མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་བོད་རིགས་གཙོ་བྱས་པའི་མི་རིགས་མང་བོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་བོད་རིགས་རང་སྐྱོང་ཁུལ་དྲུག་གི་ཡ་གྱལ་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི4.6ཡོད། དེའི་མངའ་ཁོངས་སུ་གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་། བྲག་དཀར་རྫོང་། མང་རྫོང་། འབའ་རྫོང་བཅས་རྫོང་ཁག་ལྔ་འདུ་བ་དང་། ཁྱོན་བསྡོམས་ཡུལ་ཚོ་དང་གྲོང་རྡལ41ཡོད། གཞན་མཚོ་ལྷོ་ཞེས་པ་ནི་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་ཆགས་ཡོད་པས་ན་དེ་ལྟར་དུ་ཐོགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海南藏族自治州
ཕྱི་ཡིག་གི་མིང་།
Tibetan Autonomous Prefecture of Hainan
མིང་གཞན།
མཚོ་ལྷོ་ཁུལ།
སྲིད་འཛིན་རིགས་དབྱེ།
རང་སྐྱོང་ཁུལ།
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན།
མངའ་ཁོངས།
གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་། བྲག་དཀར་རྫོང་། མང་རྫོང་། འབའ་རྫོང་བཅས་རྫོང་ཁག་ལྔ་ཡོད།
སྲིད་གཞུང་གནས་ཡུལ།
གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0974
སྦྲག་སྲིད་ཨང་རྟགས།
813099
ས་གནས།
མཚོ་བོད་མཐོ་སྒང་གི་བྱང་ཤར་དང་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་ཆགས་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་བཞི་ཁྲི་དྲུག་སྟོང་ཡོད།
མི་གྲངས།
བཞི་འབུམ་བཞི་ཁྲི་ཆིག་སྟོང་བདུན་བརྒྱ་ཡོད། (སྤྱི་ལོ2010ལོར།)
སྐད་རིགས།
བོད་ཨ་མདོའི་སྐད།
གནམ་གཤིས།
མཐོ་སྒང་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
མཚོ་སྔོན་པོ་དང་ཚལ་རྔ་འགག་ཆུ་མཛོད། ཁྲི་ཀའི་གནའ་མཁར་བཅས་ཡོད།
གནམ་གྲུ་ཐང་།
མཚོ་སྔོན་པོ་གནམ་ཐང་། (གཟུག་གྲབས།)
རླངས་འཁོར་ཨང་རྟགས།
青E
དཀར་ཆག
1   ངོ་སྤྲོད།
2   སྲིད་འཛིན་ཁོངས་དབྱེ།
3   རང་བྱུང་ཐོན་ཁུངས།
3.1 ས་ཞིང་ཐོན་ཁུངས།
3.2 རི་ཆུ་ནགས་གསུམ་གྱི་ཐོན་ཁུངས།
3.3 སྐྱེ་དངོས་ཐོན་ཁུངས།
4   ས་ཁམས་ཁོར་ཡུག
4.1 ས་གནས།
4.2 ས་བབ།
4.3 གནམ་གཤིས།
5   མི་གྲངས་དང་མི་རིགས།
5.1 མི་གྲངས།
5.2 མི་རིགས།
6   འགྲིམ་འགྲུལ་སྐྱེལ་འདྲེན།
7   དཔལ་འབྱོར།
8   སྤྱི་ཚོགས།
8.1 རིག་གནས།
8.2 སྨན་བཅོས།
8.3 སློབ་གསོ།
8.4 སྤྱི་ཚོགས་འགན་སྲུང་།
9   མཛེས་ལྗོངས་གྲགས་ཅན།
9.1 ཉི་ཟླ་ཉག་ག
9.2 མཚོ་སྔོན་པོ།
9.3 ཚལ་རྔ་འགག
10   ཆོས་སྡེ་གྲགས་ཅན།
10.1 ཁྲི་ཀ་རྫོང་གི་ཆོས་སྡེ་གྲགས་ཅན།
10.2 གསེར་ཆེན་རྫོང་གི་ཆོས་སྡེ་གྲགས་ཅན། 
10.3 མང་རྫོང་གི་ཆོས་སྡེ་གྲགས་ཅན།
10.4 བྲག་དཀར་རྫོང་གི་ཆོས་སྡེ་གྲགས་ཅན།
10.5 འབའ་རྫོང་གི་ཆོས་སྡེ་གྲགས་ཅན།

QQ图片20150907154048.jpg

1 ངོ་སྤྲོད།

སྤྱི་ལོ1949ལོའི་ཟླ9བར། མཚོ་ལྷོ་ས་ཁུལ་བཅིངས་འགྲོལ་བཏང་རྗེས། གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་། བྲག་དཀར་རྫོང་། འབའ་རྫོང་བཅས་རྫོང་བཞིའི་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1953ལོའི་ཟླ7པར། ཁྲི་ཀ་རྫོང་དང་འབའ་རྫོང་གི་ཡུལ་ཁོངས་ཁག་ཅིག་བཅད་ནས་མང་རྫོང་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1953ལོའི་ཟླ9བའི་ཚེས30ཉིན། སྲིད་དོན་སྤྱི་ཁྱབ་ཁང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ལྗོངས་གཟུག་པའི་ཆོག་མཆན་གནང་བ་ཡིས། ཟླ12པའི་ཚེས6ཉིན། མི་དམངས་སྲིད་གཞུང་དངོས་སུ་བཙུགས་ཤིང་། དེའི་ཁོངས་གཏོགས་སུ་གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་། བྲག་དཀར་རྫོང་། མང་རྫོང་།  འབའ་རྫོང་བཅས་རྫོང་ཁག་ལྔ་ཡོད་པ་ཡིན།

སྤྱི་ལོ1955ལོའི་ཟླ6པའི་ཚེས5ཉིན། རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ལྗོངས་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྒྱུར།

དེ་ཡང་མཚོ་ལྷོའི་མངའ་ཁོངས་སུ་ད་ལྟའང་འཚོ་སྡོད་བྱེད་བཞིན་པའི་གནའ་བོའི་བོད་ཀྱི་མིའུ་བུ་གདོང་དྲུག་གི་རུས་རྒྱུད་དམ།  བོད་བཙན་པོའི་དུས་སྐབས་སུ་མདོ་ཁམས་ཕྱོགས་སུ་མངགས་གཏོང་མཛད་པའི་བོད་ཀྱི་དམག་དཔུང་དང་ཚོ་བ་ཁག་གི་མི་རྒྱུད་ལས་མཆེད་པའི་རོང་འབྲོག་ཚོ་སྡེ་གཙོ་བོའི་རིགས་ལ། གསེར་ཆེན་རྫོང་གི་མངའ་འོག་སྒོ་མེ་བ་ཝོ་མ(མོག་ཝོས་སྡེ་བའང་ཐེ་བ་ཡིན།)དང་སྒོ་མེ་འཁྱིལ་ཁུག་མ། སྒོ་མེ་བར་དབོན་མ་བཅས་དང་། མཚོ་སྔོན་པོའི་མཐའ་འཁོར་ཚོ་བརྒྱད་ཀྱི་ཡ་གྱལ་བདུད་ཤུལ་དང་འཁྱམ་རུ་སྤྱི་ཉིན་ལུང་གཉིས། བ་ཡན་དང་བ་ཡན་ཀ་མདོ་སོགས་ཀྱི་ཕྱོགས་ནས་མཆེད་པའི་རྒྱལ་ར་སྐེ་ར་དང་ས་གྲུ་བཞི་ཁ་སྒང་། ཁྲ་ཚང་བཅས། ཁྲི་ཀ་རྫོང་གི་མངའ་འོག་སྒོ་མེ་བར་མ་དང་སྒོ་མེ་ཞོལ་མ། སྐེ་བ། སྨད་པ། གཤོངས་པ། སྟོང་ཆེ། ཆོས་ཚ། ལྷ་སྡེ། རུ་སྔུན་བཅས། མང་རྫོང་གི་མངའ་འོག་ཀླུ་ཚང་དང་མང་རའི་རུ་སྔུན། མང་རའི་ཐར་ཤུལ་གསུམ། བ་ཡན་དང་ཡ་རྫི། རེབ་གོང་། གཅན་ཚ་བཅས་ཀྱི་ཕྱོགས་ནས་མཆེད་པའི་རོང་སྡེ་སྟེ་མང་འབའ་བྱ་གསུམ་ནང་ཚན་གྱི་མང་ར་དང་བྱ་མདོ་ཕྱོགས་ཀྱི་རོང་སྡེ། འབའ་རྫོང་གི་མངའ་འོག་འབའ་ཤ་སྦྲང(འབའ་ཤ་སྦྲང་ནི་ཤ་སྦྲང་ཚོ་དྲུག་གི་ཁག་ཅིག་ཡིན་ཞིང་། ཤ་སྦྲང་ཚོ་དྲུག་ནི་མཚོ་སྔོན་པོའི་མཐའ་འཁོར་ཚོ་བརྒྱད་ཀྱི་གྲས་ཡིན།)དང་དགོན་གོང་མ། མཐའ་འདུག་ཚོ་བཞི། མགར་རྩེ་གོང་ཞོལ། རྟ་བོ་དམེ་ཚང(ད་ལྟ་མགོ་ལོག་ཁུལ་དུ་གཏོགས།)བཅས། བ་ཡན་སོགས་ནས་མཆེད་པའི་འབའ་ཁ་སྒང་གོང་ཞོལ་དང་བྲག་དཀར་རྫོང་གི་མངའ་འོག་ཨ་ཚོགས་ལྷ་སྡེ།(མཚོ་སྔོན་པོའི་མཐའ་འཁོར་ཚོ་བརྒྱད་གྱི་གྲས་ཡིན།) སྒོ་མེ་ཆུ་སྔོན་མ། རོང་བོ་བློན་ཆོས། བོང་སྟག་གོང་མ། ཧང་ངའི་ཤ་སྦྲང་།(རྨ་བྱང་ཤ་སྦྲང་ཡང་ཟེར། ཤ་སྦྲང་ཚོ་དྲུག་གི་ཁག་ཅིག་ཡིན།) སྒོ་མེ་ཆོས་རྗེ་མ་བཅས་ཡོད།

མཚོ་ལྷོའི་མངའ་ཁོངས་འདིར་སྔོན་གྱི་དུས་སུ། ཨོ་རྒྱན་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་དང་མངའ་བདག་ཁྲི་རལ་བ་ཅན། པྲ་སྒོམ་ཆོས་ཀྱི་རྡོ་རྗེ། ས་སྐྱ་པཎ་ཆེན། གྲུབ་ཆེན་གླང་དཀར་བ། རྒྱལ་བ་བསོད་ནམས་རྒྱ་མཚོ། རྒྱལ་དབང་ལྔ་བ་ཆེན་མོ། རྒྱལ་བ་ཚངས་དབྱངས་རྒྱ་མཚོ། རྒྱལ་བ་སྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ཨ་རིག་དགེ་བཤེས་བྱམས་པ་དགེ་ལེགས་དཔལ་བཟང་། ཞབས་དཀར་ཚོགས་དྲུག་རང་གྲོལ། རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ།  ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོ། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ།  སྔགས་སའི་དགེ་བཤེས་འཇམ་དབྱངས་དོན་ཡོད། རེབ་གོང་སྐུ་ཕྱོགས་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་སོགས་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་དུ་མས་སྔ་ཕྱིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ལ། གསེར་ཆེན་རྫོང་གི་ཕྱོགས་ན། མཚོ་སྙིང་མ་ཧཱ་དེ་བ་དང་མགོན་པོ་གདོང་། གནས་མཆོག་བྱེ་མ་ལ་བདུན། ཆུ་མིག་བརྒྱ་རྩའི་གནས་སྒོ། གེ་སར་ཀླུ་རྒྱལ་བླ་མཚོ། ཏིང་ཀྱཱ་རི་ཁྲོད། འདམ་བུ་བྲག་དཀར། ཏིང་ཀྱཱ་དགོན་པ། འཁྱམ་རུ་དགོན་པ། དགོན་གསར། རྒྱ་ཡེ་བྱམས་ཆེན་མཚོ་གཟིགས་མ། པཎ་ཆེན་བདེ་སྐྱིད་དགོན་པ། བདེ་སྐྱིད་ཐང་མཆོད་རྟེན་བཅས་ཡོད། ཁྲི་ཀ་རྫོང་གི་ཕྱོགས་ན། མི་ཉག་མཆོད་རྟེན་དང་ཇོ་ཇོ་ལྷ་ཁང་། གདོང་སྣའི་ཐུགས་རྗེ་ཆེན་པོ། ལྷ་དཀར་པོ། རཱ་ག་ཨ་སྱས་རིན་པོ་ཆེའི་རིང་བསྲེལ་མཆོད་རྟེན། ཡུལ་ལྷའི་ལྷ་ཁང་། མི་ཉག་དགུ་ཐོག  སམ་བྷའི་གྲུབ་གནས། མེ་ལོང་བྲག་དཀར། དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་བཅས་ཡོད། མང་རྫོང་གི་ཕྱོགས་ན། ཀླུ་ཚང་དགོན་པ་དང་ཐར་ཤུལ་དགོན་པ། ཀྱལ་ཕུག་པདྨོ་རྫོང་བཅས་ཡོད། འབའ་རྫོང་གི་ཕྱོགས་ན། གཙང་དགོན་པ་དང་གསེར་ལག་དགོན་པ། སེང་ཁྲི་དགོན་པ་བཅས་ཡོད། བྲག་དཀར་རྫོང་གི་ཕྱོགས་ན། མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་ལམ་ཙ་རི་དང་བྱིན་རླབས་མཉམ་པར་གྲགས་པའི་གནས་ཆེན་བྲག་དཀར་སྤྲེལ་རྫོང་དང་སྔགས་སའི་མཚམས་ཐོག་གོང་མ། བྲག་དཀར་གཡུ་ལུང་དགོན་པ།  དུང་དཀར་ཉི་མའི་རྫོང་བཅས་ཡོད། ཡུལ་སྐོར་ཁམས་གསེང་གི་གནས་གྲགས་ཅན་ལ། མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་མཚོ་རྔའི་མཚེར་བ་རི། རྡོ་ཉི་ཟླའམ་ཉི་ཟླ་ཉག་ཁ། ཚལ་རྔ་འགག་ཆུ་གློག་ས་ཚིགས་བཅས་ཡོད།

2 སྲིད་འཛིན་ཁོངས་དབྱེ།

མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་ནི་གསེར་ཆེན་རྫོང་མཁར་བྱང་ཁུལ་གསར་དུ་གནས་པ་ཡིན་ལ། མངའ་ཁོངས་སུ་གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་། བྲག་དཀར་རྫོང་། མང་རྫོང་། འབའ་རྫོང་བཅས་རྫོང་ཁག་ལྔ་ཡོད་ཅིང་། ཁྱོན་སྡོམ་ཡུལ་ཚོ་དང་གྲོང་རྡལ41ཡོད་པ་ཡིན།

ཁོངས་དབྱེ། རྒྱ་ཁྱོན། མི་གྲངས།
གསེར་ཆེན་རྫོང་། སྟོང་སྨི་གྲུ་བཞི་མ། 16050 ཁྲི། 12.2966
བྲག་དཀར་རྫོང་། སྟོང་སྨི་གྲུ་བཞི་མ། 13158 ཁྲི། 7.6025
མང་རྫོང་། སྟོང་སྨི་གྲུ་བཞི་མ། 6593     ཁྲི། 7.6560
འབའ་རྫོང་། སྟོང་སྨི་གྲུ་བཞི་མ། 6494 ཁྲི། 6.4367
ཁྲི་ཀ་རྫོང་། སྟོང་སྨི་གྲུ་བཞི་མ། 3600  ཁྲི། 10.1771

གསལ་བཤད། གོང་གི་རེའུ་མིག་ལས་རྫོང་སོ་སོའི་མིང་ནི་མཚོ་ལྷོ་ཁུལ་བོད་སྐད་ཡིག་གཞུང་ལས་ཁང་གིས་བསྒྲིགས་པའི《མཚོ་ལྷོའི་ས་མིང་རིག་གནས་བརྡ་འགྲེལ།》ཞེས་པ་ཚད་གཞིར་བཟུང་ནས་བཀོད་པ་ཡིན་ལ། ཡུལ་ཁོངས་ཀྱི་རྒྱ་ཁྱོན་དང་མི་གྲངས་ནི་སྤྱི་ལོ2010ལོའི་ཟླ11པའི་ཚེས1ཉིན་གྱི་རྒྱལ་ཡོངས་མི་གྲངས་ཞིབ་བཤེར་ཐེངས་དྲུག་པའི་རྩིས་གྲངས་ཡིན།

3 རང་བྱུང་ཐོན་ཁུངས།
3_1 ས་ཞིང་ཐོན་ཁུངས།

མཚོ་ལྷོ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ44546.21ཡོད་ལ། དེའི་ཁྲོད་ས་ཞིང་རིགས་མི་འདྲ་བ་སོ་སོའི་རྒྱ་ཁྱོན་གྱི་བརྒྱ་ཆའི་གྲངས་ཚད་ནི་གཤམ་གསལ་ལྟར།

ཕྱུགས་སྤྱོད་ས་ཞིང་ལ་སྟོང་སྨི་གྲུ་བཞི་མ35045.20ཡོད་པ་དང78.67%ཟིན་ཡོད་པ་དང་ཞིང་སྤྱོད་ས་ཞིང་ལ་སྟོང་སྨི་གྲུ་བཞི་མ975.87ཡོད་པ་དང2.19%ཟིན་ཡོད། ནགས་སྤྱོད་ས་ཞིང་ལ1842.79ཡོད་པ་དང་4.14%ཟིན་ཡོད། ཡང་ཆུ་ཁོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2981.55ཡོད་པ་དང་6.69%ཟིན་ཡོད། གཞན་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྡོད་གནས་དང་གཞུང་ལམ་ལ་སྟོང་སྨི་གྲུ་བཞི་མ235.93ཡོད་པ་དང0.53%ཟིན་ཡོད། དེ་མིན་བེད་སྤྱོད་དཀའ་བའི་ས་ཞིང་ལ་སྟོང་སྨི་གྲུ་བཞི་མ3464.88ཡོད་པ་དང7.7%ཟིན་ཡོད།

3_2 རི་ཆུ་ནགས་གསུམ་གྱི་ཐོན་ཁུངས།

མཚོ་ལྷོ་ཁུལ་གྱི་མངའ་ཁོངས་དང་ས་མཚམས་སུ་གནས་པའི་རི་བོ་གྲགས་ཅན་ལ། གསེར་ཆེན་རྫོང་གི་བྱང་ངོས་མཚོ་སྔོན་པོའི་ལྷོ་འགྲམ་གྱི་བློན་པོ་གསེར་ཆེན་དང་གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་གཉི་གའི་ས་མཚམས་ཀྱི་སྒོ་མེ་རྡོ་ལ། གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་གཉི་གའི་ས་མཚམས་ཀྱི་ཨ་མ་ཟོ་དགུ། གསེར་ཆེན་རྫོང་དང་སྟོང་སྐོར་རྫོང་གཉི་གའི་ས་མཚམས་ཀྱི་འགྱིང་ལ།(ཙོང་ལའི་རྫ་རྒྱུད་དུ་གཏོགས།) ཁྲི་ཀ་རྫོང་དང་སྟོང་སྐོར་རྫོང་།  སྐུ་འབུམ་རྫོང་བཅས་རྫོང་གསུམ་པོའི་ས་མཚམས་ཀྱི་དགོ་མང་ལ་དང་ཁྲི་ཀ་རྫོང་དང་སྐུ་འབུམ་རྫོང་གཉི་གའི་ས་མཚམས་ཀྱི་ཨ་མྱེས་རྒོད་རྩེ། ཁྲི་ཀ་རྫོང་དང་གཅན་ཚ་རྫོང་གཉི་གའི་ས་མཚམས་ཀྱི་བྲ་མ་ལ། ཁྲི་ཀ་རྫོང་དང་གཅན་ཚ་རྫོང་གཉི་གའི་ས་མཚམས་ཀྱི་སྲིན་པོ་ཁྱུང་རྫ་སྨུག་པོ། ཁྲི་ཀ་རྫོང་དང་མང་རྫོང་གཉི་གའི་ས་མཚམས་ཀྱི་ཨ་མྱེས་བྲག་དཀར། འབའ་རྫོང་གི་མཛོ་མོ་ནུ་རྩེ། བྲག་དཀར་རྫོང་གི་ཟོ་རའི་ཟིས་དཀར་དང་སྨན་འབྲོང་ཁྱུང་རྫ་སོགས་ཡོད།

ཐང་གཞོངས་གྲགས་ཅན་ལ། གསེར་ཆེན་རྫོང་དང་བྲག་དཀར་རྫོང་གཉི་གའི་མངའ་ཁོངས་ཀྱི་ས་ཁུལ་ཁག་ཅིག་ཕན་ཚུན་གཞི་གཅིག་ཏུ་འབྲེལ་བའི་བཏུལ་ཐང་གོང་ཞོལ་བར་གསུམ་དང་གསེར་ཆེན་རྫོང་གི་དབོ་ཡེ་གཞོངས། མཚོ་ཕྱུག་ཐང་། རིག་སྨོན་གཞོངས། ཁྲི་ཀ་རྫོང་གི་གཡུ་བཟང་ཐང་། མང་རྫོང་གི་མུ་གེ་ཐང་། དབལ་ཤུལ་ཐང་། མང་གཞོངས། འབའ་ལག་ཀ་ཐང་། མང་སྟོད་ཐང་། འབའ་རྫོང་གི་འབའ་ཐང་། བྲག་དཀར་རྫོང་གི་རྔ་ཐང་། རྩི་གོར་ཐང་། ཧང་ངའི་གསེར་གཞོངས། དཔལ་ཁ་གསེར་གཞོངས་རིང་མོ། ཐང་དཀར་ལྡང་སོགས་ཡོད།

ནགས་ཀློང་གྲགས་ཅན་ལ། མང་རྫོང་དང་འབའ་རྫོང་གཉི་གའི་ས་མཚམས་ཀྱི་ཇིད་པར་ནགས་དང་མང་རྫོང་གི་མོ་ཆུ་ནགས། འབའ་རྫོང་གི་འཇང་ཆེན་དང་འཇང་ཆུང་ནགས། བྲག་དཀར་རྫོང་གི་འབྲོང་མཐིལ་ནགས་བཅས་ཡོད།

ཆུ་ཚན་གྲགས་ཅན་ལ། ཁྲི་ཀ་རྫོང་གི་བདེ་སྐྱིད་ཆུ་ཁོལ་དང་ཆུ་ནག་ཆུ་ཁོལ། བྲག་དཀར་རྫོང་གི་ཆུ་རིང་ཆུ་ཁོལ(ཨ་རིག་ཆུ་ཚན)བཅས་ཡོད།

རྨ་ཆུ་ནི་རྨ་ལྷོ་དང་མགོ་ལོག་ཁུལ་གཉིས་ཀྱི་མངའ་ཁོངས་བརྒྱུད་ནས་འབའ་རྫོང་གི་ཁོངས་གཏོགས་ཀྱི་རྨ་བྱང་ཡུལ་ཚོའི་རྡོ་རྒན་ཆུའི་ལྷོ་ཕྱོགས་སུ་སྤྱི་ལེ3གྱི་མཚམས་ནས་མཚོ་ལྷོའི་མངའ་ཁོངས་སུ་འབབ་ཀྱིན་ཡོད་དེ། འབའ་རྫོང་གི་རྨ་བྱང་དང་ཞོལ་མ། དགོན་གོང་མ། འབའ་ལུང་། བྲག་དཀར་རྫོང་གི་འབྲོང་མཐིལ། ཆུ་སྔོན། ཐང་ནག  སྒ་ལེན་འགག  དཔལ་ཁ།  དཀར་མོ་གཡས་འཁྱིལ། མདུང་ཤིང་རབ་ཁ། རབ་རྒན་འགག  ཝ་ལྡིང་འགག    མང་རྫོང་གི་ཐར་ཤུལ་དང་མང་ཆུ། མང་ར།  བྱ་མདོ། མགོ་མང་གཞོངས་བཅས་དང་གསེར་ཆེན་རྫོང་གི་ཐེ་གེ་དང་ཚལ་རྔ་འགག་གཉིས། ཁྲི་ཀ་རྫོང་གི་དོང་ལུང་རབ་ཁ་དང་ལ་ཟེ་བ།  ཆུ་ནུབ། རྨ་སྲིབ། ཆུ་ཤར། ཀ་རིང་བཅས་ཡུལ་ཚོ11དང་གྲོང་རྡལ8དང་རྫོང་ཁག5བཅས་ཀྱི་མངའ་ཁོངས་འབྲེལ་མཚམས་བརྒྱུད་ནས། མཐར་ཁྲི་ཀ་རྫོང་གི་ཀ་རིང་ཡུལ་ཚོའི་སམ་བྷ་འགག་མདོ་ནས་ཕྱིར་འབབ་པ་རེད། ཡང་མཚོ་ལྷོ་ཁུལ་གྱི་མངའ་ཁོངས་བརྒྱུད་ནས་འབབ་པའི་རྨ་ཆུའི་རིང་ཚད་ལ་སྤྱི་ལེ411.3ཡོད་ཅིང་། འབབ་ཡུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ34203.4ཡོད་ལ། ཁུལ་འདིའི་མངའ་ཁོངས་ཀྱི་འབབ་ཆུ་ལས་རྨ་ཆུར་འབབ་པའི་ཆུ་རྒྱུན101ཡོད། དེ་དག་ལས་གཙོ་བོ་ནི་འབའ་རྫོང་གི་རྡོ་རྒན་ཆུ་དང་གོ་སྲིབ་ཆུ། གསེར་ཆེན་ཆུ། སྟག་བསོད་ཆུ། འཇང་ཆེན་ཆུ། འབའ་ཆུ། ཇིད་པར་ཆུ་བཅས་དང་། བྲག་དཀར་རྫོང་གི་རོག་མཐིལ་ཆུ། འབྲོང་མཐིལ་ཆུ། རྡོ་རྫོང་ཆུ། ཆུ་སྔོན། ཧང་ཆུ། ཀླུ་མཆོད་ཆུ། རྒྱ་ར་ཆུ་བཅས། མང་རྫོང་གི་མང་ཆུ་དང་བྱ་ཆུ་གཉིས། ཁྲི་ཀ་རྫོང་གི་མོ་ཆུ། གོ་ར་ཆུ། གཡུ་ཚ་ཆུ། རྡོ་ར་ཆུ། མཛོ་སྣ་ཆུ། གླང་མ་ཆུ། ཀ་རིང་ཆུ་བཅས་ཡིན། གཞན་མཚོ་སྔོན་པོར་འབབ་པའི་ཆུ་རྒྱུན་ཆེ་ཆུང40ལྷག་ཡོད་པ་ལས་མང་ཤས་ནི་དུས་ཚིགས་རང་བཞིན་གྱི་འབབ་ཆུ་ཡིན་ཞིང་། མཚོ་ལྷོའི་མངའ་ཁོངས་བརྒྱུད་ནས་མཚོ་སྔོན་པོར་འབབ་པའི་ཆུ་རྒྱུན་གཙོ་བོ་ནི། འབྲོང་ཆུ་དང་རྟ་ནག་མ་ཆུ། རིག་སྨོན་ཆུ་བཅས་ཡིན།

མཚོ་དང་མཚེའུ་གྲགས་ཅན་ལ། གསེར་ཆེན་རྫོང་གི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་ཀུན་དགའ་མཚོ་གཉིས། ཁྲི་ཀ་རྫོང་གི་གོ་རའི་མཚོ་དམར། མང་རྫོང་གི་བྲག་དཀར་གཡུ་མཚོ། འགོ་བའི་གཡུ་མཚོ་གཉིས། བྲག་དཀར་རྫོང་གི་བེ་རུ་དུག་མཚོ་སོགས་ཡོད།

3_3 སྐྱེ་དངོས་ཐོན་ཁུངས།

རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ་རྐྱང་དང་འབྲོང་། གཙོད། གསའ་གཟིག  གཡི་དཀར། དྲེད་མོང་། གླ་བ། རྫ་ཁའི་གོའུ་ཡག  ཤ་སྐྱ།  གནའ། དགོ་བ། ཤ་སེར་ལ་སོགས་པའི་རི་དྭགས་དང་གཅན་གཟན་སོགས་ཡོད།

སྔོ་སྨན་གྱི་རིགས་ལ་དབྱར་རྩྭ་དགུན་འབུ་དང་མེ་ཏོག་གངས་ལྷ། ཤིང་མངར། ལྕུམ་རྩ། མཚེ་ལྡུམ། ཀྱི་ལྕེ། སྤྲུ་ནག་སོགས་ཡོད།

གཏེར་རྫས་ཀྱི་རིགས་ལ་གསེར་དང་དངུལ། ཟངས། དངུལ་ཆུ། ཞ་ཉེ།  ཏི་ཚ། ཟངས། རྡོ་ཐལ། རྡོ་ཀ་མ་རུ། རྡོ་དཀར་སོགས་ཡོད།

4 ས་ཁམས་ཁོར་ཡུག
4_1 ས་གནས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་ཆགས་ཡོད་པས་མཚོ་ལྷོ་ཞེས་ཐོགས་པ་ཡིན་ལ། ཁུལ་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་དེ། སའི་གོ་ལའི་བྱང་གི་འཕྲེད་ཐིག34°38'ནས37°10'ཡི་མཚམས་དང་ཤར་གྱི་གཞུང་ཐིག98°55'ནས101°50'ཡི་མཚམས་ན་ཡོད་ཅིང་།  ཁུལ་མི་དམངས་སྲིད་གཞུང་ནི་གསེར་ཆེན་རྫོང་གི་ཆབ་ཆ་གྲོང་རྡལ་དུ་ཆགས་ཡོད། དེ་ནས་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་གི་གནས་ཡུལ་ཟི་ལིང་གྲོང་ཁྱེར་གྱི་བར་དུ་བར་ཐག་སྤྱི་ལེ142ཡོད། འདིའི་ཤར་ཕྱོགས་ནི་ཟི་ལིང་གྲོང་ཁྱེར་གྱི་སྟོང་སྐོར་རྫོང་དང་སྐུ་འབུམ་ཚོ་དྲུག  མཚོ་ཤར་ས་ཁུལ(ཙོང་ཁ་ཆེ་བའི་ཕྱོགས)གྱི་བ་ཡན་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་དང་རྩེ་ཁོག་རྫོང་བཅས་དང་འདབས་འབྲེལ་དུ་ཡོད་ཅིང་། ལྷོ་ཕྱོགས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། ནུབ་ཕྱོགས་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དུར་ལམ་རྫོང་དང་ཐེམ་ཆེན་རྫོང་། བྱང་ཕྱོགས་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་དང་མདའ་བཞི་རྫོང་བཅས་དང་འབྲེལ་ཡོད། གཞན་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ44546ཡོད།

4_2 ས་བབ།

མཚོ་ལྷོ་ཁུལ་གྱི་ནུབ་ཕྱོགས་མཐོ་ཞིང་ཤར་ཕྱོགས་དམའ་ལ། ཆེས་མཐོ་ས་ནི་བྲག་དཀར་རྫོང་གི་ཟོ་རའི་ཟིས་དཀར་ཡིན་ཞིང་། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི5305ཡོད། ཆེས་དམའ་ས་ནི་ཁྲི་ཀ་རྫོང་གི་ཤར་མཐའི་སམ་བྷ་འགག་ཁ་ཡིན། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི2168ཡོད། ས་བབ་ཧྲིལ་བོའི་ཆ་སྙོམ་གྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3200ཡོད།

4_3 གནམ་གཤིས།

མཚོ་ལྷོ་ཁུལ་གྱི་ལོ་རེའི་ཆ་སྙོམས་ཀྱི་དྲོ་གྲང་གི་ཚད་ནི4℃ནས7℃གྱི་མཚམས་ཡིན་ལ། ས་ཁུལ་མང་ཆེ་བའི་ལོ་རེའི་ཆར་ཆུའི་འབབ་ཚད་ནི་ཧོ་སྨི250ནས450ཡི་མཚམས་ཡིན།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2011ལོའི་ཟླ་མཇུག་བར། མཚོ་ལྷོ་ཁུལ་ཡོངས་སུ་སྤྱིའི་མི་གྲངས་ཁྲི་ཚོ44.60ཡོད་ལ།  སྤྱིའི་མི་གྲངས་ཁྲོད་སྐྱེས་པའི་མི་གྲངས་ཁྲི་ཚོ22.54ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི50.5%ཟིན་ཡོད། སྐྱེས་མའི་མི་གྲངས་ཁྲི་ཚོ22.06ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི49.5%ཟིན་ཡོད། དེ་ཡང་བོད་རིགས་མི་གྲངས་ཁྲི་ཚོ29.66ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི66.5%ཟིན་ཡོད། མི་རིགས་གཞན་པའི་མི་གྲངས་ཁྲི་ཚོ14.94ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི33.5%ཟིན་ཡོད།

5_2 མི་རིགས།

མཚོ་ལྷོ་ཁུལ་ནི་བོད་རིགས་གཙོ་བྱས་པའི་མི་རིགས་མང་བོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་ཞིང་། སྤྱི་ལོ1953ལོར་མཚོ་ལྷོ་ལ་མི་རིགས7ཡོད་ལ། དེའི་ཁྲོད་བོད་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི68.53%ཟིན་ཡོད་པ་དང་། རྒྱ་རིགས་མི་གྲངས་ཀྱིས25.07%ཟིན་ཡོད། ཁ་ཆེའི་རིགས་ཀྱིས5.18%ཟིན་ཡོད། སོག་རིགས་དང་ས་ལར་རིགས། ཧོར་རིགས། ཧ་སག་རིགས་བཅས་ཀྱིས1.22%ཟིན་ཡོད། ཡང་སྤྱི་ལོ2009ལོར་མཚོ་ལྷོ་ལ་མི་རིགས21ཡོད་ཅིང་། དེའི་ཁྲོད་བོད་རིགས་མི་གྲངས282815ཡོད་པ་དང་སྤྱིའི་མི་གྲངས་ཀྱི62.95%ཟིན་ཡོད་པ་དང་། རྒྱ་རིགས་མི་གྲངས124196ཡོད་པ་དང་སྤྱིའི་མི་གྲངས་ཀྱི27.65%ཟིན་ཡོད། ཁ་ཆེའི་རིགས་ཀྱི་མི་གྲངས32211ཡོད་པ་དང་སྤྱིའི་མི་གྲངས་ཀྱི7.2%ཟིན་ཡོད། ཧོར་རིགས་མི་གྲངས4930ཡོད་པ་དང་སྤྱིའི་མི་གྲངས་ཀྱི1.1%ཟིན་ཡོད། ས་ལར་རིགས་ཀྱི་མི་གྲངས1193ཡོད་པ་དང་སྤྱིའི་མི་གྲངས་ཀྱི0.3%ཟིན་ཡོད། སོག་རིགས་མི་གྲངས3362ཡོད་པ་དང་སྤྱིའི་མི་གྲངས་ཀྱི0.7%ཟིན་ཡོད། མན་ཇུའི་རིགས་ཀྱི་མི་གྲངས237ཡོད་པ་དང་སྤྱིའི་མི་གྲངས་ཀྱི0.05%ཟིན་ཡོད། གཞན་གྲངས་ཉུང་མི་རིགས་གཞན་པའི་མི་གྲངས296ཡོད་པ་དང་སྤྱིའི་མི་གྲངས་ཀྱི0.07%ཟིན།

6 འགྲིམ་འགྲུལ་སྐྱེལ་འདྲེན།

མདོ་དབུས་གཞུང་ལམ(རྒྱལ་རིམ་གཞུང་ལམ109)དང་མདོ་ཁམས་གཞུང་ལམ།(རྒྱལ་རིམ་གཞུང་ལམ214) ཟི་ལིང་ནས་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་བར་གྱི་གཞུང་ལམ་བཅས་མཚོ་ལྷོའི་མངའ་ཁོངས་དང་འབྲེལ་ཡོད་ཅིང་། ཁུལ་གྱི་ཁོངས་གཏོགས་རྫོང5དང་། ཡུལ་ཚོ་དང་གྲོང་རྡལ40རུ་བསྐྱོད་པའི་གཞུང་ལམ་ཕལ་ཆེར་གྲུབ་ཡོད་པ་རེད།

སྤྱི་ལོ2009ལོའི་ལོ་མཇུག་བར། རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྟོང་སྨི7089ཡོད་པ་དང་། དེའི་ཁྲོད་རྒྱལ་རིམ་གཞུང་ལམ་སྟོང་སྨི411དང་ཞིང་ཆེན་རིམ་པའི་གཞུང་ལམ་སྟོང་སྨི1074ཡོད་པ་ཡིན། རྫོང་རིམ་གཞུང་ལམ་སྟོང་སྨི700ཡོད། ཡུལ་ཚོ་རིམ་པའི་གཞུང་ལམ་སྟོང་སྨི981ཡོད། སྡེ་བ་རིམ་པའི་གཞུང་ལམ་སྟོང་སྨི3825ཡོད། ཆེད་སྤྱོད་གཞུང་ལམ་སྟོང་སྨི98བཅས་ཡོད།

7 དཔལ་འབྱོར།

སྤྱི་ལོ2013ལོར་མཚོ་ལྷོ་ཁུལ་གྱི་ཐོན་སྐྱེད་སྡོམ་གྲངས་སྒོར་དུང་ཕྱུར117.12ཡིན་པ་དང་། ལོ་སྔོན་མ་ལས9.0%འཕར་ཡོད། ཐོན་ལས་ལྟར་བརྩིས་ན། ཐོན་ལས་དང་པོའི་འཕར་ཚད་སྒོར་དུང་ཕྱུར29.35དང5.4%འཕར་ཡོད་པ་དང་། ཐོན་ལས་གཉིས་པའི་འཕར་ཚད་སྒོར་དུང་ཕྱུར57.32དང10.2%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཚད་སྒོར་དུང་ཕྱུར30.45དང9.8%འཕར་ཡོད།

8 སྤྱི་ཚོགས།
8_1 རིག་གནས།

སྤྱི་ལོ2013ལོའི་ལོ་མཇུག་བར། མཚོ་ལྷོ་ཁུལ་ཡོངས་སུ་སྒྱུ་རྩལ་ཆེད་ལས་འཁྲབ་སྟོན་ལས་ཁུངས1དང་དཔེ་མཛོད་ཁང་ལས་དོན་ལས་ཁུངས6ཡོད། རིག་དངོས་ལས་དོན་ལས་ཁུངས6ཡོད། མང་ཚོགས་རིག་གནས་ལས་དོན་ལས་ཁུངས6བཅས་ཡོད།

8_2 སྨན་བཅོས།

སྤྱི་ལོ2013ལོའི་ལོ་མཇུག་བར། མཚོ་ལྷོ་ཁུལ་ཡོངས་སུ་ཡུལ་ཚོ་རིམ་པ་ཡན་གྱི་གཞུང་འཛུགས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས63ཡོད་ཅིང་། དེའི་ཁྲོད་ཕྱོགས་བསྡུས་སྨན་ཁང6དང་ཀྲུང་བོད་སྨན་ཁང4ཡོད། ལྟེ་གནས་ཀྱི་ཁྲག་རྒྱུན་སྤྲོད་ལེན་ས་ཚིགས1ཡོད། འཕྲོད་བསྟེན་ལྟ་སྐུལ་ཁང6ཡོད། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས6ཡོད། འཕྲོད་བསྟེན་ཁང40ཡོད། སྡེ་བའི་འཕྲོད་བསྟེན་ཁང428བཅས་ཡོད།

8_3 སློབ་གསོ།

སྤྱི་ལོ2013ལོའི་བར། མཚོ་ལྷོ་ཁུལ་དུ་རིགས་སོ་སོའི་སློབ་གྲྭ339(བཅའ་སྡོད་སློབ་ཆུང་དང་སློབ་འབྲིང65)ཡོད་པ་དང་། སློབ་གྲྭའི་སློབ་མའི་མི་གྲངས93142ཡོད། དེའི་ཁྲོད་སློབ་ཆུང53ཡོད་པ་དང་སློབ་གྲྭའི་སློབ་མའི་མི་གྲངས43093ཡོད། སློབ་འབྲིང20ཡོད་པ་དང་སློབ་གྲྭའི་སློབ་མའི་མི་གྲངས26699ཡོད། བྱིས་སྐྱོང་ཁང262ཡོད་པ་དང་བྱིས་པའི་མི་གྲངས17951ཡོད། དམིགས་གསལ་སློབ་གསོའི་སློབ་གྲྭ2ཡོད་པ་དང་སློབ་གྲྭའི་སློབ་མའི་མི་གྲངས21ཡོད། འབྲིང་རིམ་ལས་རིགས་སློབ་གྲྭ2ཡོད་པ་དང་སློབ་གྲྭའི་སློབ་མའི་མི་གྲངས4378ཡོད། མཚོ་ལྷོ་ཁུལ་གྱི་དགེ་བཟོ་པ་སྤྱིའི་མི་གྲངས་ནི5948ཡིན་པ་དང་ཆེད་བསྐོས་དགེ་རྒན5120ཡོད།

8_4 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོའི་ལོ་མཇུག་བར། མཚོ་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་ཉེན་འགོག་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་ཁྲི་ཚོ1.93ལ་བསླེབས་པ་དང་། ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་འགན་སྲུང་གསར་བའི་ཁྲོད་ཞུགས་པའི་མི་གྲངས་ཁྲི་ཚོ18.25ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་སྤྱི་ཚོགས་རྒན་གསོ་ཉེན་འགོག་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས8948ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་ཉེན་འགོག་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་ཁྲི་ཚོ2.98ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་འགོག་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་ཁྲི་ཚོ5.85ཡིན། ཡང་ལས་ཤོར་ཉེན་འགོག་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་ཁྲི་ཚོ1.63ལ་བསླེབས། ལས་རྨས་ཉེན་འགོག་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་ཁྲི་ཚོ1.53ལ་བསླེབས།  གཞན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བཟོ་པའི་ཕྲུག་སྐྱེས་ཉེན་འགོག་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་ཁྲི་ཚོ1.92ལ་བསླེབས། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཡོད་པའི་སྡོད་དམངས་མི32092དང་། སྡེ་བའི་མ་མཐའི་འཚོ་བའི་འགན་སྲུང་ཡོད་པའི་རོང་འབྲོག་པ36083བཅས་ཡོད།

9 མཛེས་ལྗོངས་གྲགས་ཅན།


9_1 ཉི་ཟླ་ཉག་ག

4298122894372498902.jpg

ཉི་ཟླ་ཉག་ག(日月山)ནི་རིག་སྨོན་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་གྱི་མཚམས་ཏེ། གསེར་ཆེན་རྫོང་དང་སྟོང་སྐོར་རྫོང་གཉི་གའི་ས་མཚམས་ན་ཡོད། འདིའི་ས་བབ་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3520ཡོད།  འདིའི་མིང་གི་ཐོགས་ཚུལ་ནི་མངའ་བདག་ཁྲི་རལ་བ་ཅན་གྱི་སྐུ་དུས་སུ། རྒྱ་བོད་བར་སྔ་ཕྱིར་མཇལ་དུམ་ཐེངས་འགར་མཛད་པའི་གནས་སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་དང་ཐད་ཀར་འབྲེལ་ཡོད་དེ། དེའི་ཐད་ནས《ལྡེའུ་ཆོས་འབྱུང》ལས།  ཁམས་ཀྱི་གཡེར་མོ་ཐང་དུ་རྡོ་ལ་ཉི་ཟླའི་གཟུགས་བྲིས་ནས་ཐང་གཙིགས་མཛད།  ཅེས་བསྟན་པའི་གཡེར་མོ་ཐང་ཟེར་བ་དེ་ནི། ད་ལྟའི་མཚོ་སྔོན་པོའི་ལྷོ་ནུབ་འགྲམ་རྒྱུད་ཀྱི་ཐང་གཞོངས་རིང་མོ་དེའི་ཐང་སྟོད་དུ་གཏོགས་པའི་རིག་སྨོན་གཞོངས་ཀྱི་ཕྱོགས་འདི་ཡིན་ལ། སྐབས་དེར་རྡོ་ལ་ཉི་ཟླའི་གཟུགས་རིས་འབྲི་སའང་དེང་སང་གི་ཉི་ཟླ་ཉག་ག་འདི་ཡིན་པས་མིང་ཡང་དེ་སྐད་དུ་ཐོགས་པར་བཤད། འདི་ལ་རྡོ་ཉི་ཟླའང་ཟེར། ངག་རྒྱུན་ལ་རྒྱ་བཟའ་ཀོང་ཇོ་བོད་ལ་ཆས་ཁར། ཡབ་ཡུམ་གཉི་གས་ཆེད་དུ་ཉི་ཟླ་ཟུང་གིས་ཕ་མའི་བརྩེ་སེམས་མཚོན་བྱེད་དུ་གསེར་བཟང་ལས་བྱས་པའི་མེ་ལོང་རེ་ཁོ་མོར་དྲན་རྟེན་དུ་གནང་། དེར་བློན་པོ་མགར་གྱི་སེམས་ལ་བློ་ཐབས་ཤིག་གིས་ཀོང་ཇོ་ཁོ་མོའི་ཕ་མར་ཡིད་ཆད་དུ་མ་བཅུག་ན་བོད་ལ་བསུ་དཀའོ་སྙམ་ནས། ཁོས་ལྐོག་ཏུ་རྡོའི་ཉི་ཟླའི་མེ་ལོང་རྫུན་མ་གཉིས་བཟོ་རུ་བཅུག་སྟེ། དེ་ལ་གསེར་དངུལ་གྱི་ཚོས་བརྒྱབ་ནས་ཀོ་རློན་གྱིས་བཏུམས་ཏེ་ངོ་མའི་ཚབ་ཏུ་བཞག་པར།  ཀོང་ཇོ་འཁོར་དང་བཅས་པ་དེང་སང་གི་ཉི་ཟླ་ཉག་གའི་ཁར་འབུད་སྐབས། ཀོང་ཇོས་ཕ་མ་གཉིས་དྲན་དྲགས་ནས་ཕ་མས་གནང་བའི་མེ་ལོང་ལ་བལྟ་བསམས་ཏེ་བླངས་ནས་གཅིག་ལྟ་དུས། དེ་ནི་རྡོ་ལེབ་གོར་མོ་གཉིས་སུ་འདུག་པ་མཐོང་བས་ན། ཁོ་མོ་ཞལ་སྐྱེངས་ཤིང་ཐུགས་ཁྲོས་ནས་དེ་གཉི་ག་ཉི་ཟླ་ཉག་གའི་གཞོགས་གཉིས་སུ་འདྲིལ་བ་དང་། ཀོང་ཇོས་དེར་གཟིགས་ནས་ཉི་ཟླ་གཉི་ག་ལྷན་དུ་མ་འཛོམས་བར་དུ་ང་རང་ཕ་ཡུལ་དུ་མི་ལོག་ཅེས་པའི་ཞལ་མནའ་བོར་བར་གྲགས་པས། མིང་ཡང་ཉི་ཟླ་ཉག་ག་རུ་ཐོགས་པར་བཤད་དོ།།  


9_2 མཚོ་སྔོན་པོ།

5071660_084144008948_2.jpg

མཚོ་སྔོན་པོ་ནི(青海湖)མཚོ་འདིའི་ཁ་དོག་གི་སྒོ་ནས་མིང་ཡང་དེ་སྐད་དུ་ཐོགས་པ་ཡིན་ཞིང་། མཚོ་འདི་ལ་ཁྲི་ཤོར་རྒྱལ་མོ་ཞེས་པའི་མཚོའི་སྨན་མོ་ཞིག་གནས་སྟབས་ཁྲི་ཤོར་རྒྱལ་མོར་འབོད་པ་ཡིན། དེ་ཡང་གནའ་དུས་གནས་འདིར་ཆུ་མིག་ཅིག་གློ་བུར་དུ་བརྡོལ་ནས་མཚོ་ཆེན་པོར་གྱུར་བ་དང་། མི་ཁྱིམ་ཁྲི་ཕྲག་མཚོ་ལ་ནུབ་པའི་རྒྱུ་མཚན་གྱིས།  མཚོ་འདིའི་མིང་ལ་མཚོ་སྔོན་ཁྲི་ཤོར་རྒྱལ་མོ་ཞེས་ཐོགས་པའི་བཤད་ཚུལ་ཞིག་ཀྱང་མཆིས། མཚོ་འདི་ནི་རང་རྒྱལ་གྱི་སྐམ་སའི་སྟེང་གི་ཚྭ་མཚོ་ཆེས་ཆེ་ཤོས་དེ་ཡིན་ལ། མཚོ་ལྷོ་ཁུལ་གྱི་བྱང་རྒྱུད་དུ་གནས་པ་ཡིན། སའི་གོ་ལའི་བྱང་གི་འཕྲེད་ཐིག36°32'ནས37°15'ཡི་མཚམས་དང་ཤར་གྱི་གཞུང་ཐིག99°36'ནས100°47'གྱི་མཚམས་ན་ཡོད། འདིའི་སྲིད་ཀྱི་རིང་ཚད་ལ་སྤྱི་ལེ106ཡོད་པ་དང་།  ཞེང་ཚད་ལ་སྤྱི་ལེ63ཡོད།  མཐའ་འཁོར་གྱི་རིང་ཚད་ལ་ཧ་ལམ་སྤྱི་ལེ360ཡོད། མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4573ཡོད། མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3196ཡོད། ཆ་སྙོམ་གྱི་ཟབ་ཚད་ལ་སྨི19.15བཅས་ཡོད། མཚོ་སྙིང་ནས་བྱང་དུ་སྤྱི་ལེ12ཀྱིས་ཆོད་པའི་མཚམས་ནི་མཚོ་སྔོན་པོའི་ཆེས་ཟབ་ས་ཡིན་ཞིང་དེའི་ཟབ་ཚད་ལ་སྨི28.7ཡོད།

སྤྱིར་མཚོ་སྔོན་པོ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས།  ཁྲི་ཤོར་མཚོ་ལ་ཀླུ་བློན་བྱང་ཆུབ་སེམས། །ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད། ། ཅེས་བསྔགས་བརྗོད་གནང་མྱོང་བའི་མཚོ་ཆེན་ཁྱད་པར་བ་ཞིག་ཡིན་པ་དང་། ཁྱད་པར་དུ་དཔལ་ཨུ་རྒྱན་རིན་པོ་ཆེའི་གསོལ་འདེབས《ལེའུ་བདུན་མ》ལས།  གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག །ཅེས་གསུངས་པའི་རི་ཁ་བ་ཅན་གྱི་གྲགས་པའི་མཚོ་ཆེན་བཞིའི་ནང་གི་གཅིག་ཡིན་པའི་རྒྱུ་མཚན་གྱིས། ལོ་ངོ་བརྒྱ་སྟོང་ལྷག་གི་རིང་ལ་བོད་མི་རིགས་ཀྱིས་མཚོ་ཆེན་འདི་ཉིད་གངས་ཅན་བོད་ཀྱི་ངོ་མཚར་ཆེ་བའི་བླ་མཚོ་ཡིན་པའི་མོས་པ་བཟུང་སྟེ། མི་རབས་ནས་མི་རབས་སུ་མཚོ་སྔོན་ཁྲི་ཤོར་རྒྱལ་མོར་ལྷ་བསང་བཏང་ནས་འདོད་གསོལ་འཕྲིན་བཅོལ་བྱེད་པ་ནི་དཔེ་སྲོལ་ཞིག་ཏུ་གྱུར་ཡོད་ལ། བོད་རྩིས་ཀྱི་ཆུ་མོ་ལུག་ལོའི༼མཚོ་སྔོན་པོའི་གནས་འདུས་ཆུང་བ༽འི་སྐབས་དང་། ཁྱད་པར་དུ་ལོ་རྒན་དྲུག་ཅུ་སྐོར་གཅིག་འཁོར་བའི་མཚམས་ཀྱི་ཆུ་མོ་ལུག་ལོའི༼མཚོ་སྔོན་པོའི་གནས་འདུས་ཆེན་མོ༽ འི་སྐབས་སུ། ཕྱོགས་བཞི་མཚམས་བརྒྱད་ཀྱི་དད་ལྡན་མང་ཚོགས་རྣམས་མཚོ་སྔོན་པོའི་ཁར་འོངས་ཏེ། ལྷ་བསང་བཏང་ནས་མཚོ་སྔོན་ཁྲི་ཤོར་རྒྱལ་མོར་གསོལ་མཆོད་བྱ་བ་དང་མཚོ་གཏེར་དབུལ་བ། ཀླུ་གཏོར་བསྔོ་བ། མཚོ་ཁའི་གནས་སྒོ་རྣམས་ལ་མཇལ་ཕྱག་ཞུ་བ་ལ་སོགས་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་མཚོ་སྔོན་པོར་བསྐོར་བ་བྱེད་པའི་སྲོལ་རྒྱུན་བཟང་བོ་དེ་ད་ལྟའི་བར་དུ༼རྨ་ཆེན་གངས་སྐོར༽དང༼སྤྲེལ་རྫོང་སྤྲེའུ་སྐོར༽༼ཙ་རིའི་རོང་སྐོར༽བཞིན་མ་ཉམས་པར་ཡོད་དོ།།

མཚོ་སྔོན་པོའི་སྐོར་ལམ་གྱི་གནས་ཁམས་ཆེན་ལ། མཚོ་མགོའི(མཚོ་ཉིན་དུ་གཏོགས།)ཕྱོགས་ན། གནས་མཆོག་བྱེ་མ་ལ་བདུན་དང་ཆུ་མིག་བརྒྱ་རྩའི་གནས་སྒོ། པཎ་ཆེན་ཁྲི་ཁང་། གེ་སར་སྒྲུབ་ཕུག  གཡོན་རུ་དགོན་པ། རིན་པོ་ཆེའི་ལབ་ཙེ། ཞྭ་དམར་གཟིམ་ཆུང་། མཚོ་མགོའི་གློ་བ་རི་བཅས་ཡོད། མཚོ་སྲིབ་ཀྱི་ཕྱོགས་ན། རྒྱ་ཡེ་དགོན་པ་དང་རྒྱ་ཡེ་བྱམས་ཆེན་མཚོ་གཟིགས་མ། མཚོ་རྔའི(མཚོ་སྲིབ་ཏུ་གཏོགས།)ཕྱོགས་ན།  ལྷ་མོ་དྲེལ་དགོན་པ་དང་མགོན་པོ་གདོང་། དཀར་ལ་དགོན་པ། ས་ཐོ་དགོན་པ། སྒྲོལ་ལུང་སྒྲོལ་མ་རང་བྱོན། རྡོ་བརྐོས་བཀའ་འགྱུར་བཅས་ཡོད། མཚོ་ཉིན་གྱི་ཕྱོགས་ན། རྟ་ཕྱུག་ལབ་ཙེ་དང་ཏཱ་ལའི་ཆུ་མགོ། ཁྲོམ་མགོ་ལབ་ཙེ། ལ་མོ་སྒར་ཐོག  བྱེ་མ་རྔ་རྡུང་བཅས་ཡོད།


9_3 ཚལ་རྔ་འགག

918604718E4061D9A8E9F15953E519E4.jpg

ཚལ་རྔ་འགག(龙羊峡)ནི་གསེར་ཆེན་རྫོང་སྲིད་གཞུང་གི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད་ཅིང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°04'ནས36°19'ཡི་མཚམས་དང་ཤར་གྱི་གཞུང་ཐིག100°10'ནས101°02'ཀྱི་མཚམས་ན་ཡོད། དེ་ཡང་ཚལ་རྔ་འགག་ཅེས་པའི་མིང་གི་ཐོགས་ཚུལ་ལ། གསེར་ཆེན་རྫོང་གི་ཚལ་རྔ་འགག་གྲོང་རྡལ་གྱི་མངའ་འོག་བར་དབོན་ལུང་མཚེ་དང་སྔར་གྱི་སྒོ་མེ་འཁྱིལ་ཁུག་ས་ཆའི་རྒན་རབས་པའི་ངག་སྒྲོས་སུ་འདི་ལྟར་གྲགས།  ཚལ་རྔ་འགག་ཆུ་མཛོད་མ་བསྐྱིལ་བའི་གོང་རོལ་དུ། ད་ལྟའི་ཚལ་རྔ་འགག་གི་སྟོད་ཕྱོགས་ཏེ། གསེར་ཆེན་རྫོང་གི་ཁོངས་སུ་གཏོགས་པའི་སྔར་གྱི་འཁྱིལ་ཁུག་ཡུལ་ཚོའི་ཀྱལ་རྟ་སྡེ་བའི(སྡེ་བ་འདི་ཆགས་ཤུལ་ནི་སྤྱི་ལོ1984ལོར་ཚལ་རྔ་འགག་ཆུ་མཛོད་བསྐྱིལ་རྗེས་རྨ་ཆུར་ནུབ་ཟིན།)ཕྱོགས་ཀྱི་རྨ་ཆུའི་ཆུ་གཞུང་ལས་གྱེས་པའི་གཙང་ལག་སོ་སོའི་བར་གྱི་སྐམ་སའི་སྟེང་དུ་ཀྱལ་རྟ་དང་ལྕང་མ། གླ་ཁིས། ཚེར་ནག་ལ་སོགས་པའི་ནགས་ཚལ་སྟུག་པོ་ཞིག་དེའི་སྨད་ཕྱོགས་ཀྱི་རྨ་ཆུའི་འགག་ཁ་བར་དུ་འཐིབས་ཡོད་པར་བཤད་དེ། ད་ལྟའི་ཚལ་རྔ་འགག་གི་ཡར་སྣེའམ་ནུབ་ཕྱོགས་སུ་འཁོར་བའི་རྨ་ཆུའི་འགག་ཁ་དེ་ནི། ཏན་ཏན་རྨ་ཆུའི་ཚལ་བར་གྱི་ནགས་ཚལ་སྟུག་པོ་དེའི་མར་སྣེའམ་རྔ་མ་ན་ཡོད་པའི་རྒྱུ་མཚན་གྱིས།  ཚལ་རྔ་འགག་ཅེས་པའི་མིང་ཡང་དེ་སྐད་དུ་ཐོགས་པར་བཤད། རྒྱ་ཡིག་གི《གསེར་ཆེན་རྫོང་གི་ལོ་རྒྱུས》ཞེས་པ་ལས་ཀྱང་།  སྤྱི་ལོ1964ལོའི་ཟླ10བར། འཁྱིལ་ཁུག་ཚལ་རྔའི་གློག་བརྟེན་ཆུ་འདྲེན་ས་ཚིགས་བསྐྲུན་ནས་ཡོངས་སུ་གྲུབ། ཅེས་དང་། ཚལ་རྔ་འགག་ཆུ་མཛོད་ཀྱི་ཆུས་བསྣུབས་ཡུལ་དུ་གཏོགས་པའི་འཁྱིལ་ཁུག་ཀུང་ཧྲེའི་ཀྱལ་རྟ་རུ་ཆེན་དང་མཁར་སྔུན་རུ་ཆེན། ཚལ་རྔ་རུ་ཆེན་ཞེས་གསལ་ལོ།།

དེས་ན་ཚལ་རྔ་འགག་ལ་སྲིད་གཞུང་གིས་ལུང་གཡང་འགག་འདོགས་དོན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ནི་འདི་ལྟ་སྟེ། ཚལ་རྔ་འགག་གི་མན་ཆད་ཀྱི་ཧ་ལམ་སྤྱི་ལེ་བཅུ་ལྷག་གི་མཚམས་ན་ལ་ཟེ་བ་ཟེར་བའི་རི་ཞིག་ཡོད་ཅིང་། དེའི་མན་ཆད་ཀྱི་ཧ་ལམ་སྤྱི་ལེ་ལྔ་དྲུག་གི་མཚམས་ན་འགག་ཅིག་ཡོད་པ་ལ༼ལུང་ཡངས་འགག༽ཟེར། འགག་དེའི་གཡོན་ཕྱོགས་ཀྱི་རྨ་ཆུའི་བྱང་འགྲམ་ན་ལ་ཟེ་བ་གྲོང་རྡལ་གྱི་མངའ་འོག་གི་མཛོ་སྣ་སྡེ་བ་ཡོད་ལ། མཛོ་སྣ་སྡེ་བའི་ཕར་ཕྱོགས་ཀྱི་རྨ་ཆུའི་ལྷོ་ངོས་སུ་ཁ་བྱང་ཕྱོགས་སུ་འཁོར་བའི་ལུང་བ་ཆེན་པོ་ཞིག་ཡོད་དེ། ལུང་བ་དེའི་མདོ་ཁ་ཧ་ཅང་ཡངས་པས་དེ་ལ༼ལུང་བ་ཁ་ཡངས༽ཟེར་བ་དང་། བསྡུས་མིང་ལ༼ལུང་ཡངས༽ཟེར། ལུང་བ་ཁ་ཡངས་སམ་ལུང་ཡངས་ཀྱི་མན་ཆད་ནས་ལ་ཟེ་བའི་བར་གྱི་རྨ་འགག་གི་མུ་རྒྱུད་དེ་ལ༼ལུང་ཡངས་འགག༽ཟེར། ཕྱིས་སུ་ལུང་ཡངས་འགག་འགྲམ་གཉིས་ཀྱི་བྲག་གཡང་ཧ་ཅང་གཟར་བར་བལྟས་ནས་ལུང་བ་ཁ་ཡངས་ཞེས་པའི་ཡངས་དེ་ཧ་ཅང་གཟར་བའི་བྲག་གཡང་གི་དོན་དུ་བསྒྱུར་ནས༼ལུང་གཡང༽ཞེས་པའི་མིང་གསར་བ་ཞིག་བཏགས། ད་ལྟའི་ཚལ་རྔ་འགག་ཡོད་ས་དེ་ཆུ་གློག་ས་ཚིགས་འཛུགས་སྐྲུན་བྱེད་སར་གཏན་ཁེལ་བྱས་རྗེས། ས་གཤིས་རུ་ཁག་བཅུ་བས༼སྨད་ཀྱི་ལུང་གཡང༽ཞེས་པའི་ས་མིང་དེས་སྟོད་ཀྱི༼ཚལ་རྔ༽ཞེས་པ་དེའི་ཚབ་བྱས་ཏེ་ཀྲུང་དབྱང་ལ་ཞུས་ཤིང་གོང་རིམ་གྱི་ཆོག་མཆན་བརྒྱུད་ནས༼ལུང་གཡང་འགག༽ཅེས་པའི་མིང་དེ་བཏགས་པར་བཤད།

10 ཆོས་སྡེ་གྲགས་ཅན།
10_1 ཁྲི་ཀ་རྫོང་གི་ཆོས་སྡེ་གྲགས་ཅན།

མི་ཉག་དགོན་བཀྲ་ཤིས་ཆོས་འཕེལ་གླིང་དང་ཇོ་ཇོ་ལྷ་ཁང་།  མི་ཉག་མཆོད་རྟེན། ལྷ་དཀར་པོའི་ལྷ་ཁང་། ཡུལ་ལྷའི་ལྷ་ཁང་། གདོང་སྣའི་ཐུགས་རྗེ་ཆེན་པོ། མེར་རྒན་དགོན་བཀྲ་ཤིས་འཕེལ་རྒྱས་གླིང་། རྭ་ཟ་དགོན་བསམ་གཏན་ཆོས་གླིང་། རོང་ཞིས་དགོན་ཨ་དར་ཆོས་འཕེལ་གླིང་། དམེ་ཀྱཱའི་སྔགས་ཁང་ཨོ་རྒྱན་སྨིན་གྲོལ་གླིང་། རྐང་ཚ་ཞོལ་མའི་དགོན་དགའ་ལྡན་བཀྲ་ཤིས་གླིང་། རྐང་ཚ་གོང་མའི་དགོན་དར་རྒྱས་ཆོས་འཕེལ་གླིང་། བ་ཀྱཱ་གྲྭ་ཚང་ཕུན་ཚོགས་དར་རྒྱས་གླིང་། ཧོར་ཀྱཱའི་གྲྭ་ཚང་བསམ་གཏན་དགའ་ལྡན་གླིང་། ཧོར་ཀྱཱའི་སྔགས་ཁང་། རྡོར་དགོན་ཐོས་བསམ་འཕེལ་རྒྱས་གླིང་། མཛོ་སྣའི་སྔགས་ཁང་། དགའ་ལྡན་ཐོས་བསམ་དར་རྒྱས་གླིང་། སྟོང་ཆེ་ཁྱུང་མོ་དགོན་གཡུང་དྲུང་ཕུན་ཚོགས་གླིང་སོགས་ཡོད།

10_2 གསེར་ཆེན་རྫོང་གི་ཆོས་སྡེ་གྲགས་ཅན། 

བདེ་སྐྱིད་ཐང་གི་པཎ་ཆེན་རྗེས་དྲན་མཆོད་རྟེན་དང་ཆབ་ཆའི་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་། འཁྱམས་རུ་དགོན་བཀྲ་ཤིས་དགེ་འཕེལ་གླིང་། ཏིང་ཀྱཱ་དགོན་གསང་སྔགས་ཆོས་འཁོར་གླིང་། གཡོན་རུའི་དགོན་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང་། ཐར་ཤུལ་དགོན་བཤད་སྒྲུབ་རབ་བརྟན་གླིང་། ཧོ་སོ་ཟི་སོག་པོ་དགོན་བཀྲ་ཤིས་ཆོས་གླིང་། ལྷ་མོ་དྲེལ་དགོན་ཚུལ་ཁྲིམས་དར་རྒྱས་གླིང་། བ་ཝོ་གསང་སྔགས་ཆོས་འཁོར་བཀྲ་ཤིས་གླིང་། ཆོས་ཚ་དགོན་བཀྲ་ཤིས་ཆོས་རྫོང་གླིང་། སྐ་གསར་བོན་དགོན། ཐེ་གེ་དགོན་གསང་སྔགས་དར་རྒྱས་གླིང་སོགས་ཡོད།

10_3 མང་རྫོང་གི་ཆོས་སྡེ་གྲགས་ཅན།

རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་དང་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་། ཨ་ཐིས་དགོན་བསམ་གཏན་གླིང་། རུ་སྔུན་གྲྭ་ཚང་ཕུན་ཚོགས་ཆོས་གླིང་། ཚ་རྔ་དགོན་དགའ་ལྡན་དར་རྒྱས་གླིང་། བན་ཤུལ་དགོན་བཤད་སྒྲུབ་རིན་ཆེན་གླིང་། ཐོ་ལེ་དགོན་རྣམ་རྒྱལ་ཕུན་ཚོགས་ཆོས་རྫོང་གླིང་། ཀོ་རུ་མདོ་མཚམས་ཁང་དགའ་ལྡན་དབེན་གནས་ཆོས་འཛིན་གླིང་། སྨར་ཁམས་དགོན་ཚོགས་གཉིས་འཕེལ་རྒྱས་གླིང་། ཐུལ་རོལ་སྔགས་ཁང་གསང་སྔགས་བདེ་ཆེན་གླིང་། བོན་བརྒྱ་ཁྱུང་སྨན་དགོན་མདོ་སྔགས་བཤད་སྒྲུབ་སྨིན་གྲོལ་ལྷུན་གྲུབ་གླིང་སོགས་ཡོད།

10_4 བྲག་དཀར་རྫོང་གི་ཆོས་སྡེ་གྲགས་ཅན།

བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་དང་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་། ངྷི་ཚ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་། ས་སྣ་དགོན་དགའ་ལྡན་བསྟན་འཕེལ་གླིང་། བཀྲ་ཤིས་ཆོས་སྒང་དགོན། ཐར་སྟོང་བྲག་དཀར་བཤད་སྒྲུབ་ནོར་བུའི་གླིང་། གཡུ་ལུང་བྲག་དཀར་ཨོ་རྒྱན་བསམ་གཏན་ཆོས་གླིང་། པདྨ་མདོ་སྔགས་གླིང་། དུས་འཁོར་བཀྲ་ཤིས་ཆོས་གླིང་། རྟོགས་ལྡན་དགོན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་། དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་། རྒྱལ་བོ་ཁྲི་སྟེང་པད་དཀར་ཆོས་གླིང་། དབེན་གནས་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་སོགས་ཡོད།

10_5 འབའ་རྫོང་གི་ཆོས་སྡེ་གྲགས་ཅན།

གཙང་དགོན་དོན་གྲུབ་རབ་བརྟན་གླིང་དང་གསེར་ལག་དགོན་དགའ་ལྡན་ཕུན་ཚོགས་བསྟན་རྒྱས་གླིང་། སེང་ཁྲི་དགོན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ཆོས་འཁོར་གླིང་། དེའུ་རྒན་ཨོ་རྒྱན་གསང་ཆེན་ཆོས་འཁོར་གླིང་། བདེ་ཆེན་དགོན་བཤད་སྒྲུབ་དར་རྒྱས་ཕུན་ཚོགས་གླིང་། ཐང་གཞིས་དགོན་བཀྲ་ཤིས་ཆོས་གླིང་། ཁོ་ནག་མཚམས་ཁང་ཨོ་རྒྱན་ངེས་དོན་གླིང་། ཁྱུང་དམར་མཚམས་ཁང་ངམ་བྲག་དམར་ཆོས་རྫོང་། ལྷ་ལྕམ་དགོན་རིག་འཛིན་འཇིགས་མེད་སྐལ་བཟང་གླིང་། མགར་རྩེ་མཆོད་རྟེན་དཀར་རིལ། གཏེར་སྟོན་ཨོ་རྒྱན་འགྲོ་འདུལ་ངེས་དོན་གླིང་། ཤ་བྲང་དགོན་དགེ་ལྡན་བཤད་སྒྲུབ་གླིང་། གསེར་ཁང་དགོན་དམ་ཆོས་བྱིན་རླབས་དགའ་འཁྱིལ་གླིང་། དཀར་མོ་གསང་ཆེན་སྒྲུབ་ཕུག་བཀྲ་ཤིས་ཆོས་འཁོར་གླིང་། མཁན་ལྷས་མཚམས་ཁང་སོགས་སོ།།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:14  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-30

གསར་སྤེལ་མཁན། :

རིགས་འགྲེ་བརྡ་འགྲེལ།