ་ཟ་བ་མཐོང་ནས།     དགེ་འདུན་གྱིས་གཎྜཱི་བརྡུངས་ཏེ་གནས་ནས་དབྱུང་བར་བརྩམས་པ་དང་།     བིརྺ་པས་ཆོས་གོས་དང་ལྷུང་བཟེད་ལྷ་ཁང་གི་རྟེན་ལ་ཕུལ་ཏེ་ཕྱག་བྱས་ནས།     སྒོ་ལ་མ་ཐོགས་པར་ཕྱིར་སོང་།     གཙུག་ལག་ཁང་དེའི་རྩ་ན་མཚོ་ཆེན་པོ་ཞིག་ཡོད་པ་ལས།     དགེ་སློང་གཅིག་གིས་ཁྱེད་ལམ་གང་ལ་འགྲོ་ཟེར་བ་ལ།     ང་ཁྱེད་ཀྱིས་བསྐྲད་པས་ལམ་གྱི་བཟའ་གཏད་ཅི་ཡོད་གསུངས་ནས་ཆུ་དེའི་སྟེང་ན་ཕར་པདྨའི་འདབ་མ་ལ་ཞབས་བཞག་ནས་བྱོན་པས།      མེ་ཏོག་ཆུར་མ་ནུབ་པར་ཕ་རོལ་ཏུ་གཤེགས་སོ།   །ཞབས་ཆུ་ལ་བཞག་སར་པདྨ་རེ་སྐྱེས་པས་པདྨའི་ཞབས་ཀྱང་ཟེར།     བཟང་པོའི་ཞབས་ཞེས་ཀྱང་གྲགས་སོ།   །དེ་ནས་སོོ་མ་པུ་རིའི་མི་རྣམས་འགྱོད་པ་སྐྱེས་ཏེ་ཞབས་ལ་འཇུས་ནས་ཕྱག་བྱས།      ཁྱེད་ཀྱིས་ཕུག་རོན་ཅི་ལ་བསད་ཞུས་པས་ངས་མ་བསད་པར་ཡོད་ཟེར།     དེར་གཡོག་པོས་ཕུག་རོན་གྱི་གཤོག་པ་དུམ་བུ་རྣམས་ཁྱེར་བྱུང་བ་དང་།     སློབ་དཔོན་གྱིས་སེ་གོལ་གཅིག་བརྡབས་པས་སླར་ཕུག་རོན་དུ་སོང་སྟེ་སྔར་བས་ཀྱང་ཆེས་ཆེ་ཞིང་བཟང་བར་གྱུར་ནས་ནམ་མཁའ་ལ་འཕུར་ནས་སོང་བ་ཀུན་གྱིས་མཐོང་ནས་ངོ་མཚར་དུ་གྱུར་ཏོ།   །ཁྱེད་ཀྱིས་ཆང་ཅི་ལ་འཐུང་ཞུས་པས་ངས་མ་འཐུང་བུམ་པ་ན་ཡོད་ཟེར།      བུམ་པ་ཁྱེར་བྱུང་བས་འོ་མས་གང་ནས་འདུག་གོ   །དེ་ནས་བིརྺ་པས་དགེ་སློང་གི་རྟགས་སྤངས།      རྣལ་འབྱོར་པའི་སྤྱོད་པ་མཛད་ཅིང་ཆུ་བོ་གངྒཱའི་འགྲམ་དུ་ཕྱིན་ནས་གངྒཱའི་ལྷ་མོ་རྣམས་ལ་བཟའ་བཏུང་བསླངས་པས་མ་བྱིན་ཏེ།     སློབ་དཔོན་ཁྲོས་ནས་ཆུ་ལ་སྡིགས་མཛུབ་གཏད་པས་ཆུ་ཡར་མར་དུ་རྦད་ཀྱིས་བཅད་ནས་ཕ་རིར་གཤེགས་སོ། །དེ་ནས་ཀ་ན་པ་ཏིའི་གྲོང་ཁྱེར་དུ་ཆང་འཚོང་མ་ལ་ཆང་ཉོར་ཕྱིན་པས་རིན་གྱི་གཏའ་མ་ཅི་ཡོད་ཟེར་བ་དང་།     རིན་ཉི་མའི་གྲིབ་སོ་མ་འདས་པ་ལ་སྤྲོད་ཅེས་ཉི་མ་གཏའ་མར་བཅུག་ནས་ངོམས་པར་གྱིས་ཤིག་གསུངས།     དེས་ཀྱང་ཆང་དང་འབྲས་ཆན་བྱིན་པས་ཟོས་སོ།   །     དེ་ནས་ཞག་ཕྱེད་དང་གསུམ་གྱི་བར་ཉི་མ་ཕྱེད་ལས་འགྲོར་མ་འདོད་པས།      ཡུལ་དེའི་རྒྱལ་པོ་སྐྲག་ཅིང་ཧ་ལས་ནས་འདི་འདྲ་བ་སུའི་རྫུ་འཕྲུལ་ཡིན་ཞེས་ཡོངས་སུ་བསྒྲགས་པ་དང་།      ཉི་མའི་ལྷ་མོས་རྒྱལ་པོའི་རྨི་ལམ་དུ་བདག་རྣལ་འབྱོར་པ་ཞིག་གིས་ཆང་འཚོང་མ་ལ་གཏའ་མར་བཅུག་ནས་ཡོད་ཅེས་ལུང་བསྟན་པ་དང་།      རྒྱལ་པོ་དང་སྐྱེ་བོའི་ཚོགས་ཀྱིས་ཆང་འཚོང་མ་ལ་ཆང་རིན་བཅལ་ནས།     བིརྺ་པས་ཨིནྡྲའི་ཡུལ་དུ་བྱོན།     ཡུལ་དེ་མུ་སྟེགས་པ་ཡིན་པས་ཡུལ་མི་ཀུན་གྱིས།     ངེད་ཀྱི་ལྷ་དབང་ཕྱུག་ཆེན་པོའི་སྐུ་ལ་ཕྱག་གྱིས་ཟེར་བ་ལ་ང་ཇོ་བོ་ཡིན་ཁོ་ནུ་བོ་ཡིན་པས་ཕྱག་བྱེད་པའི་ཆོས་ལུགས་ཡོད་དམ་གསུངས་ནས་ཕྱག་མ་བྱས་པས།     དེའི་རྒྱལ་པོ་ལ་སོགས་པ་ཀུན་ན་རེ།      འོ་ན་ཁྱོད་གསོད་པ་ཡིན་ཞེས་ཟེར་བ་ལ།      སློབ་དཔོན་ན་རེ།     ངས་འདི་ལ་ཕྱག་བྱས་ནས་ང་ལ་སྡིག་པ་ཡོང་བས་ཕྱག་མི་བྱེད་པ་ཡིན་སྨྲས་པས།     རྒྱལ་པོ་ན་རེ།     དེའི་སྡིག་པ་ང་ལ་ཤོག་ཅིག་ཟེར་བ་དང་།     སློབ་དཔོན་གྱིས་ཕྱག་བྱས་པས་མ་ཧཱ་དེ་བའི་རྟེན་དབང་ཆེན་པོ་ཕྱེད་ཚལ་དུ་གས་པའི་སྒྲ་བར་སྣང་ནས་བྱུང་བས་ཐམས་ཅད་སྐྲག་སྟེ་སློབ་དཔོན་ལ་འདུད་པ་དང་།     འོ་ན་ངའི་དམ་བཅས་པ་བཞིན་ཉན་ནམ་གསུངས་པས་ཉན་ནོ་ཟེར།  འོ་ན་མནའ་བོར་བྱས་པས་དེ་ལྟར་དུ་བྱས་ནས་མནའ་བོར་བས་ལྷ་གས་པ་ཡང་སླར་འབྱར་རོ། །དེ་ནས་མ་ཧཱ་དེ་ཝ་མཆོད་པའི་ཡོ་བྱད་རྣམས་སློབ་དཔོན་ལ་ཕུལ་ནས།     དེས་དགེ་འདུན་གྱི་སྡེའི་འཚོ་བ་བྱས་སོ། །དེ་ནས་སློབ་དཔོན་གྱིས་རྒྱ་གར་ཤར་ཕྱོགས་དེ་བཱི་ཀོ་ཊར་བྱོན་ཏེ་ཡུལ་དེའི་མི་ཐམས་ཅད་ཕྲ་མེན་མར་སོང་ནས་འདུག་པ་ལ།     ཕྲ་མེན་མ་གཅིག་གིས་ལམ་ཁར་བསྡད་ནས་ཕྲ་མེན་གྱི་སྔགས་འདྲེན་ཅིང་འདབས་པ་ཆོས་ལུགས་ཡིན་པ་ལ།     སློབ་དཔོན་གྱིས་སྔོན་ལ་བྱོན་ནས་གཙུག་ལག་ཁང་དུ་ཉལ་ས་བྱས་ནས་འདུག་པ་དང་།     བྲམ་ཟེའི་ཕྲུ་གུ་ཞིག་ཕྱི་ནས་འོང་བ་ལ་ཕྲ་མེན་གྱི་སྔགས་བཏབ་ནས་བཏང་བས་གྲོང་ཁྱེར་དེར་ཟས་ནི་རྙེད།     ཉལ་ས་མ་བྱུང་ནས་སངས་རྒྱས་ཀྱི་རྣལ་འབྱོར་མ་ཞིག་ཡོད་པ་དང་ཕྲད་དེ།     དེས་བྲམ་ཟེའི་ཕྲུ་གུ་ལ་སྨྲས་པ།     ཡུལ་འདི་ཐམས་ཅད་ཕྲ་མེན་མར་སོང་ནས།     དེ་རྣམས་ཀྱིས་བར་ཆད་བྱེད་པ་ཡིན་པས་གཙུག་ལག་ཁང་ཕ་གིར་སོང་ལ་འདུག་ཟེར་བས།     དེར་ཕྱིན་པ་དང་།     སློབ་དཔོན་བིརྺ་པས་བྲམ་ཟེ་དེ་ལ་སྔགས་བཏབ་ཅིང་།     བྱིན་རླབས་བྱས་ནས་ཉི་མ་ཤར་གྱི་བར་དུ་བཞག་པས།     ཕྲ་མེན་མ་ཀུན་ཚོགས་ཏེ་མཆོད་པའི་ཡོ་བྱད་ཅི་ཡོད་ཟེར།     ཤ་སྣའི་ཚོགས་ཀུན་ཡོད་ཀྱང་ཤ་ཆེན་མ་རྙེད་ཟེར་བ་དང་།     གཅིག་ན་རེ།     ངས་ཤ་ཆེན་གཉིས་ཁུགས་ཡོད་ཟེར།     དེ་ཁྱེར་ཤོག་ཟེར་བ་དང་།     ཕྲ་མེན་དེས་སྔགས་བཏབ་པས་བྲམ་ཟེ་ཡོང་མ་བཏུབ་པ་དང་།    ཡང་ཡང་བཏབ་ཀྱང་བྲམ་ཟེའི་ཕྲུ་གུ་ཡོང་མ་བཏུབ།     སློབ་དཔོན་ཤིང་ཆེན་པོ་གཅིག་གི་སྟེང་ན་ཡོད་པས་ཤིང་དང་བཅས་པ་ཁྱེར་ནས་ཡོང་བ་ལ།     ཕྲན་མེན་མ་ཀུན་གྱིས་ཕྱག་ཆང་བྱེད་དུ་བཅུག་པ་དང་།     བིརྺ་པས་ཆང་ཐམས་ཅད་ཁོང་རང་གིས་འཐུངས་པ་དང་།    ཕྲ་མེན་མ་ཀུན་གྱིས་བིརྺ་པ་གསད་པར་བྱ་སྙམ་ནས་ཐམས་ཅད་ཀྱིས་གད་རྒྱངས་ཀྱི་སྒྲ་བསྒྲགས་པ་དང་།     སློབ་དཔོན་གྱིས་ཁྲོ་བོའི་གད་མོ་བྱས་པས་ཕྲ་མེན་མ་ཐམས་ཅད་བརྒྱལ་ནས་དམ་ལ་བཏགས་ཏེ།     དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་།     བིརྺ་པ་ལ་དད་པའི་སེམས་ཅན་ལ་གནོད་པ་མི་བྱེད་པར་དམ་བཅས་པར་གྱུར་ཏོ།   །དེ་ནས་སློབ་དཔོན་དེ་ཝཱི་ཀོ་ཊིར་བྱོན་ཏེ་ལམ་དུ་མ་ཧྭ་དེ་ཝ་དང་།     ལྷ་མོ་ཨུ་མ་དེ་ཝཱི་གཉིས་ཀྱིས་སྤྲུལ་པའི་གྲོང་ཁྱེར་ཕྱེད་དང་ལྔ་བརྒྱ་པ་ཞིག་བྱས་ནས་སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་གནས་ཀྱི་ཞལ་ཟས་ཐམས་ཅད་བླངས་ནས་བིརྺ་པ་ལ་མཆོད་པ་རྒྱ་ཆེན་པོ་བྱས་སོ།  །དེ་ཡང་བིརྺ་པས་རྟོགས་པ་བརྗོད་པའི་ཚིགས་སུ་བཅད་པ་འདི་སྐད་གསུངས་སོ།  །སོོ་མ་པུ་རིའི་གཙུག་ལག་ཁང་ཆེན་དུ།   །ཕལ་ཆེན་སྡེ་པའི་དགེ་འདུན་ཀུན་གྱིས་ཀྱང་།   །བདག་ཉིད་ཡོན་ཏན་མ་ཚོར་གནས་ནས་བསྐྲད།   །མཚོ་ལ་ཆུ་ཡིས་མ་གོས་སྐམ་སར་གནས།   །གངྒཱ་བཅད་ནས་གྲོང་ཁྱེར་དག་ཏུ་སྣ་ཚོགས་ཟ་ཞིང་རྒྱུ།   །    ཆང་འཚོང་གནས་སུ་ཉི་མ་གཏའ་མར་བཅུག་ནས་འདོད་ཡོན་སྤྱོད།   །ཨིནྡྲའི་ཡུལ་དུ་ལྷ་ཆེན་བཏུལ་ནས་དམ་ལ་བཞག  །ཤར་ཕྱོགས་དེ་ཝཱི་ཀོ་ཊིར་ཕྱིན་ནས་ཕྲ་མེན་བཏུལ།   །     མ་ཧྭ་དེ་ཝས་སྦྲུལ་པའི་གྲོང་ཁྱེར་སྤྲུལ་ནས་བསྙེན་བཀུར་བྱས།   །ཞེས་དང་།    ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་སྟེ།   །མི་བསམ་མི་དཔྱད་འབད་མེད་ངང་ལ་བཞག  །ཆད་པར་མི་འགྱུར་ཉམས་མྱོང་རང་གིས་རིག  །རྟག་པར་མི་འགྱུར་ཞེན་མེད་ཟུང་དུ་འཇུག  །ཅེས་གསུངས་སོ།   །སློབ་དཔོན་བིརྺ་པའི་ལོ་རྒྱུས་རྫོགས་སོ།   །


བརྡ་འགྲེལ་གདོང་འཛར།

ཆོས་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-09-24

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།